རྒྱ་གཞུང་ཉེན་རྟོག་པས་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་ཆོས་འཕེལ་ཞུ་བ་ཞིག་འཛིན་བཟུང་བྱས་ཡོད་འདུག
འབྲེལ་ཡོད་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༠ ཉིན་རེབ་གོང་རོང་བོ་དགོན་ཆེན་གྱི་རང་ལོ་ ༤༦ ཡིན་པའི་དགེ་འདུན་པ་ཆོས་འཕེལ་ཞུ་བ་ཞིག རྒྱ་གཞུང་ཉེན་རྟོག་པས་དགོན་པ་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟ་རེབ་གོང་རྫོང་ཐོག་ཏུ་ཡོད་པའི་བྲག་དམར་འོག་གི་བཙོན་ཁང་དུ་མུ་མཐུད་བཀག་ཉར་བྱས་ཡོད་འདུག
ཁོང་འཛིན་བཟུང་བྱེད་དགོས་དོན་ཅི་ཡིན་གྱི་གནས་ཚུལ་ད་ལྟའང་གསལ་ཁ་བྱུང་ཐུབ་མེད་ཀྱང་། ས་གནས་བོད་མི་ཚོས་ཁོང་གིས་སྐད་འཕྲིན་ནང་༸གོང་ས་མཆོག་གི་སྐུ་པར་ཁ་ཤས་ཤིག་བརྒྱུད་བསྐུར་དང་ཉར་ཚགས་བྱས་པའི་རྐྱེན་གྱིས་ཡིན་པར་དོགས་པ་བྱེད་བཞིན་ཡོད་འདུག
གྲྭ་ཆོས་འཕེལ་ལགས་ནི་རེབ་གོང་སྒོ་དམར་གྲོང་ཚོ་རུ་སྐྱེས་ཤིང་། ཆུང་དུས་ནས་རེབ་གོང་རོང་བོ་དགོན་པའི་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཞུགས་ཡོད་པ་དང་། ད་ལྟ་འདུལ་བ་འཛིན་གྲྭར་བསླེབས་ཡོད་འདུག
གསར་འགོད་པ། པདྨ་མཚོ།