མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྔ་བཅུའི་དུས་སྟོན་གྱིས་བོད་མིར་བཙན་གནོན།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་བཟུང་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༢ ཉིན་བར་རྒྱ་གཞུང་གིས་དམིགས་བསལ་གྱིས་བོད་རང་སྐྱོང་ལྗོངས་དང་པེ་ཅིན་དུ་བསྐུར་གཏོང་བྱས་པའི་སྦྲགས་དངོས་རྣམས་ལ་དོ་དམ་བཀག་སྡོམ་ནན་མོ་བྱེད་བཞིན་ཡོད་འདུག

འདི་གར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གཞུང་དབུས་སྦྲགས་སྲིད་སྡེ་ཁག་གིས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ས་གནས་སོ་སོའི་སྦྲགས་སྲིད་སྡེ་ཁག་ལ་བརྡ་སྦྱོར་བཏང་སྟེ། རྒྱ་ནག་རྒྱལ་ཡོངས་ཀྱི་སྦྲགས་དངོས་བརྒྱུད་ལམ་ཁག་ལ་ཞིབ་ཕྲའི་དོ་དམ་ནན་མོ་བྱེད་དགོས་པ་མ་ཟད། ཕྱི་ཟླ་ ༨ ཚེས་ ༢༠ ནས་ཕྱི་ཟླ་ ༩ ཚེས་ ༡༢ བར་དམིགས་བསལ་བོད་རང་སྐྱོང་ལྗོངས་དང་པེ་ཅིན་དུ་བསྐུར་གཏོང་བྱས་པའི་སྦྲགས་དངོས་རྣམས་གཅིག་ཀྱང་མ་ལུས་བར་དོ་དམ་བཀག་སྡོམ་ནན་མོ་བྱས་ཏེ། སྦྲགས་འཕྲིན་དང་མྱུར་སྦྲགས་སོགས་བསྐུར་མཁན་དང་ལེན་མཁན་དོ་བདག་ཚང་མར་ཐོ་འགོད་ཞིབ་བཤེར་བྱ་དགོས་པའི་བཀའ་ཁྱབ་བཏང་འདུག

བོད་རང་སྐྱོང་ལྗོངས་དང་པེ་ཅིན་དུ་དམིགས་བསལ་དོ་དམ་བཀག་སྡོམ་བྱ་དགོས་དོན་ནི། ཕྱི་ཟླ་ ༩ པའི་ཚེས་ ༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དགའ་སྟོན་ཟེར་བ་དང་། ཕྱི་ཟླ་ ༩ ཚེས་ ༣ ཉིན་རྒྱ་ནག་རྒྱལ་ས་པེ་ཅིན་དུ་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ ༧༠ འཁོར་བའི་དུས་དྲན་སྲུང་བརྩིའི་ལས་འགུལ་དང་། ཕྱི་ཟླ་ ༨ ཚེས་ ༢༢ ནས་ཚེས་ ༣༠ བར་པེ་ཅིན་དུ་ཕྱི་ལོ་ ༢༠༡༥ ལོའི་འཛམ་གླིང་མཆོངས་རྒྱུགས་འཕེན་གསུམ་ལུས་རྩལ་འགྲན་ཚོགས་ཟེར་བ་སོགས། རྒྱ་ནག་དམར་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་ལ་དམིགས་པའི་བྱ་འགུལ་ཁག་སྔ་རྗེས་སུ་ཚོགས་ཀྱིན་ཡོད་སྟབས། སྐབས་དེ་དག་ཏུ་མང་ཚོགས་རང་བཞིན་གྱི་ངོ་རྒོལ་དང་དོན་རྐྱེན་རིགས་འབྱུང་རྒྱུར་བློ་དོགས་ཆེན་པོ་སྐྱེས་བཞིན་པས་ཡིན་འདུག

རྒྱ་གཞུང་སྦྲགས་སྲིད་སྡེ་ཁག་གི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ནང་། ཕྱི་ཟླ་ ༨ ནས་༢༠ ནས་ཕྱི་ཟླ་ ༩ ཚེས་ ༥ ཉིན་བར་པེ་ཅིན་ཕྱོགས་སུ་བསྐུར་བ་དང་། ཕྱི་ཟླ་ ༨ ཚེས་ ༢༠ ནས་ཕྱི་ཟླ་ ༩ ཚེས་ ༡༢ བར་བོད་རང་སྐྱོང་ལྗོངས་སུ་བསྐུར་བའི་སྦྲགས་དངོས་དང་མྱུར་སྦྲགས་རྣམས། སྦྲགས་དངོས་བདེ་འཇགས་བརྟག་དཔྱད་འགག་སྒོ་ངེས་པར་བརྒྱུད་པའི་ཐོག་ནས། བརྒྱ་ཆ་བརྒྱ་ཡི་ཁག་ལེན་ཞིབ་བཤེར་བྱ་དགོས་པ་དང་། སྐུར་མཁན་དང་ལེན་མཁན་དོ་བདག་གཅིག་ཀྱང་མ་ལུས་པར་དངོས་མིང་དང་ཁ་བྱང་རྣམས་ཞིབ་ཕྲའི་ཐོ་འགོད་དང་བརྟག་དཔྱད་བྱ་དགོས་པ། དེ་བཞིན། གཞུང་གི་རིམ་པ་སོ་སོའི་སྦྲགས་གཏོང་བརྒྱུད་ལམ་བདེ་འཇགས་ཚན་ཆུང་བཙུགས་ཏེ། སྦྲགས་སྲིད་སྡེ་ཁག་གིས་མགོ་ཁྲིད་དང་ལས་བྱེད་གོ་སྒྲིག་གིས་ཆུ་ཚོད་ ༢༤ རིང་ལས་རེས་འཁོར་ནས་ལྟ་རྟོགས་ཞིབ་བཤེར་ནན་མོ་དང་། གློ་བུར་ཐོལ་བྱུང་གནས་ཚུལ་རྣམས་གོང་རིམ་འབྲེལ་ཡོད་ལ་དུས་ཐོག་སྙན་སེང་དགོས་པ། ད་དུང་། ཞིབ་ཕྲའི་སྒོ་ནས་སྒྲིག་གཞི་དང་ལམ་ལུགས་བཟོས་ཏེ་སྦྲགས་དངོས་སྐྱེལ་གཏོང་ཞབས་ཞུའི་ཁེ་ལས་དང་དྲ་རྒྱ་ཁག་གི་འབྲེལ་ཡོད་འགན་ལེན་མི་སྣར་བདེ་འཇགས་ཁག་ལེན་ཡི་གེར་མིང་རྟགས་བཀོད་བཅུག་སྟེ། གཞུང་གི་བཀོད་མངགས་ལྟར་ལག་བསྟར་ནན་མོ་བྱ་དགོས་པ་སོགས་བཀོད་འདུག

ལྷག་པར་དུ་བོད་རང་སྐྱོང་ལྗོངས་སུ་འབོད་པའི་ཁོངས་གཏོགས་བོད་ཀྱི་ས་ཁུལ་ཁག་ནང་། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་ཟེར་བའི་བྱ་འགུལ་དང་འབྲེལ་ནས། བདེ་སྲུང་རུ་ཁག་དང་དུག་རྫས་བཀག་སྡོམ་རུ་ཁག བཟོ་ཚོང་སྡེ་ཁག་སོགས་མཉམ་འབྲེལ་ཐོག སྦྲགས་སྲིད་ལས་དོན་ཐད་ལ་ཞིབ་བཤེར་ཆེན་མོ་ཟེར་བའི་ལས་འགུལ་སྤེལ་ཏེ། མེ་མདའ་དང་འགད་རྫས། མཚོན་གྲིའི་རིགས་དང་། འབར་འགས་ཀྱི་རང་བཞིན་ལྡན་པའི་དངོས་པོ་དང་། ཉེན་ཁ་ཡོད་པའི་རྫས་འགྱུར་རིགས། ཐ་ན་ཆབ་སྲིད་ཀྱི་ནང་དོན་ལྡན་པའི་པར་བསྐྲུན་དེབ་རིགས་བཅས་ཡོངས་སུ་ཞིབ་བཤེར་ བཀག་སྡོམ་དང་། དེ་བཞིན། གྲོང་ཁྱེར་གྱི་མཁའ་དབྱིངས་སུ་གློག་སྒུལ་འཕུར་གྲུ་ཆུང་བའི་རིགས་དང་རྩེད་ཆས་ཀྱི་གནམ་གྲུའི་རིགས་སོགས་གཅིག་ཀྱང་གཏོང་མི་ཆོག་པ་བཟོས་ཡོད་པ་དང་། དྲ་རྒྱའི་བརྒྱུད་ལམ་ཁག་ལའང་དོ་དམ་ནན་མོ་བྱེད་བཞིན་ཡོད་འདུག

ཡང་ལྟེ་གནས་ཁང་གིས་བཏང་བའི་གནས་ཚུལ་ནང་། ཐེངས་འདིའི་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་ ༥༠ འཁོར་བའི་དུས་སྟོན་ཟེར་བའི་ལས་འགུལ་དེ་ནི། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༥ ཉིན་པེ་ཅིན་དུ་ཚོགས་པའི་སྐབས་བཅུ་གཉིས་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་དུས་གསུམ་པའི་སྟེང་། རྒྱ་གཞུང་སྲིད་བློན་ལི་ཁའེ་ཆིང་གིས་སྲིད་གཞུང་ལས་དོན་སྙན་ཞུའི་སྐབས། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བ་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༦༠ འཁོར་བའི་དུས་སྟོན་རྩ་འཛུགས་བྱ་དགོས།་ཞེས་བཀའ་ཕབ་པར་བརྟེན་ནས་འཚོགས་བཞིན་པ་ཞིག་ཆགས་ཡོད། རྒྱ་ནག་དབུས་གཞུང་གིས་དུས་སྟོན་དེར་ཆེད་དུ་འཐུས་ཚབ་ཚོགས་པའི་གོ་སྒྲིག་ཚོགས་ཆུང་ཞིག་བཙུགས་ཡོད་པ་རེད། གོ་སྒྲིག་ཚོགས་ཆུང་དེའི་ཚོགས་མི་དང་རྒྱལ་ཁབ་དོ་དམ་ལྷན་ཁང་འགན་འཛིན་གཞོན་པ་ལིས་པའོ་རུང་(李宝荣)གིས། དུས་སྟོན་གོ་སྒྲིག་ལས་དོན་ལེགས་པོ་སྒྲུབ་སྟེ། རྒྱ་ནག་དབུས་གཞུང་གི་བློ་སེམས་བདེ་བ་དང་རྒྱལ་ཡོངས་མི་དམངས་འདོད་བློ་ཁེངས་པ་བྱ་རྒྱུ་ཡིན། ཅེས་བརྗོད་ཡོད།

དེ་བཞིན། བོད་རང་སྐྱོང་ལྗོངས་ཀྱིས་ཀྱང་དུས་སྟོན་དེར་ཆེད་དུ་གོ་སྒྲིག་ཚོགས་ཆུང་བཙུགས་ཏེ། བོད་རང་སྐྱོང་ལྗོངས་ཁོངས་གཏོགས་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ནང་དུས་སྟོན་གོ་སྒྲིག་བྱེད་བཞིན་ཡོད་པ་རེད། དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གཞོན་པར་བོད་རང་སྐྱོང་ལྗོངས་དམར་ཤོག་རྒྱུན་ལས་དྲུང་ཆེ་གཞོན་པ་ཝུ་ཡུན་ཅའེ་(吴英杰)ཡིས་ཀྱང་། བོད་རང་སྐྱོངས་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་སྤེལ་བ་བརྒྱུད་ནས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་དང་། བོད་ལྗོངས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་གྲུབ་འབྲས་རླབས་ཆེན་ཐོབ་ཡོད་པ་གསལ་སྟོན་བྱ་དགོས། ཅེས་བརྗོད་ཡོད་པ་རེད།

རྒྱ་གཞུང་གིས་ཕྱོགས་གཅིག་ནས་དུས་སྟོན་དེ་ནི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལམ་ལུགས་རྒྱུན་སྐྱོང་དང་འཐུས་ཚང་། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་དམིགས་བསལ་ཁྱད་ཆོས་ ལྡན་པའི་མི་རིགས་གྲོང་སྡེ་སྲུང་སྐྱོབ་དང་དར་སྤེལ་ཆེད་ཡིན་སྐོར་དང་། ཡང་ཕྱོགས་གཞན་ཞིག་ནས་འཕེལ་རྒྱས་ལྡན་པའི་མི་རིགས་ཀྱིས་འཕེལ་རྒྱས་མེད་པའི་གྲངས་ཉུང་མི་རིགས་འཕེལ་རྒྱས་གཏོང་དགོས་པ་དང་། མི་རིགས་ཕན་ཚུན་མཉམ་བསྲེས། མཉམ་འདྲེས་ཡོང་ཐབས་བྱ་དགོས་སྐོར་བརྗོད་ཀྱིན་ཡོད་པ་རེད། མ་གཞི་མི་རིགས་ཀྱི་རིག་གནས་གོམ་སྲོལ་རྒྱུན་འཛིན་དར་སྤེལ་དང་མི་རིགས་ཕན་ཚུན་མཉམ་བསྲེས་ཀྱི་སྐད་ཆ་དེ་གཉིས་འགལ་ཟླ་ཆགས་ཡོད། དོན་དངོས་རྒྱ་གཞུང་དམིགས་ཡུལ་ནི་དཔལ་འབྱོར་འཕེལ་རྒྱས་ལ་ཁ་གཡར་ཏེ། ནུབ་ཁུལ་སྒོ་འབྱེད་དང་རྒྱ་ནག་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་བོད་ལ་ཁ་གཏད་རོགས་སྐྱོར་ཟེར་བའི་སྲིད་ཇུས་འོག རྒྱ་རིགས་མང་པོ་བོད་ནང་གནས་སྤོར་དང་བོད་རིགས་ཞིང་འབྲོག་མི་དམངས་རྣམས་མཁར་གྲོང་དུ་ཕབ་སྟེ། བོད་རིགས་རྣམས་རྒྱ་རིགས་ཆེན་པོ་དང་མཉམ་བསྲེས་ཀྱིས་མི་རིགས་རྩ་གཏོར་གཏོང་ རྒྱུ་དེ་ཆགས་ཡོད། ཐ་ན། བོད་རང་སྐྱོང་ལྗོངས་སུ་ལས་ཞུགས་དང་དཔལ་འབྱོར་ཁེ་ཕན་ཐད་ནས་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་གྱི་སྒོ་ནས། བོད་མི་རྣམས་རྒྱ་རིགས་དང་གཉེན་སྒྲིག་རྒྱུར་མངོན་ལྐོག་གཉིས་ནས་གནོན་ཤུགས་སྤྲོད་ཀྱིན་ཡོད།

དེར་མ་ཟད། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་ས་ཁུལ་སོ་སོའི་ནང་དུས་སྟོན་བདེ་སྲུང་ལས་དོན་ཚོགས་འདུ་ཟེར་བ་བསྐངས་ཏེ། དམག་མི་དང་ཉེན་རྟོག་པ། དམངས་དམག་བཅས་མཉམ་རིབ་ཐོག སྐོར་སྲུང་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ཏེ། མི་སྣ་གོ་སྒྲིག་ཐོག་བོད་ཁུལ་གྱི་ས་གནས་སོ་སོའི་ཟ་ཁང་དང་། སློབ་གྲྭ། ཆང་ཁང་། ནང་མ་ཁང་སོགས་མི་ཚོགས་འདུ་འཛོམས་ཀྱི་གནས་དང་ལས་ཁུངས་རེ་རེ་ཞིབ་བཤེར་བྱེད་པ་སོགས། བོད་རིགས་མང་ཚོགས་ལ་སྔར་ལྷག་དམ་དྲག་ཤུགས་ཆེན་དང་། ད་དུང་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་བོད་རང་སྐྱོང་ལྗོངས་མཐའ་སྲུང་སྤྱི་ཁྱབ་དམག་དཔུང་ཟེར་བའི་ཚོགས་འདུ་ བསྡུས་ཏེ། སྤྱི་ལེ་ ༨༠༠༠ མཚམས་ལ་མཐའ་གཅིག་ཏུ་དམག་རྒྱག་ཐུབ་པ། ཉིན་ ༦༠ རིང་དཀའ་སྡུག་འཐབ་འཛིང་བྱེད་ཕོད་པ་ཟེར་བའི་འབོད་ཚིག་འོག དུས་ཆེན་སྐབས་བདེ་འཇགས་ཁག་ལེན་དགོས་པའི་ཐད་ཚོགས་ཞུགས་དམག་དཔོན་སྟོང་ཕྲག་ལྷག་ལ་དམ་བཅའ་ཕུལ་བཅུག་སྟེ། ཧ་ལམ་དམག་འཐབ་ཀྱི་གྲ་སྒྲིག་ཨང་གསར་ལྟ་བུའི་རྣམ་པའི་ཐོག་ནས། བོད་མིའི་འགྲུལ་བཞུད་མཐའ་དག་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་གཙོས་བོད་ཀྱི་ས་ཁུལ་ཁག་མང་པོ་ཞིག་གི་ནང་། ཕྱི་རྒྱལ་བའི་ཡུལ་སྐོར་སྤྲོ་འཁྱམ་པ་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་པ་རེད། དཔེར་ན། ཆབ་མདོ་ས་ཁུལ་ལྟ་བུར་མཚོན་ན་ར་འོག་མཚོ་གཅིག་པུ་ཕུད། གཞན་པའི་ས་ཁུལ་དག་ཏུ་ཕྱི་ལོ་ ༢༠༠༨ ནས་ད་ལྟའི་བར་དུ་ཕྱི་རྒྱལ་བའི་ཡུལ་སྐོར་སྤྲོ་འཁྱམ་པ་ཡོང་རྒྱུ་བཀག་འགོག་བྱས་ཡོད་པ་དང་། ནག་ཆུ་ས་ཁུལ་གྱི་ས་ཆ་ཁག་ཅིག་ལའང་བཀག་སྡོམ་བྱས་ཡོད། དེ་བཞིན། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལོག་གི་བོད་ཀྱི་ས་ཁུལ་ཁག་ཅིག་ནང་དུའང་ཕྱི་རྒྱལ་བའི་ཡུལ་སྐོར་བ་ཡོང་རྒྱུ་བཀག་འགོག་བྱས་ཡོད། དེ་ནི་རྒྱ་གཞུང་གིས་བོད་ནང་སྤེལ་བཞིན་པའི་དྲག་གནོན་དམ་དྲག་ཀྱི་དངོས་ཡོད་གནས་སྟངས་རྣམས་ཕྱི་ཕྱོགས་ཀྱིས་ཤེས་རྟོགས་མི་ཡོང་བའི་ཆེད་རེད།

རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་ ༥༠ འཁོར་བའི་དུས་སྟོན་ཟེར་བའི་སྐབས་དང་བསྟུན་ནས། ཕྱོགས་གཅིག་ནས་བོད་ནང་དམ་དྲག་གི་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་ཏེ། སྔར་ལས་ལྷག་པར་བོད་ཀྱི་ས་ཁུལ་སོ་སོའི་ནང་བོད་མིའི་སྨྲ་བརྗོད་རང་དབང་དང་། འགྲུལ་བསྐྱོད་རང་དབང་། འདུ་འཛོམས་རང་དབང་། ཆོས་དད་རང་དབང་། མི་རིགས་སྐད་ཡིག་དང་རིག་གནས་རྒྱུན་འཛིན་གྱི་རང་དབང་གིས་མཚོན་པའི་ཁྲིམས་མཐུན་གྱི་ཁེ་དབང་མཐའ་དག་བཙན་འཕྲོག་དང་བཀག་སྡོམ་བྱས་ཏེ། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྡལ་བཤིག་གཏོང་བཞིན་ཡོད། ཕྱོགས་གཞན་གཅིག་ནས་རྒྱ་གཞུང་གིས་བཀའ་བརྒྱ་བཏང་བའི་ཐོག་ནས། བོད་མི་རིགས་ཀྱི་ལུས་སེམས་གཉིས་ལ་མནར་གཅོད་བཏང་སྟེ། བོད་མི་ཚོར་མི་འདོད་བཞིན་དུ་དར་དམར་བསྒྲེངས་འཛུགས་དང་རྒྱ་དཔོན་ཚོའི་པར་མཆོད་བཤམས་བྱེད་འཇུག་པ་དང་། གཞུང་གི་གོ་སྒྲིག་ལྟར་མང་ཚོགས་བཙན་གྱིས་འདུ་འཛོམས་བྱེད་བཅུག་སྟེ། རྒྱ་དམར་གཞུང་ལ་བསྟོད་བསྔགས་ཀྱི་གླུ་གཞས་དང་བྲོ་གར་སོགས་འཁྲབ་སྟོན་དང་། བཙན་དྲག་གི་སྒོ་ནས་བོད་མིར་རྩྭ་ཆེའི་རི་དྭགས་དང་གཅན་གཟན་གྱི་རྒྱན་ལྤགས་ཤོམ་སྟོན་སོགས་བྱེད་བཅུག་སྟེ། རྒྱལ་སྤྱིའི་སྒང་བོད་མི་རིགས་ཀྱིས་རྒྱ་གཞུང་ལ་དགའ་མོས་ཡོད་པའི་སྣང་བརྙན་དྲིལ་བསྒྲགས་ཡོང་ཐབས་བྱེད་ཀྱིན་ཡོད།

རྒྱ་གཞུང་གིས་ཕན་ཚུན་ནང་འགལ་གྱི་དུས་སྟོན་བྱ་འགུལ་དེ་འདྲ་ཞིག་སྤེལ་དགོས་པའི་རྒྱུ་མཚན་ནི། རྒྱ་དམར་གཞུང་གིས་བོད་ཡོངས་ལ་བཙན་འཛུལ་དྲག་གནོན་དབང་བསྒྱུར་གྱིས་མི་སེར་སྤེལ་བའི་སྲིད་ཇུས་དེར། བོད་མི་རིགས་ཀྱིས་ད་ལྟའི་བར་ཁྲིམས་མཐུན་ངོས་ལེན་མ་བྱས་པར་ངོ་རྒོལ་ལས་འགུལ་ཟམ་མ་ཆད་པར་བྱུང་བ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་དང་རང་ལུས་མེར་བསྲེགས་ཀྱི་ཞི་བའི་ངོ་རྒོལ་བྱུང་བར། འཛམ་གླིང་རྒྱལ་སྤྱིའི་སྒང་བོད་ནང་གི་དཀའ་སྡུག་གནས་སྟངས་ཐད་སྔར་ལྷག་དོ་སྣང་སླེབས་བཞིན་པའི་རྐྱེན་གྱིས། རྒྱ་གཞུང་གིས་དྲག་གནོན་དང་བཀག་སྡོམ་གྱི་སྒེར་གཅོད་ཁོ་ནར་བརྟེན་ནས་བོད་དུ་དབང་བསྒྱུར་བཞིན་པའི་ཁྲིམས་འགལ་གྱི་ངོ་བོ་སྦོས་གསང་བྱ་ཐབས་ཁོ་ནར་དམིགས་ཏེ། ཆབ་སྲིད་དྲིལ་བསྒྲགས་ཀྱི་དུས་སྟོན་བྱ་འགུལ་དེ་རིགས་སྤེལ་ཐོག བོད་རིགས་མི་དམངས་རྣམས་དགའ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པ་དང་། བོད་མི་ཚོས་རྒྱ་དམར་གྱི་དབང་བསྒྱུར་ལ་དགའ་མོས་ཡོད་པའི་སྣང་བརྙན་འཁྲབ་སྟོན་ བརྒྱུད་ནས། རྒྱལ་སྤྱིའི་སྒྲིག་འཛུགས་དང་འཛམ་གླིང་མི་དམངས་ལ་བསླུ་བྲིད་དང་། རྒྱ་དམར་གཞུང་གི་དྲག་གནོན་དབང་བསྒྱུར་དེ་ཁྲིམས་མཐུན་ཡིན་པའི་སྣང་བརྙན་བསྐྲུན་ཐབས་བྱེད་བཞིན་ཡོད་པ་རེད། ཅེས་བཀོད་འདུག

ཕྱི་ཟླ་ ༨ ཚེས་ ༡ ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་དུས་སྟོན་བྱ་འགུལ་མགོ་ཁྲིད་ཚོགས་ཆུང་དང་རྒྱ་ནག་དབུས་དྲིལ་བསྒྲགས་སྡེ་ཁག་གཉིས་ཀྱིས་མཉམ་དུ་ཚོགས་འདུ་བསྐངས་ཏེ། རྒྱ་ནག་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་། རྒྱ་ནག་རྒྱལ་སྤྱིའི་རླུང་འཕྲིན་ཁང་། རྒྱ་ནག་བརྙན་འཕྲིན་ཁང་། རྒྱ་ནག་དབུས་དྲིལ་བསྒྲགས་སྡེ་ཚན་གསར་འགྱུར་ལས་ཁུངས། བོད་རང་སྐྱོང་ལྗོངས་དམར་ཤོག་དྲིལ་བསྒྲགས་སྡེ་ཁག་བཅས་ཀྱི་ངོས་ནས་དྲིལ་བསྒྲགས་ལས་དོན་ཐད་ཀྱི་སྙན་ཞུ་ཕུལ་ཡོད་པ་རེད། སྐབས་དེར་རྒྱ་གཞུང་དབུས་དྲིལ་བསྒྲགས་སྡེ་ཁག་གི་མགོ་གཙོ་དང་རྒྱལ་ཁབ་གསར་འགྱུར་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཚའི་ཡུས་ཡཱིན་(崔玉英)གྱིས། རྒྱལ་ནང་དང་རྒྱལ་ཕྱིར་དྲིལ་བསྒྲགས་ལས་དོན་གོ་སྒྲིག་ཐོག སྣ་འཛོམས་རང་བཞིན་ལྡན་པ། གུ་ཡངས་འཕེལ་རྒྱས་དང་འཆམ་མཐུན་བརྟན་ལྷིང་བཅས་ཀྱི་བོད་ལྗོངས་ཤིག་མཐོང་ཐུབ་པ་བྱ་དགོས། ཞེས་བརྗོད་ཡོད་འདུག

ལྟེ་གནས་ཁང་གི་ཞིབ་འཇུག་བསྡོམས་རྩིས་ལྟར་ན། རྒྱ་གཞུང་གིས་བོད་ས་ཡོངས་ལ་བཙན་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་བྱུས་ལག་བསྟར་བྱས་པ་ནས་ད་ལྟའི་བར། བོད་མི་སེར་སྐྱ་མང་ཚོགས་ཀྱིས་ཕྱི་ལོ་ ༡༩༥༩ ལོའི་གསུམ་བཅུའི་ཡར་ལངས་དང་། ༡༩༨༩ ལོའི་བོད་ཀྱི་རྒྱལ་ས་ལྷ་སའི་ཡར་ལངས། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ། བོད་མིའི་ཞི་བའི་རང་ལུས་མེར་བསྲེགས་བཅས་ཀྱིས་མཚོན་པའི། མང་ཚོགས་རང་བཞིན་གྱི་ཞི་བའི་ངོ་རྒོལ་དང་། མི་སྒེར་རེ་རེའི་ངོས་ནས་རྣམ་པ་མི་འདྲ་བའི་ཞི་རྒོལ་སོགས་ཟམ་མ་ཆད་པར་བྱུང་ཡོད་ལ། ད་ལྟའི་ཆར་བོད་ཀྱི་ས་ཁུལ་གང་སར་རྒྱ་གཞུང་གིས་དམག་མི་འབོར་ཆེན་འགྲེམས་འཇོག་གིས་དམག་ས་ལྟ་བུར་བསྒྱུར་ཡོད། ལྷག་པར་དུ་བོད་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་ ༡༤༢ བྱུང་ཡོད་པ་དང་། ད་ལྟའི་ཆར་རྒྱའི་བཙོན་འོག་ཏུ་བོད་མི་ཆབ་སྲིད་བཙོན་པ་གྲངས་ ༢༡༣༩ ལྷག་མུ་མཐུད་མནར་གཅོད་མྱོང་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡༤ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༡༥ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese