ལྡི་ལི་བོད་ཁང་སཾ་བྷོ་ཊ་ཞིབ་འཇུག་སྡེ་ཚན་གྱི་ལས་འཆར་འོག ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་གླིང་གེ་སར་ཞེས་པ་དེ་དངོས་བྱུང་ལོ་རྒྱུས་མི་སྣ་ཞིག་ཡིན་མིན་ཐད་ཞིབ་འཇུག་གནང་མཁན་རྨེ་སྲིབ་ནོར་བུ་ལགས་སུ། འདི་གའི་གསར་འགོད་པ་པདྨ་རྒྱལ་གྱིས་གླིང་སྒྲུང་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་གི་ཐོག་བཅར་འདྲི་བྱས་ཡོད།
དྲི་བ། ཁྱེད་ཀྱིས་གླིང་སྒྲུང་ནི་རྟོག་འཆར་རྩོམ་རིག་ཅིག་ལ་ངོས་འཛིན་གྱི་ཡོད་དམ།
ལན། ངས་སྔོན་ཆད་གླིང་སྒྲུང་ནི་རྟོག་འཆར་སྒྲུང་རྩོམ་ཞིག་ཡིན་པར་འདོད་ཀྱི་ཡོད། སྐབས་དེའི་བསམ་བློའི་རྒྱབ་ལྗོངས་ནི་དགེ་ཆོས་ཀྱིས“གེ་སར་རྒྱལ་པོ་གུད་དུ་མི་བཞུགས་མོད”ཅེས་པའི་ཚིགས་བཅད་འདི་ཡིན། ཕྱིས་སུ་ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་ནས་སྔོན་ཆད་ཀྱི་བསམ་ཚུལ་ལ་ལྡོག་ཕྱོགས་ཀྱི་འབྲས་བུ་ཐོན་བྱུང་། དེ་ནི་ལོ་རྒྱུས་རིག་གནས་ཀྱི་ཁྱབ་ཁོངས་སུ་འདུ་བའི་གེ་སར་གྱི་དངོས་ཤུལ་དང་། གེ་སར་དང་འབྲེལ་བའི་ཆོས་འབྱུང་རྣམ་ཐར། རྒྱལ་རབས་ལོ་རྒྱུས་དག་ལ་ལོ་རྒྱུས་ཞིབ་འཇུག་གི་བདེན་དཔང་ཁུངས་འཁྱོལ་ཡོད་པས་རེད།
དྲི་བ། གླིང་སྒྲུང་ལ་སྒྲུང་ཞེས་བཤད་སྲོལ་ཡོད་པ་ལས་ལོ་རྒྱུས་ཞེས་བཤད་སྲོལ་མེད་ཀི། སྒྲུང་ཟེར་དུས་དངོས་བྱུང་ལོ་རྒྱུས་མིན་སྟབས། གླིང་སྒྲུང་ཡང་དངོས་མེད་རྟོགས་སྒྲུང་ཞིག་ཡིན་ནམ།
ལན། དྲི་གཞི་དེ་ལ་ངས་ཕྱོགས་གཉིས་ནས་ལན་འདེབས། གཅིག བོད་བཙན་པོའི་གདོང་རབས་ལོ་རྒྱུས་ནང་འཁོད་པའི“བོད་ཀྱི་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས”ཞེས་པའི་སྒྲུང་དེ་དངོས་མེད་རྟོག་འཆར་ཁོ་ན་ཞིག་མ་རེད། མ་སེང་དང་གཉའ་ཁྲི་ནས་སྲོང་བཙན་བར་གྱི་བཙན་པོའི་གདོང་རབས་ལོ་རྒྱུས་དེ་སྒྲུང་བཤད་ཡིན་པ་ལས་ལོ་རྒྱུས་དེབ་ཐེར་མ་རེད། གཉིས། གླིང་རྗེ་གེ་སར་གྱི་དངོས་ཡོད་ལོ་རྒྱུས་དེ་བཤད་ཐབས་ཀྱི་ཆ་ནས་སྒྲུང་གི་བཤད་ཐབས་སྤྱད་པ་ཞིག་རེད། བཤད་ཐབས་འདིའི་ནང་དུ་གླིང་གི་ལྷ་ཚོགས་ཀྱི་སྒྲུང་དང་། དམངས་ཁྲོད་ཀྱི་འཚོ་བའི་གཏམ་རྒྱུད། མཁས་པའི་རྟོགས་བཏགས་སོགས་ཀྱིས་བསྲེས་སླད་མི་ཉུང་བ་ཞིག་ཐེབས་ཡོད། མདོར་བསྡུས་ནས་བཤད་ན། གླིང་སྒྲུང་ལོ་རྒྱུས་དེབ་ཐེར་དང་ངག་རྒྱུན་ལོ་རྒྱུས་གཉིས་ལས་ངག་རྒྱུན་ལོ་རྒྱུས་ཀྱི་ཁོངས་སུ་འདུ་བ་རེད།
དྲི་བ། གླིང་སྒྲུང་རྣམས་ལྷ་ཕབས་ནས་བཤད་ཀི་ཡོད་སྟབས། བཤད་དོན་དེ་དངོས་ཡོད་ཡིན་པའི་བདེན་དཔང་ཁྱེད་ལ་ཅི་ཞིག་ཡོད་དམ།
ལན། སྤྱིར་གླིང་སྒྲུང་ལ་བབ་སྒྲུང་དང་པྲ་ཕབས་ཀྱི་སྒྲུང་། གཏེར་སྒྲུང་དང་བཤད་སྒྲུང་བཅས་རིགས་བཞི་ཕྱེ་གི་ཡོད། གཏེར་སྒྲུང་དང་བཤད་སྒྲུང་གཉིས་ངག་རྒྱུན་ལོ་རྒྱུས་ཀྱི་ཁོངས་སུ་འདུ། བབ་སྒྲུང་དང་པྲ་ཕབས་ཀྱི་སྒྲུང་གི་སྐོར་ལ་ངས་སྐད་ཆ་སྟབས་བདེ་ཞིག་གིས་བཤད་ན། སྤྱིར་བབ་སྒྲུང་ཟེར་དུས། ལྷ་ཞིག་མི་ཁོག་བརྒྱུད་ནས་མི་རྣམས་ལ་བཤད་པའི་སྐད་ཆ་ཞིག་ལ་གོ་དགོས། ང་ཚོའི་སྤྱི་ཚོགས་སྟེང་དུ་གནས་ཆུང་རྒྱལ་པོ་སྐུ་ལྔ་སོགས་ལྷ་ཕབས་ནས་ང་ཚོར་སྐད་ཆ་བཤད་ཀྱི་ཡོད་པ་དང་། ང་ཚོས་སྐད་ཆ་དེ་དོན་དངོས་སུ་བརྩི་བ་མ་ཟད། བཤད་དོན་ཐམས་ཅད་སྒྲུབ་གི་ཡོད། གནས་ཚུལ་འདིའི་ཐོག་ནས་བསམ་ན། གླིང་གི་ལྷ་ཚོགས་ཀྱང་བབ་ནས་བཤད་པའི་སྒྲུང་ཡང་གླིང་གི་དོན་དངོས་ལོ་རྒྱུས་ཤིག་ཏུ་བརྩི་དགོས་པར་སྙམ། སྤྱིར་བཏང་དོན་གནད་འདིའི་རིགས་ནང་ཆོས་དང་ཚན་རིག་བར་གྱི་འགལ་འབྲེལ་ཞིག་ཡིན་པས། ལོ་རྒྱུས་ཞིབ་འཇུག་གཅིག་པུས་ཐག་གཅོད་ཐུབ་པ་ཞིག་མ་རེད།
དྲི་བ། འཛམ་གླིང་གེ་སར་རྒྱལ་པོ་ཞེས་པའི་མིང་ཚིག་ལྟར་ན། གླིང་རྗེ་གེ་སར་གྱིས་འཛམ་གླིང་ཡོངས་ལ་མངའ་དབང་བསྒྱུར་བ་ཡིན་ནམ། ཡང་ན་དེ་བོད་མི་མང་གི་རེ་སྨོན་ཙམ་ཞིག་རེད།
ལན། དེ་རེ་སྨོན་ཞིག་མིན་ལ་མངའ་ཐང་གི་ཆ་ནས་བཤད་པ་ཞིག་ཀྱང་མ་རེད། དེ་མཚན་བསྟོད་ཅིག་རེད། ཐོག་མར་ཁོང་གི་མཚན་ལ་ཇོ་རུའམ། གེ་ཁོད་སྐྱབས་ཟེར། གླིང་ཡུལ་དཔོན་ཁག་གསུམ་གྱིས་སྤྱི་རྒྱལ་བརྩད་ནས་རྒྱལ་ཁ་བླངས་སྐབས། ཁོང་ལ་གླིང་རྗེ་གེ་སར་རྒྱལ་པོ་ཞེས་མཚན་བསྟོད་ཕུལ་བ་དང་། ཕྱིས་སུ་གླིང་ཡུལ་ལ་སེང་ཆེན་ཁོག་པ་ཞེས་བཏགས་ནས། སེང་ཆེན་ཁོག་པའི་ཡུལ་གྱི་རྒྱལ་པོ་ལ་སེང་ཆེན་རྒྱལ་པོ་ཞེས་ཟེར། དེའི་རྗེས་སུ་ཁོང་གིས་གླིང་གི་ཕྱོགས་བཞིའི་དགྲ་བཞི་ཆམ་ལ་ཕབ་རྗེས། ཁོང་ལ་འཛམ་གླིང་གེ་སར་རྒྱལ་པོ་ཞེས་མཚན་བསྟོད་ཕུལ་བ་ཞིག་རེད།
དྲི་བ། ཁྱེས་ཀྱིས་གླིང་རྗེ་གེ་སར་ལོ་རྒྱུས་མི་སྣ་རུ་འདོད་ན། ཁོང་དུས་ནམ་ཞིག་ལ་བྱོན་པ་དང་། ཡུལ་གང་ཞིག་ཏུ་འཁྲུངས་པ་རེད།
ལན། གེ་སར་འཁྲུངས་ལོའི་ཐད་ལ་བཞེད་ཚུལ་མི་མཐུན་པ་མང་པོ་ཡོད་ཀྱང་། གཙོ་ཆེ་ཤོས་གཉིས་ཡོད་པའི་གཅིག་བདུད་འབྱུང་ཆོས་འབྱུང་དང་། གཅིག་མདོ་སྨད་ཆོས་འབྱུང་རེད། སྔ་མས་ཕྱི་ལོ་ ༡༠༣༨ ལོར་འཁྲུངས་པར་བཤད་ལ། ཡང་ཕྱི་མས་ཕྱི་ལོ་ ༡༠༠༠ ལོར་འཁྲུངས་པར་འདོད། གང་ལྟར་བོད་ཀྱི་ལོ་རྒྱུས་བཤད་སྟངས་ཀྱི་བོད་སིལ་བའི་དུས་སྐབས་དང་། ཕྱི་ལུགས་རྩི་སྟངས་ཀྱི་དུས་རབས་བཅུ་བའི་དུས་འགོར་འཁྲུངས་པར་སྙམ། ཁོང་གི་འཁྲུངས་ཡུལ་ཡང་རྨ་འབྲུ་རྫ་གསུམ་ལས་རྫ་ཆུའི་ཕྱོགས་རྒྱུད་ཡིན་པར་ཡོངས་གྲགས་རེད། མ་ཟད་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་ཐོག་བྱོན་མྱོང་བ་དང་། ཁོང་གིས་ཚེ་སྟོད་ལ་དམག་འཁྲུགས་བྱས། ཚེ་སྨད་དུ་རྙིང་མའི་ལྟ་སྒོམ་སྤྱོད་གསུམ་ལ་ཉམས་ལེན་མཛད་དེ་གྲུབ་པ་ཐོབ་པའི་སྐྱེས་ཆེན་དམ་པ་ཞིག་རེད།
དྲི་བ། རང་རེའི་སྤྱི་ཚོགས་སྟེང་གླིང་གེ་སར་ནི་རྟོག་འཆར་གྱིས་བཟོས་པའི་ལྷ་གཟུགས་སུ་འདོད་པའམ། ལོ་རྒྱུས་མི་སྣ་རུ་འདོད་ལུགས་གཉིས་ཡོད། ཁྱེད་ལ་དེའི་ཕྱོགས་ནས་ལྟ་ཚུལ་ཅི་ཞིག་ཡོད་དམ།
ལན། དགེ་ཆོས་སོགས་ཀྱིས་རང་ཉིད་ཀྱི་སྣང་ཚུལ་ཙམ་བདེན་དཔང་དུ་བཟུང་ནས་གེ་སར་གྱི་ལོ་རྒྱུས་འཆར་སྒྲུང་རེད་ཟེར་གི་ཡོད། ཡང་རྒྱལ་དབང་ལྔ་བ་སོགས་ཀྱིས་རླངས་བྱང་ཆུབ་ཨ་མི་འདྲེ་བཀོལ་གྱི་རྣམ་ཐར་དང་། ལོ་རྒྱུས་ཡིག་རྙིང་སོགས་བདེན་དཔང་དུ་བརྩིས་ནས་གླིང་སྒྲུང་ནི་གེ་སར་གྱི་དངོས་ཡོད་ལོ་རྒྱུས་སུ་འདོད། མདོར་བསྡུས་ནས་བཤད་ན། སྣང་ཚུལ་དང་གནས་ཚུལ་གཉིས་ལོ་རྒྱུས་ཞིབ་འཇུག་གི་ཐད་བདེན་དཔང་ཁུངས་འཁྱོལ་མིན་ལ་ཐུག་ཡོད། དྲི་བ། གླིང་ཡུལ་ནི་དེང་སང་གི་མགོ་ལོག་དང་ཁམས་སྡེ་དགེའི་ཡུལ་ཡིན་ཞེས་རྩོད་རྙོག་ཅུང་ཡོད་ཀི། དེའི་ཐད་ལ་བསམ་ཚུལ་ཅི་ཡོད་དམ། དྲིས་ལན། རྩོད་རྙོག་དེའི་གནད་དོན་ནི་གླིང་ཡུལ་ལ་གསར་རྙིང་གཉིས་ཡོད་ལུགས་མ་ཤེས་པའི་རྐྱེན་གྱིས་རེད། ཁ་གསལ་དུ་བཤད་ན། གེ་སར་གྱི་ཡབ་མེས་གླིང་ཡུལ་དཔོན་ཁག་གསུམ་གྱི་དུས་སུ། གླིང་ཡུལ་ནི་རྫ་འབྲུ་གཉིས་ཀྱི་ཕྱོགས་གཏོགས་མདོ་ཁམས་སྟོད་ཀྱི་ཡུལ་ལུང་དག་རེད། གེ་སར་གྱི་སྐུ་དུས་སུ་གླིང་བ་རྣམས་མདོ་ཁམས་སྨད་དུ་གནས་སྤོ་བྱས་ཏེ། རྨ་ཆེན་གངས་རི་ལྟེ་བར་བཞག་ནས་ཆགས་ཡོད། དེའི་སྟབས་ཀྱིས། གླིང་གི་སྐུ་དཔོན་ཡོངས་ཀྱི་དངོས་ཤུལ་རྣམས་གླིང་ཡུལ་གསར་རྙིང་གཉིས་སམ་མདོ་སྟོད་སྨད་གཉི་ག་ན་ཡོད། མདོར་དྲིལ་ན་གླིང་གི་དཔོན་རབས་འགོ་བཙུགས་པ་ནས་གླིང་གི་རྒྱལ་སྲིད་མཇུག་བསྡུས་པའི་བར་གྱི་གླིང་ཡུལ་ནི་མདོ་ཁམས་སྟོད་སྨད་གཉི་ག་རེད།
དྲི་བ། བོད་ཀྱི་ཤར་ཕྱོགས་ཡོངས་གླིང་གི་མངའ་ཐང་ཡིན་ནམ།
ལན། གེ་སར་གྱི་སྐུ་དུས་སུ་ཧ་ལམ་མདོ་ཁམས་སྟོད་སྨད་གཉི་ག་གླིང་གི་མངའ་ཐང་ཡིན་པ་ལས། གླིང་གི་ཁ་གཏད་དུ་ལང་ཐུབ་པའི་བཙན་རྒྱལ་འདྲ་ཅང་མེད་པར་སྙམ།
དྲི་བ། གླིང་གིས་རྫོང་ཁག་ཆེ་ཆུང་བཅོ་བརྒྱད་ཆམ་ལ་ཕབ་ཟེར་སྲོལ་དེ་དོན་དངོས་ཡིན་ནམ།
ལན། རྫོང་ཁག་དེ་དག་ལས་ཧོར་བདུད་མོན་འཇང་བཞི་ཆམ་ལ་ཕབ་པ་དེ་དོན་དངོས་རེད། རྒྱུ་མཚན། ཧོར་བདུད་སོགས་ཀྱི་ས་བབ་དང་མཁར་ཤུལ། དམག་འཁྲུག་སློང་རྐྱེན་སོགས་ཕྱོགས་ཡོངས་ནས་དོན་དངོས་སུ་གཞལ་ཐུབ་པ་ཞིག་ཡོད། གཞན་རྣམས་ད་དུང་དཔྱད་གཞི་རེད།
དྲི་བ། གླིང་སྒྲུང་རིག་གནས་བོད་ཁུལ་ལས་གཞན་ཕྱི་ཡུལ་གང་དག་ནང་ཁྱབ་ཡོད་དམ།
ལན། དེ་ཕྱི་སོག་ལ་དར་སྲོལ་ཆེ་སྟབས། ཕྱི་སོག་གི་གླིང་སྒྲུང་དཔར་མ་འགའ་རེ་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་དུ་འདུག ད་དུང་ཨུ་རུ་སུའི་རྒྱལ་ཁོངས་སུ་གནས་པའི་སོག་རིགས་ཀྱིས་ཀྱང་གླིང་སྒྲུང་བཤད་སྲོལ་ཡོད། འབྲུག་དང་འབྲས་ལྗོངས་ལ་དྭགས་སོགས་སུའང་གླིང་སྒྲུང་དར་ཁྱབ་ཆེ་བ་མ་ཟད། འབྲུག་ཡུལ་ནས་གླིང་སྒྲུང་གཅེས་བསྡུས་བྱས་པའི་དེབ་ཕྲེང་བཞི་བཅུ་ལྷག་འདི་ག་རྡ་སའི་དཔེ་མཛོད་ཁང་དུ་ཡོད། པཱ་ཀི་སི་ཐན་ནང་ཡོད་པའི་བོད་རིགས་ཚོས་གླིང་སྒྲུང་འཆད་ཉན་བྱེད་སྲོལ་འདུག བཙན་བྱོལ་བོད་མིའི་སྤྱི་ཚོགས་སྟེང་ཨོ་རི་ས་གཞིས་ཆགས་ནང་གླིང་གི་བྲོ་འཆམ་ཚོགས་པ་ཡོད། དེ་ནི་རྭ་སྒྲེང་སྒར་ཁ་ནས་གླིང་གི་བྲོ་འཆམ་ཐོག་མར་དར་རྗེས་སྒྲུང་བ་ནོར་བཟང་གིས་བཙུགས་པ་ཞིག་རེད། དེའི་ངོ་བོ་འཇུ་མི་ཕམ་ཚང་གིས་གེ་སར་གསོལ་མཆོད་ཆོ་ག་སྒྲུབ་ཐབས་ཤིག་ཡིན། རྒྱ་གར་དྷེ་ར་དྷོན་ནང་མདོ་ཁམས་གླིང་ཚང་ཆོས་རྒྱལ་ཚང་གི་གཞིས་སྒར་ཡོད་ལ། དེར་གླིང་སྒྲུང་རིག་གནས་རྒྱུད་འཛིན་བྲོ་འཆམ་སོགས་བྱེད་སྲོལ་ཡོད། མདོར་བསྡུས་ནས་བཤད་ན། བོད་པའི་རིག་གནས་ཁྱབ་ཚད་ལ་ཧ་ལམ་གླིང་སྒྲུང་བཤད་སྲོལ་དར་འདུག་སྙམ།
དྲི་བ། གོ་ཐོས་སུ། དགེ་ལུགས་དགོན་པ་འགའ་རེའི་ནང་གླིང་སྒྲུང་བཤད་ན་ལྷ་སྲུང་འཁྲུགས་ཚུལ་གྱིས་དམ་དྲག་ཆེ་ཟེར། དེ་གྲུབ་མཐའ་གསར་རྙིང་བར་གྱི་རྩོད་རྙོག་ཅིག་ཡིན་ནམ།
ལན། མ་རེད། དེ་དགེ་ལུགས་དགོན་པ་གཅིག་པུ་མིན་པར། ས་སྐྱ་བའི་དགོན་སྡེ་ཁག་ནང་དུའང་གླིང་སྒྲུང་བཤད་མི་རུང་བའི་ལྟ་ཚུལ་འདུག ཡང་གཅིག་བཤད་ན། གླིང་སྒྲུང་བཤད་མི་རུང་བའི་དགེ་ལུགས་དགོན་པ་དེ་ཚོའི་ནང་གླིང་གེ་སར་གྱི་ཁྲབ་རྨོག་སོགས་རྟེན་ཟུངས་སུ་བཤམས་ཡོད། འདི་དག་ཐམས་ཅད་མཐར་གཏུགས་ནས་བསམ་ན། སློབ་གཉེར་འཐུས་ཤོར་དུ་མི་འགྲོ་བའི་ཆེད་དུ་ཡིན་པ་ལས་ལྷ་སྲུང་དང་གྲུབ་མཐའ་གསར་རྙིང་བར་གྱི་རྩོད་རྙོག་ཅིག་མིན་པར་འདོད།
དྲི་བ། གླིང་སྒྲུང་རིག་གནས་ཀྱིས་དེང་སྐབས་རྩོད་བཞིན་པའི་བོད་མིའི་བདེན་དོན་ལ་ཕན་ཐོགས་འདྲ་ཡོད་དམ།
ལན། ཡོད་དང་ཡོད། ལོ་རྒྱུས་ཀྱི་ངོས་ནས་བཤད་ན། གླིང་གི་དུས་སྐབས་སུ། གེ་སར་གྱིས་ཧོར་འཇང་སོགས་མི་རིགས་གཞན་པའི་གཉའ་གནོན་དང་བཙན་འཛུལ་ལ་འགོག་རྒོལ་བྱས་ཏེ། རང་ས་རང་སྲུང་དང་། རང་དབང་རང་བཙན་གྱིས་གླིང་ཡུལ་ལམ་བོད་ཤར་རྒྱུད་བདག་སྐྱོང་མཛད་ཡོད། རྩོམ་རིག་གི་ཕྱོགས་ནས་ཀྱང་རྒྱ་གར་ནག་གི་རྩོམ་རིག་དབང་སྒྱུར་འོག་མ་ཚུད་པར། བོད་མིའི་རྣམ་དཔྱོད་ཀྱི་མཛེས་རྩལ་དང་། གདོད་མ་ནས་དར་འཕེལ་བྱུང་བའི་བོད་དང་བོད་མིའི་ཡུལ་སྲོལ་གོམས་གཤིས། འཚོ་བ་དངོས། དེ་བཞིན་བོད་མི་རིགས་ཀྱི་སེམས་ཁམས་རྣལ་མ་ཞིག་ཡིན་སྟབས། ལོ་རྒྱུས་དང་རྩོམ་རིག་གང་ཐད་ནས་བོད་མི་རིགས་ཀྱི་ངོ་བོ་རང་ཚུགས་ཐུབ་པ་འདིས། དེང་སྐབས་རྩོད་བཞིན་པའི་བོད་དང་བོད་མིའི་བདེན་དོན་ལ་ཕན་པ་ལས་གནོད་པ་གང་ཡང་མེད་སྙམ།
དྲི་བ། གླིང་གེ་སར་གྱི་ལོ་རྒྱུས་མི་རིགས་གཞན་པས་ནག་སུབ་གཏོང་གི་ཡོད་དམ།
ལན། གླིང་རྗེ་གེ་སར་གྱི་སྒྲུང་འདི་མི་རིགས་གཞན་གྱིས་ནག་སུབ་གཏོང་ཐུབ་པ་མ་རེད། ཡིན་ན་ཡང་གནའ་སྔ་མོར་བོད་ཀྱི་སྒྲུང་བ་འགའ་རེས་གཏམ་རྒྱུད་དང་རྟོག་འཆར་གྱི་ཀློང་ནས་གླིང་སྒྲུང་མི་ཉུང་བ་ཞིག་བརྩམས་པ་དང་། དེ་ལ་གླིང་སྒྲུང་སྒྱུ་རྩལ་རྩོམ་རིག་གི་ཕྱུག་ཚད་མཐོར་འདེགས་བཏང་བའི་མཛད་རྗེས་ཡོད་སྲིད་ནའང་། གླིང་གེ་སར་གྱི་དངོས་བྱུང་ལོ་རྒྱུས་རྟོགས་མི་ཐུབ་པའི་གསང་རྒྱ་ཆེན་པོ་ཞིག་གི་ནང་བཅུག་ཡོད། ལྷག་པར་དེང་སང་བོད་ནང་དུ་གླིང་གི་གར་འཆམ་འཁྲབ་སྟོན་ཚོགས་པ་འགའ་རེའི་འཁྲབ་ཆས་དེ་རྒྱ་མིན་བོད་མིན་གྱི་ཆ་ལུགས་ཡ་མ་བརླ་ཞིག་ཏུ་སྒྱུར་བཞིན་པ་ནི། ཆོ་གའི་གར་འཆམ་དང་འགལ་བ། ལོ་རྒྱུས་ཀྱི་དོན་སྙིང་ཡང་མཚོན་མི་ཐུབ་པ་སོགས་བྱུང་དང་འབྱུང་མུས་རེད། འཁྲབ་སྟོན་གྱི་རླབས་རྒྱུན་འདིས་གླིང་གེ་སར་གྱི་དངོས་བྱུང་ལོ་རྒྱུས་ལ་གནོད་སྐྱོན་ཆེན་པོ་བཟོ་གི་ཡོད། སྤྱིར་ཟློས་གར་འཁྲབ་སྟོན་པ་ཞིག་ཡིན་ན། འཁྲབ་ཆས་དྲག་མདངས་དང་ཟང་ཟིང་གི་འཁྲབ་སྟོན་གྱིས་མི་མང་གི་མིག་སྣེ་འདྲེན་རྒྱུ་དེ་ཨང་དང་པོ་མ་རེད། འཁྲབ་ཆས་བཟོ་བཀོད་དང་འཁྲབ་སྟོན་སྒྱུ་རྩལ། མདོ་འཛིན་པས་གཙོ་སྐྱོང་བྱེད་སྟངས་སོགས་དཀྱུས་གཅིག་ཏུ་བཀོལ་ནས། མི་མང་གི་སེམས་ཁམས་སུ་ལོ་རྒྱུས་ཀྱི་དོན་སྙིང་བསྐྲུན་རྒྱུ་དེ་ཨང་དང་པོ་རེད། ལོ་རྒྱུས་མཚོན་ཐབས་ཀྱི་གློག་བརྙན་འཁྲབ་གཞུང་ཞིག་ཡིན་ན། དུས་སྐབས་དེའི་གྱོན་ཆས་བཟོ་ལུགས་དངོས་དང་མཐུན་དགོས་པ་མ་ཟད། ཐ་ན་གྱོན་ཆོས་དང་བཅའ་དངོས་སོགས་ཀྱི་རྒྱུ་སྤུས་ཀྱང་གཅིག་མཚུངས་བྱེད་ཀྱི་ཡོད།
དྲི་བ། ཁྱེད་ཀྱིས་གླིང་གེ་སར་གྱི་ལོ་རྒྱུས་གློག་བརྙན་འཁྲབ་གཞུང་ཞིག་འབྲི་འདོད་དམ།
ལན། ལོས་འདོད། དེ་ངའི་མི་ཚེ་འདིའི་སྨོན་ལམ་རྒྱག་ས་ཞིག་ཡིན། དེའི་སྟབས་ཀྱིས་གླིང་སྒྲུང་གཞིར་བཞག་ནས་བོད་པའི་གདོད་མའི་འཚོ་བ་དར་འཕེལ་བྱུང་བའི་འབྲོག་ཕྱོགས་ཀྱི་གོམས་སྲོལ་ལ་རྒྱུས་ལོན་བྱེད་བཞིན་ཡོད། ད་དུང་ཤར་ནུབ་གང་ཡིན་གྱི་གནའ་རབས་ལོ་རྒྱུས་མཚོན་པའི་གློག་བརྙན་མང་པོར་ལྟ་གི་ཡོད། རྒྱ་ནག་གིས་འཁྲབས་པའི་སོག་པོའི་ཇིང་གར་རྒྱལ་པོའི་ལོ་རྒྱུས་གློག་བརྙན་དང་། ནུབ་གླིང་རོམ་གྱི་ལོ་རྒྱུས་གློག་བརྙན་སོགས་ལའང་ལྟ་གི་ཡོད། དེ་དག་ནི་མི་རིགས་དང་རིག་གནས་མི་འདྲ་ནའང་། སོག་པོའི་ཇིང་གར་རྒྱལ་པོའི་ལོ་རྒྱུས་གློག་བརྙན་ནང་འབྲོག་ཕྱོགས་ཀྱི་འཚོ་བ་དང་སྐད་ཆ་བཤད་ལུགས་ལ་སོགས་པའི་རྒྱུ་ཆ་མང་ལ། ནུབ་ཕྱོགས་རོམ་གྱི་ལོ་རྒྱུས་གློག་བརྙན་ནང་གནའ་བོའི་དྲག་རྩལ་འགྲན་ལུགས་སོགས་གླིང་སྒྲུང་དང་ཆ་འདྲ་བའི་རྒྱུ་ཆ་མང་པོ་ཡོད་ཀི། འདི་དག་ཚང་མ་ངའི་མ་འོངས་པའི་རྨི་ལམ་མངོན་འགྱུར་ཡོང་ཐབས་ཤིག་ཡིན། དྲི་བ། ཁྱེད་ཀྱིས་གེ་སར་ཞིབ་འཇུག་མགོ་བརྩམས་པ་ནས་ད་ལྟའི་བར་དཀའ་ངལ་ཆེ་ཤོས་དེ་ག་རེ་རེད། ལན། དཔལ་འབྱོར་གྱི་ཐད་ནས་དཀའ་ངལ་ཅུང་ཡོད་ཀི། ཞིབ་འཇུག་གི་ཆེད་དུ་ཕྱི་རྒྱལ་ཁག་ཏུ་རིག་གཞུང་ཚོགས་འདུ་དེ་འདྲར་འགྲོ་སྐྱོད་མི་ཐུབ་ཀི། ཞིབ་འཇུག་ཟླ་ཕོགས་ཀྱིས་ཟླ་རེའི་འཚོ་བའང་སྐྱོང་མི་ཐུབ་པ་ཞིག་རེད། ལས་དཀའ་གཉིས་ཀྱི་ལས་དོན་ཁུར་དུ་བླངས་བཞག་ན་ཞིབ་འཇུག་གི་ཐད་ལ་ནུས་པ་མི་ཐོན་པའི་དཀའ་ངལ་ཡོད་ཀི།
དྲི་བ། ཁྱེད་ཀྱི་འཚོ་བའི་དཀའ་ངལ་གྱི་ཁྲོད་ནས་ཆ་རྐྱེན་དམའ་ས་ཞིག་གིས་ཞིབ་འཇུག་ལས་དོན་ལ་ཕན་ཤོས་དེ་ཅི་ཞིག་རེད་དམ།
ལན། སྐད་འཕྲིན་རེད། སྐད་འཕྲིན་བརྒྱུད་ལམ་ནས་བོད་ནང་གི་གླིང་སྒྲུང་ཞིབ་འཇུག་པ་དང་ཞིབ་འཇུག་ཚོགས་པ། སྒྲུང་བ་དང་གླིང་སྒྲུང་ནང་གི་ཆོས་སྲིད་རིག་གནས་ལ་མཁས་པ། གླིང་གི་ས་བབ་ལ་རྒྱུས་མངའ་ཆེ་བའི་གླིང་ས་གླིང་ཡུལ་གྱི་ཡུལ་མི་རྒན་རབས་པ་གང་མང་ཞིག་ངའི་དྲ་གྲོགས་སུ་གྱུར་ཏེ། ཁོང་རྣམ་པས་ཕྲན་ལ་དཔྱད་གཞིའི་རྒྱུ་ཆ་མཁོ་སྤྲོད་དང་བསམ་ཚུལ་བརྗེ་རེས། ས་བབ་ལ་འགྲེལ་བརྗོད་ལྷུག་པོར་གནང་གི་སྟབས། ཕྲན་ལ་ཕན་ཐོགས་མི་དམན་པ་བྱུང་བས། ངས་ཁོང་རྣམས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད།
དྲི་བ། ཁྱེད་ལ་བོད་ཕྱི་ནང་གཉིས་སུ་གླིང་སྒྲུང་ལ་དགའ་ཞིང་གླིང་སྒྲུང་ལ་དུངས་པའི་ཀློག་པ་པོའམ། གླིང་སྒྲུང་རིག་གནས་ཞིབ་འཇུག་ལ་ཆེད་དུ་གཞོལ་མཁན་ཚོར་བརྗོད་འདོད་པའི་སྐད་ཆ་ཡོད་དམ།
ལན། གླིང་སྒྲུང་རྟོགས་འཆར་གྱིས་བརྩམས་ན་འདྲ། གླིང་གེ་སར་ཡི་དམ་ལ་བཀུར་ནས་སྒྲུབ་ཐབས་མཛད་ན་འདྲ། གླིང་སྒྲུང་ཟློས་གར་གྱི་ལམ་ནས་འཁྲབ་ན་རེད། ཐམས་ཅད་ཀྱི་ཡང་སྙིང་ནི་གླིང་རྗེ་གེ་སར་གྱི་དངོས་བྱུང་ལོ་རྒྱུས་སུ་ཁུངས་གཏུག་བྱ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད།
ཕན་ཐོགས་ངེས་ཅན་གྱི་བཅར་འདྲི་གནང་བ་དང་ཞིབ་འཇུག་ལན་འདེབས་གནང་བར་བཀའ་དྲིན་ཆེ་ཞུ།