ཧུའེ་རིགས་ཁ་ཆེ་བ་བརྒྱ་ལྷག་གིས་ཕུང་པོ་ཞིག་འཁྱེར་ཏེ་རྫོང་སྲིད་གཞུང་གི་སྒོ་འགྲམ་དུ་ངོ་རྒོལ་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར། ཀན་སུའུ་ཞིང་ཆེན་ཀ་ཅི་ཧུའེ་རིགས་རང་སྐྱོང་ཁུལ་ཀང་ཧི་རྫོང་ཁྲིན་ཀན་གྲོང་རྡལ་གྱི་ཧུའེ་རིགས་ཁ་ཆེ་བ་ཞིག་གིས། ཁ་ཆེ་བ་གཉིས་ལ་གྲིས་བརྒྱབ་སྟེ་གཅིག་ལ་རྨས་སྐྱོན་དང་གཅིག་དམར་གསོད་བཏང་ཡོད་པ་དང་། དོན་རྐྱེན་མ་བྱུང་གོང་ཉེན་རྟོག་ཁང་ལ་ཡར་ཞུ་བྱས་ཡོད་ཀྱང་། དོན་རྐྱེན་བྱུང་མེད་པས་སེམས་འཚབ་བྱེད་དགོས་དོན་མེད་སྐོར་བརྗོད་དེ་དུས་ཐོག་ཏུ་མི་སྣ་མངག་གཏོང་བྱས་མེད་སྟབས། འདས་པོའི་ཁྱིམ་མི་སོགས་ཧུའེ་རིགས་ཁ་ཆེ་བ་བརྒྱ་ལྷག་གིས། རྫོང་སྲིད་གཞུང་གི་སྒོ་འགྲམ་དུ་དམར་གསོད་བཏང་བའི་སྐྱེས་པ་དེའི་ཕུང་པོ་བཞག་སྟེ། དོན་རྐྱེན་གྱི་མཇུག་འབྲས་འགན་ལེན་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག
དོན་རྐྱེན་བྱུང་བ་དངོས་སུ་མཐོང་མཁན་དང་འབྲེལ་ཡོད་ཁྱིམ་མི་ཚོས། ལག་དམར་བ་བྲོས་ཕྱིན་ནས་སྐར་མ་ ༡༠ ཙམ་འགོར་རྗེས་ཀྱང་། གྲི་ཡིས་བརྒྱབ་པའི་མི་གཉིས་གསོན་པོ་ཡིན་ནའང་ཕྱིས་སུ་གཅིག་འདས་གྲོངས་སུ་ཕྱིན་པ་དང་། གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པས་སྨན་ཁང་དུ་བསྐྱལ་ཡོད་སྐོར་དང་། དམར་གསོད་དོན་རྐྱེན་མ་བྱུང་གོང་། རྫོང་ཉེན་རྟོག་ཁང་ལ་ཁ་པར་བཏང་སྟེ་གནས་ཚུལ་ཡར་ཞུ་བྱས་ཡོད་ཀྱང་། ཉེན་རྟོག་ཁང་གིས་མི་བདེ་པོ་ཡིན་པས་སེམས་འཚབ་བྱེད་དགོས་དོན་མེད་ལུགས་བརྗོད་ཡོད་པ་མ་ཟད། ཕྱིས་སུ་ཁ་པར་བཏང་ཡང་ཉན་རོགས་བྱས་མེད་སྟབས། དམར་གསོད་དོན་རྐྱེན་བྱུང་ཡོད་པ་མ་ཟད། ལག་དམར་བ་འཛིན་བཟུང་བྱེད་ཐུབ་མེད། ཉེན་རྟོག་ཁང་གིས་སོ་སོའི་ལས་འགན་ལ་གཡོལ་ཐབས་དང་ཕྱིར་འགྱངས་བྱས་ཡོད་སྟབས། རྫོང་སྲིད་གཞུང་གིས་དོན་རྐྱེན་གྱི་འགན་ཆ་ཚང་འཁུར་དགོས་སྐོར་བརྗོད་འདུག
གསར་འགོད་པས་རྫོང་ཉེན་རྟོག་ཁང་ལ་ཁ་པར་བཏང་སྟེ། མི་མང་གིས་ཕུང་པོ་འཁུར་ནས་ངོ་རྒོལ་བྱེད་དོན་ཅི་ཡིན་དྲིས་པར། རྒྱུ་མཚན་ག་རེ་ཡིན་ཤེས་ཀྱི་མེད་སྐོར་བརྗོད་ཡོད་ཀྱང་། དོན་རྐྱེན་བྱུང་རྗེས་ཉེན་རྟོག་ཕྱོགས་ནས་ལག་དམར་བ་ལི་ཞོ་ཧྭ་ཟེར་བ་དེ་གང་དུ་ཡོད་སོགས་ཡར་ཞུ་བྱས་ན། རྒྱ་སྒོར་ཁྲི་ ༢ ཀྱི་བྱ་དགའ་སྤྲོད་རྒྱུ་ཡིན་པ་མ་ཟད། ཁོ་བོ་ཐད་ཀར་འཛིན་བཟུང་བྱེད་དགོས་ལུགས་བསྒྲགས་ཡོད་པ་དང་། དེ་བཞིན་ཀང་ཧི་རྫོང་ཨུ་ཡོན་ལྷན་ཁང་གིས་གནོད་འཚེ་ཕོག་མཁན་གྱི་ཁྱིམ་མིར་གུན་གསབ་ཏུ་རྒྱ་སྒོར་ ༥༠༠༠ སྤྲད་ཡོད་འདུག
བརྒྱུད་ལམ་དུ་སྤེལ་བའི་གནས་ཚུལ་ལྟར་ན། ཧུའེ་རིགས་སམ་ཁ་ཆེའི་མི་རིགས་དེ་རྒྱ་ནག་གི་ཞིང་ཆེན་ཁག་མང་ཆེ་བའི་ནང་གནས་སྡོད་བྱས་ཡོད་པའི་ཆེས་ཁ་འཐོར་དུ་གྱུར་བའི་གྲངས་ཉུང་མི་རིགས་ཤིག་ཡིན་ལ། ཕྱི་ལོ་ ༢༠༡༠ ལོའི་མི་འབོར་ཞིབ་བཤེར་སྐབས། རྒྱ་ནག་སྐམ་སའི་ནང་ཁྱོན་ཧུའེ་རིགས་ཁ་ཆེ་བ་ས་ཡ་ ༡༠ (༡༠,༥༨༦.༠༨༧)ལྷག་ཡོད་པ་དང་། གྲངས་ཉུང་མི་རིགས་ ༥༥ ཡོད་ལུགས་བརྗོད་ཀྱི་ཡོད་པའི་ཁྲོད་ནས་མི་འབོར་མང་ཤོས་གསུམ་པ་དེ་ཡིན་འདུག གྲངས་ཉུང་མི་རིགས་ཀྱི་མི་འབོར་མང་ཤོས་དང་པོ་ཀྲང་རིགས་ལ་མི་གྲངས་ས་ཡ་ ༡༥ ལྷག་དང་། གཉིས་པ་མན་ཇི་ལ་ས་ཡ་ ༡༠ ལྷག་ (༡༠,༦༨༠,༠༠༠) ཡོད་འདུག
གསར་འགོད་པ། པདྨ་མཚོ།