ཡུན་ནན་ཅཱིས་ཧྲི་སློབ་ཆེན་གྱི་སློབ་ཕྲུག་སྟོང་ཕྲག་ལྷག་གིས་སློབ་གྲྭའི་སྒྲིག་ཆས་མེ་ལ་བསྲེགས་པ་དང་རྒྱལ་དར་མར་ཕབ་སྟེ་ངོ་རྒོལ་བྱས་ཡོད་འདུག
ཡུན་ནན་ཞིང་ཆེན་ཨན་ནེན་གྲོང་ཁྱེར་དུ་ཡོད་པའི་ཡུན་ནན་ཅཱིས་ཧྲི་སློབ་ཆེན་དང་ཡུན་ནན་ཧྭ་ཁྲིན་སློབ་ཆེན་གཉིས་ངན་འབྲེལ་གྱིས་གཡོ་ཐབས་བཀོལ་ཏེ། ཅཱིས་ཧྲི་སློབ་ཆེན་གྱི་མིང་ཐོག་ནས་ཆ་རྐྱེན་ཧ་ཅང་སྐྱོ་བོ་ཡིན་པའི་ཧྭ་ཁྲིན་སློབ་ཆེན་ནང་སློབ་མ་བསྡུས་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་སློབ་ཕྲུག་སྟོང་ཕྲག་ལྷག་གིས་ཅཱིས་ཧྲི་སློབ་ཆེན་གྱི་འབྲེལ་ཡོད་མི་སྣ་བཀག་འགོག་གིས་ངོ་རྒོལ་བྱས་ཡོད་པ་མ་ཟད། སློབ་གྲྭའི་སྒྲིག་ཆས་རྣམས་མེ་ལ་བསྲེགས་པ་དང་སློབ་གྲྭའི་རྒྱལ་དར་མར་ཕབ་སྟེ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་། དེ་མ་ཐག་ཉེན་རྟོག་པ་མང་པོ་བསླེབས་ནས་ལས་འགུལ་མཚམས་འཇོག་ཏུ་བཅུག་ཡོད་འདུག
པའོ་ཞིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། སློབ་ཕྲུག་ཚོའི་རེ་སྐུལ་བསྒྲགས་གཏམ་ཞིག་དྲ་ཐོག་ལ་བཀྲམ་ཡོད་པ་དང་དེའི་ནང་། ཡུན་ནན་ཅཱིས་ཧྲི་སློབ་ཆེན་གྱི་སློབ་གསོ་ནི་སྐྱག་རྫུན་རེད། ང་ཚོས་མིང་ཐོ་འགོད་སྐབས་སློབ་ཁང་གསར་བའི་ནང་དུ་སློབ་སྦྱོང་བྱ་རྒྱུ་བྱས་ཡོད་ཀྱང་། ང་ཚོ་སློབ་གྲྭ་དེའི་ཡན་ལག་ཚུའུ་བྷ་(茨坝)ཟེར་བའི་སློབ་གྲྭ་ནང་བཅུག་སོང་བ་དང་། སློབ་གྲྭ་དེའི་ཁོར་ཡུག་དང་ཆ་རྐྱེན་ཧ་ཅང་སྐྱོ་བོ་ཡོད་པ་མ་ཟད་རྩ་བ་ནས་མི་སྡོད་ས་ཞིག་རེད་མི་འདུག ཡིན་ན་ཡང་སློབ་ཡོན་སྒོར་ ༦༦༠༠ སྤྲོད་དགོས་པ་གཅིག་པ་རེད་འདུག ཅེས་བཀོད་ཡོད་འདུག
སློབ་མ་སོ་མཱ་གི་ཐེའོ་ (Suoma Gediao)ཡིས་ཡུན་ནན་ཅཱིས་ཧྲི་སློབ་ཆེན་གྱིས་ལུག་མགོ་བཀལ་ནས་ཁྱི་ཤ་བཙོང་གིན་འདུག ང་ཚོས་མིང་ཐོ་འགོད་ས་ནི་ཅཱིས་ཧྲི་སློབ་ཆེན་ཡིན་ཡང་། ད་ལྟ་གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་པར་ང་ཚོ་ཧྭ་ཁྲིན་ཞེས་པའི་སློབ་ཆེན་ཞིག་ཏུ་བཅུག་སོང་། ཁོ་ཚོར་ངོ་ཚ་ཟེར་བ་ཞིག་གཏན་ནས་མི་འདུག སློབ་ཕྲུག་དང་ཁྱིམ་མི་ཚོར་མགོ་སྐོར་བཏང་ནས་སློབ་མ་བསྡུ་ཐབས་བྱས་པ་དེ་ལས་རྒྱུས་འབྲས་མེད་པའི་བྱ་སྤྱོད་ཅིག་ཡིན་སྐོར་བརྗོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།