དེ་རིང་བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གིས་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་བོད་མིའི་སློབ་གྲྭ་ཁག་ ༡༣ ཙམ་ལ་རྩོད་རྙོག་འདུམ་འགྲིག་གནང་ཕྱོགས་སྐོར་ཀྱི་ཟབ་སྦྱོང་ཞིག་མགོ་འཛུགས་གནང་སོང་།
དེ་རིང་སྔ་དྲོའི་དུས་ཚོད་ ༡༠ པ་ཐོག་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ། དྷ་རམ་ས་ལར་ཡོད་པའི་བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གི་གོ་སྒྲིག་འོག རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་བཙན་བྱོལ་བོད་མིའི་སློག་གྲྭ་ཁག་ ༡༣ ཙམ་ལ། རྩོད་རྙོག་འདུམ་འགྲིག་གནང་ཕྱོགས་སྐོར་གྱི་ཉིན་གྲངས་ ༤ རིང་གི་ཟབ་སྦྱོང་ཞིག་མགོ་འཛུགས་གནང་སོང་བ་དང་། ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་། ས་ར་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་གཉིས་ཀྱིས་དབུས་ཧི་མ་ཅལ་ནང་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནས་ཕེབས་པའི་དགེ་སློབ་ཟབ་སྦྱོང་བ་ ༣༢ ལྷག་དང་། དེ་བཞིན་བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་དང་བསོད་ནམས་བདེ་ཆེན་ལགས་གཉིས་ཀྱི་གཙོས་ལས་བྱེད་བཅས་མི་གྲངས་ ༥༠ ཙམ་འཛོམས་འདུག
ཚོགས་ཐོག་ཏུ་བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གི་འགན་འཛིན་དང་འགན་འཛིན་གཞོན་པ་རྣམ་གཉིས་ཀྱིས་ཟབ་སྦྱོང་གི་དགོས་དམིགས་དང་ལས་བསྡོམས་བཅས་སྙན་སྒྲོན་ཞུས་སོང་བ་དང་། དེ་ནས་ས་ར་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ནས་རྩོད་རྙོག་འདུམ་འགྲིག་གནང་ཕྱོགས་སྐོར་ལ་གསུང་བཤད་གནང་རྗེས། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་དོན། སྤྱིར་ང་ཚོ་འགྲོ་བ་མི་རྣམས་འཛམ་གླིང་གི་སྒང་འདིར་ཇི་སྲིད་བར་འཚོ་ཞིང་གནས་པ་དེ་སྲིད་དུ་རྩོད་གླེང་རིགས་མཚམས་ཆད་རྒྱུ་ཡོད་པ་མ་རེད། དེ་ཡང་སྔོན་ཆད་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས། རྩོད་རྙོག་ཟེར་བ་དེ་མིའི་རྣམ་འགྱུར་ལ་བརྟེན་པ་ཞིག་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད། སྤྱིར་བཏང་དུད་འགྲོ་སེམས་ཅན་རྣམས་ཀྱི་ནང་ལ་རྩོད་རྙོག་མང་པོ་ཡོད་པ་མ་རེད། ཡིན་ནའང་། སོ་སོའི་ལྟོགས་སྐོམ་མ་བཟོད་པར་གཅིག་གིས་གཅིག་བསད་བསྡད་ཡོད་པ་རེད་མ་གཏོགས། དམིགས་བསལ་རྒྱུ་རྐྱེན་གཞན་གང་ཡང་ཡོད་པ་མ་རེད། དེས་ན་རྩོད་རྙོག་དེ་གང་ན་ཡོད་དམ་ཞེ་ན། ང་ཚོ་མིའི་སྤྱི་ཚོགས་ཁྲོད་ཡོད་པ་རེད། དེ་ཡང་རྒྱལ་ཁབ་ཕན་ཚུན་བར་རྩོད་རྙོག་དང་ཡུལ་ལུང་ཕན་ཚུན་བར་རྩོད་རྙོག མི་རིགས་མི་འདྲ་བའི་ནང་རྩོད་རྙོག ཕོ་མོའི་བར་རྩོད་གླེང་། དེ་བཞིན་མི་ཕན་ཚུན་བར་བསམ་བློའི་འཁྱེར་ཕྱོགས་མ་མཐུན་པའི་རྩོད་གླེང་། མི་རང་ཉིད་ལ་མཚོན་ནའང་། བསམ་བློའི་འཁྱོར་སོ་ཡར་མར་གཉིས་བར་གྱི་རྩོད་རྙོག་སོགས་མིའི་སྤྱི་ཚོགས་སྟེང་གི་རྩོད་རྙོག་ནི་ཧ་ལམ་བགྲང་གིས་མི་ལང་བ་ཞེ་དྲགས་ཡོད་སྟབས། རྩོད་རྙོག་འདུམ་འགྲིག་གི་ལས་འཆར་འདི་འདྲ་སྤེལ་དགོས་ཀྱི་ཡོད་པ་རེད། ཅེས་དང་།
ཡང་ཁོང་གིས། དངོས་གནས་ཡིན་ན་ང་རང་ཚོ་ནང་པ་སངས་རྒྱས་པའི་ལྟ་བ་ལྟ་གྲུབ་ལ་བསྟེན་པའི་སྤྱི་ཚོགས་འདིའི་ནང་ལ་རྩོད་རྙོག་འདུམ་འགྲིག་བྱེད་པའི་ཐབས་ལམ་ཡག་ཤོས་དེ་སྤྱི་ཚོགས་འདིའི་ནང་ཡོད་པ་རེད་བསམ་གྱི་འདུག སྤྱིར་འདུམ་འགྲིག་ཅེས་པའི་ཚིག་འདི་གཉིས་ཀྱང་རང་བཞིན་གྱིས་འཚེ་བ་མེད་པ་ཞིག་ཏུ་གོ་དགོས། གལ་ཏེ་འཚེ་བ་ཡོད་ན། འདུམ་འགྲིག་ཡོང་ཐབས་ཡོད་པ་མ་རེད། རང་རྒྱལ་གཞན་ཕམ་ཞེས་པ་ལྟ་བུ་རེད། དེ་དཔེར་ན་ཨ་རིའི་རྒྱལ་ཁབ་ཀྱིས་ཨེ་རག་ནང་དམག་བརྒྱབ་ནས་འཚེ་བ་བྱས་པ་ལྟ་བུ་རེད། འདུམ་འགྲིག་ཡོང་ཐབས་ཡོད་པ་མ་རེད། དེར་མ་ཟད་ང་ཚོ་བོད་ཀྱི་རྩ་དོན་ལ་ཆ་བཞག་ནའང་། རྒྱ་བོད་མི་རིགས་གཉིས་ཐ་དད་རེད། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། ཅེས་གནའ་སྔ་མོ་ནས་བཤད་སྲོལ་དེ་འདྲ་ཡོད་པ་རེད། ཡིན་ན་ཡང་བར་སྐབས་ཤིག་ནས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པར་བརྟེན། རང་བཞིན་གྱིས་བོད་རྒྱ་མི་རིགས་གཉིས་བར་རྩོད་རྙོག་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། རྩོད་རྙོག་འདི་རང་རྒྱལ་གཞན་ཕམ་གྱི་ཐོག་ཏུ་སོང་བ་ཡིན་ན། འཚེ་བ་ལ་བརྟེན་ནས་གང་ལྟར་མི་རིགས་གཅིག་རྒྱལ་རྒྱུ་དང་མི་རིགས་གཞན་དེ་ཕམ་རྒྱུ་རང་ཡིན་སྟབས། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཏོན་གནང་བའི་དབུ་མའི་ལམ་ལ་བརྟེན་ནས། བོད་རྒྱ་གཉི་གར་ཁེ་ཕན་ཡོད་པ་དང་བོད་རྒྱ་གཉི་གར་ལྟ་ས་ཡོད་པ། བོད་རྒྱ་གཉི་གར་བློ་འཁེལ་ས་ཡོད་པ། འཚེ་བ་མེད་པའི་ཐོག་ནས་རྒྱ་བོད་མི་རིགས་ཕན་ཚུན་བར་གྱི་རྩོད་རྙོག་འདི་སེལ་ཐབས་བྱེད་དགོས་ཡོད་པ་རེད། ཅེས་གསུངས་སོང་།