རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་ནས་དྲག་སྤྱོད་རིང་ལུགས་པའི་ཟིང་འཁྲུག་ལ་སེམས་ཁྲལ་དགོས་པ་ལས་རྒྱ་གཞུང་གི་མཛུབ་སྟོན་ལ་དོགས་ཟོན་མི་དགོས་སྐོར་བརྗོད་འདུག
རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་པའི་ནང་། ཁ་སང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཟེར་བ་བྷུལ་གྷེ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ནང་རྒྱལ་དོན་སྐོར་སྐྱོད་བྱེད་སྐབས། རྒྱལ་སྤྱིའི་རྩ་འཛིན་དང་མ་འགལ་བའི་ཐོག་ནས། རྒྱ་ནག་གིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པར་འགོག་རྒོལ་བྱེད་པ་དང་འཇིགས་སྐུལ་རིང་ལུགས་པའི་རྒོལ་འཛིང་ཁྲོད་ཚུད་པའི་རྒྱལ་ཁབ་ཁག་ལ་མཐའ་གཅིག་ཏུ་རོགས་འདེགས་བྱེད་འདོད་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ནས་དྲག་སྤྱོད་རིང་ལུགས་པའི་རྒོལ་འཛིང་ལ་སེམས་ཁྲལ་དགོས་པ་ལས། རྒྱ་གཞུང་གིས་དྲག་སྤྱོད་པར་འགོག་རྒོལ་བྱེད་པའི་མཛུབ་སྟོན་ལ་རྒྱལ་སྤྱིའི་ཐོག་ནས་དོགས་ཟོན་མི་དགོས་མོད། འོན་ཀྱང་དྲགས་ཤུགས་ཁོ་ནར་བརྟེན་ནས་རྒྱལ་ཁབ་ཅིག་གི་ཆབ་སྲིད་རྙོག་འཛིང་སེལ་ཐབས་མེད་ཚུལ་དང་། ཡང་རྒྱ་ནག་གཞུང་རང་འགུལ་གྱིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པར་འགོག་རྒོལ་བྱེད་པའི་འཐབ་འཁྲུག་ནང་མཉམ་ཞུགས་བྱས་ཡོད་ལུགས་སོགས་བརྗོད་འདུག
ཡིན་ན་ཡང་རྒྱ་ནག་གཞུང་གིས་བར་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ནས། ཨུ་རུ་སུ་དང་སེ་རི་ཡ་རྒྱལ་ཁབ་གཉིས་བར་གྱི་རྩོད་རྙོག་ཐད་མང་མོས་ཀྱིས་བསམ་ཤོག་བསྡུ་རུབ་གནང་བར་མོས་མཐུན་བྱས་ཀྱང་། རྒྱ་ནག་གིས་སེ་རི་ཡའི་རྒྱལ་ནང་གི་དུས་ཟིང་ལ་ཐེ་གཏོགས་བྱས་ཏེ། སེ་རི་ཡའི་ཆབ་སྲིད་རྙོག་འཛིང་འདུམ་ཐབས་དགོས་པར་སྐུལ་སློང་བྱེད་ཀྱི་ཡོད་པ་མ་ཟད། ཧ་ཅང་ཉག་ཕྲ་བའི་ཕྱི་འབྲེལ་སྲིད་ཇུས་ལ་བརྟེན་ནས་རྒྱ་ནག་གིས་དཀྱིལ་ཤར་ཡུལ་གྲུ་ཁག་གི་རྡོ་སྣུམ་ནང་འདྲེན་བྱེད་ཐུབ་པའི་ཆེད་དུ། དམག་འཐབ་ཁོ་ནར་བརྟེན་ནས་རྒྱལ་ནང་གི་རྩོད་རྙོག་སེལ་ཐབས་མེད་ལུགས་ཀྱི་ཉེན་བརྡ་གཏོང་གི་ཡོད་ལ། དེ་བཞིན་རྒྱ་གཞུང་གིས་ཞིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ཀྱི་ཁ་ཆེའི་འཇིགས་སྐུལ་བས་ཕྱི་ཕྱོགས་ལ་ངན་འབྲེལ་བྱས་ནས་སེ་རི་ཡ་དང་ཨེ་རག་ནང་མུ་མཐུད་ཟིང་འཁྲུག་བསླང་སྲིད་པར་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་ ༩ ནས་ཨུ་རུ་སུའི་གཞུང་གིས་ཕྱི་ཕྱོགས་ཀྱི་ཟིང་འཁྲུག་ནང་ལག་བསྲིངས་ཏེ་སེ་རི་ཡའི་རྒྱལ་ནང་གི་དུས་ཟིང་དམིགས་འབེན་དུ་བཟུང་བར། ནུབ་གླིང་རྒྱལ་ཁབ་ཁག་ཅིག་གིས་ཨུ་རུ་སུས་སེ་རི་ཡའི་རྒྱལ་ནང་གི་ཁ་ཆེ་དྲག་སྤྱོད་པར་རྒོལ་འཛིང་མི་བྱེད་པར། སེ་རི་ཡའི་སྲིད་འཛིན་བྷ་ཤཱར་ཨལ་ཨ་ས་ཌིར་ (Bashar al-Assad) རོགས་འདེགས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་གནང་གི་ཡོད་ལ། ཨ་རི་སོགས་མནའ་འབྲེལ་རྒྱལ་ཁབ་ཁག་ཅིག་གིས་སེ་རི་ཡའི་རྒྱལ་ནང་དུ་མཁའ་དམག་ཆེད་གཏོང་བྱས་ཏེ། སེ་རི་ཡའི་སྲིད་འཛིན་བྷ་ཤཱར་ཨལ་ཨ་ས་ཌི་ཡི་ཁ་གཏད་ཤོག་ཁག་ལ་རོགས་འདེགས་བྱེད་བཞིན་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།