རྒྱ་གཞུང་གི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་སྟེ་ལོ་འཁོར་ ༧༠ ལོན་པའི་རྗེས་དྲན་དུས་སྟོན་དེ་ཞི་བདེའམ་ཡང་ན་ཞེ་འཁོན་སློང་གཞི་ཞིག་ཏུ་འགྱུར་མིན་ཐད་སེམས་ཚབ་བྱེད་ཀྱི་ཡོད་འདུག
འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་སྟེ་ལོ་འཁོར་ ༧༠ ལོན་པའི་རྗེས་དྲན་གྱི་ཉིན་མོ་སྟེ་ཕྱི་ཟླ་ ༩ ཚེས་ ༣ ཉིན། རྒྱ་ནག་གཞུང་གིས་པེ་ཅིན་གྲོང་ཁྱེར་ནང་དྲག་པོའི་དམག་དཔུང་ཧྲགས་སྒྲིག་གིས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དུས་སྟོན་འཚོགས་འཆར་ཡོད་པ་དེ། འབྱུང་འགྱུར་འཛམ་གླིང་རྒྱལ་ཁབ་ཕན་ཚུན་འགྲིག་མཐུན་ཡོང་བའི་གོ་བརྡ་ཞིག་གམ། འཛམ་གླིང་སྟེང་སྔར་ལས་ཞི་བདེ་བསུ་བའི་སྔོན་འགྲོའི་བྱེད་སྒོ་ཞིག ཡང་ན་འཛམ་གླིང་རྒྱལ་ཁབ་ཕན་ཚུན་བར་ཞེ་འཁོན་དང་ཟིང་འཁྲུག་སློང་བའི་ཁ་ཕྱོགས་གཞན་ཞིག་ཡིན་མིན་ཐད་ལ། ཡུ་རོབ་མཐུན་ཚོགས་ཀྱི་དཔོན་རིགས་ཚོའི་གཙོས་ཡུ་རོབ་གླིང་གི་མི་མང་ཚང་མར་སེམས་ཚབ་ཆེན་པོ་ཞིག་བསླངས་ཡོད་འདུག
རྗེས་དྲན་དུས་སྟོན་དེ་ཕྱི་ལོ་ ༢༠༡༢ ལོར་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་དམག་དབང་དང་སྲིད་དབང་གཉིས་བཟུང་བའི་རྗེས་ཀྱི་དྲག་ཆས་དམག་དཔུང་ཧྲགས་སྒྲིག་གིས་ཚོགས་པ་ཐོག་མ་དེ་ཆགས་ཡོད་པ་མ་ཟད། དེ་ཡང་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གུང་ཁྲན་ཏང་ཉི་ཧོང་བཙན་རྒྱལ་ཆེན་མོའི་གཡུལ་འཁྲུག་ལས་རྒྱལ་ཏེ། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་བཙུགས་པའི་རྒྱལ་སྟོན་དུས་ཆེན་ཚོགས་ཡོད་པ་དང་། དུས་ཆེན་འདིའི་སྔ་ཕྱིར། རྒྱ་ནག་གཞུང་གིས་ལས་གནས་ཁག་དང་སློབ་གྲྭ་ཁག་ཡོངས་གུང་སེང་བཏང་སྟེ། པེ་ཅིན་གྲོང་ཁྱེར་གྱི་མཁའ་ལམ་དང་འགྲུལ་ལམ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན། དེ་བཞིན་དོགས་ཡོད་ས་གནས་དང་ས་ཚིགས་ཁག་ཡོངས་སུ་བཀག་སྡོམ་དང་བདེ་སྲུང་དམག་དཔུང་འགྲེམ་འཇོག་བྱེད་འཆར་ཡོད་པ་ཕྱིར་བསྒྲགས་བྱས་འདུག
རུའོ་ཊར་གསལ་ལམ་དུ་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་ནང་རྟེན་གཞི་བྱས་པའི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་ཧན་སི་ཌེ་ཊི་མར་སི་ཆ་ཝེ་སི་གྷུ་ཊིས་(Hans Dietmar Schweisgut)། ངས་གནས་ཚུལ་གཞན་བརྗོད་ཐུབ་མ་སོང་། ཡིན་ན་ཡང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་མཐོ་རིམ་དཔོན་རིགས་ཚོ་ཕལ་ཆེར་རྒྱ་ནག་གི་དམག་དཔུང་ཧྲགས་སྒྲིག་དུས་སྟོན་ཐོག་མཉམ་ཞུགས་བྱ་རྒྱུ་མ་རེད། ང་ཚོ་ཐུན་མོང་གི་སེམས་ཁུར་ཞིག་ནི། གལ་ཏེ་རྒྱ་ནག་གི་དམག་དཔུང་ཧྲགས་སྒྲིག་གིས་རྗེས་དྲན་དུས་སྟོན་དངོས་སུ་འཚོགས་པ་ཡིན་ན། བྱེད་སྒོ་འདི་འབྱུང་འགྱུར་འཛམ་གླིང་རྒྱལ་ཁབ་ཁག་ཕན་ཚུན་འགྲིག་མཐུན་ཡོང་བའི་གོ་བརྡ་ཞིག་གམ། འཛམ་གླིང་སྟེང་སྔར་ལས་ཞི་བདེ་བསུ་བའི་སྔོན་འགྲོའི་བྱེད་སྒོ་ཞིག ཡང་ན་རྒྱལ་ཁབ་ཕན་ཚུན་བར་ཟིང་འཁྲུག་དང་ཞེ་འཁོན་སློག་པའི་ཁ་ཕྱོགས་གཞན་ཞིག་ཡིན་ནམ། ངས་བལྟས་ན། ད་རེབ་རྒྱ་ནག་གིས་གཞི་རྒྱ་ཆེ་བའི་དམག་དཔུང་ཧྲགས་སྒྲིག་གིས་རྗེས་དྲན་དུས་སྟོན་འཚོགས་པ་འདིས་ཡུ་རོབ་གླིང་གི་མི་མང་ཚང་མར་སེམས་ཚབ་ཆེན་པོ་ཞིག་བསླངས་ཡོད་སྲིད་པ་རེད། ཅེས་བརྗོད་འདུག