རྒྱ་ནག་ཐན་ཅིན་གྲོང་ཁྱེར་ཉེན་རྟོག་ཁང་གི་དཔོན་རིགས་ ༤ ཡིས་ཁྲིམས་འགལ་ཚབས་ཆེན་བྱས་པའི་ནག་ཉེས་འོག་ཏང་ནང་ནས་ཕུད་དེ་ཞིབ་བཤེར་བྱེད་བཞིན་ཡོད་འདུག
ཁ་སང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཐན་ཅིན་གྲོང་ཁྱེར་ཉེན་རྟོག་ཁང་གི་སྐོར་ཞིབ་དམག་སྡེ་ ༢༡ པའི་འགན་འཛིན་ཟུར་བ་ཕང་ཝིན་ཧྲིན་ (Pang Wensheng) དང་། ཐན་ཅིན་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཉེན་རྟོག་ཁང་གི་སྐོར་ཞིབ་གཞོན་པ་ཁྲིན་ཧི་ཕིན་ (Chen Heping)། ཐན་ཅིན་གྲོང་ཁྱེར་ཉེན་རྟོག་ཁང་ཁྲིམས་ལུགས་གཞུང་སྒྲུབ་ཁང་གི་མགོ་གཙོ་གཞོན་པ་སོན་ཞའོ་ཡེ་ (Sun Xiaoyue)། ཐན་ཅིན་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཁང་གི་དོ་དམ་ལས་བྱེད་དམ། ཐན་ཅིན་ཧྭ་ཐོན་ཧྲི་ཡེ་ཁེ་ལས་ཁང་གི་འགན་འཛིན་ཏའོ་ཆན་ཧྲོན་ (Du Quanshun) བཅས་དཔོན་རིགས་ ༤ ཡིས་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཏང་ནང་ནས་ཕུད་དེ་གོ་གནས་ཕབ་ཡོད་པ་མ་ཟད། ད་ལྟའི་ཆར་ཁྲིམས་འཛིན་ལྷན་ཁང་གིས་ཁོ་ཚོའི་ཉེས་དོན་ལ་རྟོག་ཞིབ་བྱེད་བཞིན་ཡོད་འདུག
གནས་ཚུལ་དེའི་ནང་། ལོ་འདིའི་ཕྱི་ཟླ་ ༢ ཚེས་ ༡༣ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁག་གིས་ཏང་དང་གོ་གནས་ནས་ཕྱིར་ཕུད་བཏང་བའི་ཐན་ཅིན་གྲོང་ཁྱེར་ཉེན་རྟོག་ཁང་གི་འགན་འཛིན་དང་། ཐན་ཅིན་གྲོང་ཁྱེར་གྱི་སྲིད་གྲོས་ཀྱི་མགོ་ཁྲིད་ཟུར་བ་ཝོ་ཁྲང་ཧྲོན་ལ་འབྲེལ་བ་ཡོད་པ་དང་། ཕང་ཝིན་ཧྲིན་དང་ཁྲིན་ཧི་ཕིན་གཉིས་ཀྱིས་ཝོ་ཁྲང་ཧྲོན་གྱིས་སྟངས་འཛིན་འོག་ཡོད་པའི་ཁེ་ལས་ཁང་གི་ཁེ་སྤོགས་ལེན་ཕྱིར་དབང་ཆ་སྒེར་སྤྱོད་བྱས་ཏེ་ལྐོག་རྔན་འབོར་ཆེན་བླངས་ཡོད་པ་དང་། དེ་བཞིན། སོན་ཞའོ་ཡེས་མི་གཞན་བརྒྱུད་ནས་ཝོ་ཁྲང་ཧྲོན་ལ་ལྐོག་རྔན་འབོར་ཆེན་ཐེངས་མང་པོར་སྤྲད་ཡོད་སྟབས། ཁོ་ལ་ཝོ་ཁྲང་ཧྲོན་གྱི་རྒྱབ་སྐྱོར་འོག་གོ་གནས་འཕར་ཡོད་པ་དང་། ཝོ་ཁྲང་ཧྲོན་གྱིས་མོས་མཐུན་བྱས་པ་བརྒྱུད་ཏའོ་ཆན་ཧྲོན་གྱིས་ཐེངས་མང་པོར་ཁེ་ལས་ཁང་དེའི་དངུལ་སྒེར་སྤྱོད་བྱས་ཡོད་པ་མ་ཟད། ཁོ་རང་གིས་གང་འདོད་ཀྱིས་ཁེ་ལས་ཁང་གི་དངུལ་མང་པོ་སྒེར་སྤྱོད་བྱས་ཡོད་སྐོར་བརྗོད་འདུག
འདི་ལོར་རྒྱ་ནག་གི་ཚཱད་ཞིན་དྲ་བས་ཝོ་ཁྲན་ཧྲོན་ནི་ཐན་ཅིན་གྱི་སྟག་རྒན་དང་པོ་ཡིན་པ་དང་། ཁོ་བོ་རྒྱ་སྒོར་ཐེར་འབུམ་ ༧༤ ལྷག་གི་གྱོད་དོན་དང་འབྲེལ་བ་ཡོད་སྐོར་བཀོད་པའི་ནང་། ཁོ་བོ་སྒེར་གྱིས་རྒྱ་སྒོར་ཐེར་འབུམ་ ༤ ལྷག་ལྐོག་ཟ་བྱས་ཡོད་པ་དང་། རྒྱ་སྒོར་ཁྲི་ ༨༤༠༠ ལྷག་གི་གོ་གནས་ཉོ་ཚོང་བྱས་པ། རྒྱ་སྒོར་ཁྲི་ ༡༠༠༠ ལྷག་གི་ལྐོག་རྔན་བླངས་ཡོད་པ། དེ་བཞིན་སྤྱི་རྒྱུ་རྒྱ་སྒོར་ཐེར་འབུམ་ ༡ ལྷག་སྒེར་བདག་བྱས་ཡོད་པ་མ་ཟད། ཁོ་བོ་དང་ཉེ་ལམ་བཙོན་དུ་ཡོད་པའི་རྒྱ་ནག་མཐོ་རིམ་དཔོན་རིགས་ཀྲུའུ་ཡོན་ཁཱང་དང་འབྲེལ་བ་ཟབ་མོ་ཡོད་ལུགས་སོགས་བཀོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།