མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལ་རེ་བ་བརྒྱབ་ནས་ཡོང་བ་ཡིན་སྟབས་ནད་པའི་གནས་སྟངས་སྡུག་པོ་ཆཊ་དུས་ངུ་དགོས་བྱུང་གི་འདུག

བོད་ཀྱི་དུས་བབ།
༢༠༡༥/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

 

དང་བླངས་སྤྱི་ཚོགས་ཞབས་ཞུ་མ་ཨ་ཅག་ཚེ་རིང་སྒྲོལ་དཀར་ལགས་ཀྱིས་རྒྱ་གར་བྱང་ཁུལ་དུ་ཡོད་པའི་གྲོང་ཁྱེར་ཅན་དྷི་སྒར་དུ། ལོ་ངོ་ ༢༠ མ་ཟིན་ཙམ་གྱི་རིང་ནད་པ་ཁྲི་སྟོང་བརྒལ་བར་སྨན་པར་བསྟེན་གཏུག་ལ་རོགས་རམ་དང་། བདག་མེད་ཉམ་ཐག་གི་ནད་པ་མང་པོར་རོགས་དངུལ་འཚོལ་ཐབས་དང་ནད་གཡོག་བྱེད་པ་སོགས་རོགས་རམ་ཧ་ཅང་ལེགས་པོ་གནང་བཞིན་ཡོད་སྟབས། འདི་གའི་གསར་འགོད་པ་ཅན་དྷི་སྒར་ལ་སྨན་པར་སྟོན་དུ་ཕྱིན་པའི་སྐབས་དང་བསྟུན་ཏེ་ཁོང་མོར་བཅར་འདྲི་ཞུས་ཡོད།

 

222ཨ་ཅག་ཚེ་རིང་སྒྲོལ་དཀར་ལགས་ཀྱི་པ་ལགས་སྟོད་སྤུ་ཧྲེང་ནས་ཡིན་པ་དང་། ཁོང་མོ་བལ་ཡུལ་སྦོག་ར་བྱམས་པ་གླིང་གཞིས་ཆགས་སུ་སྐྱེས་འཚར་བྱུང་ཞིང་། ཆུང་དུས་ནས་བོད་ཁྱིམ་སློབ་གྲྭའི་ནང་འཛུལ་ཞུགས་ཀྱིས་འཛིན་རིམ་ ༡༢  ཐོན་རྗེས། ཅན་དྷི་སྒར་མཐོ་སློབ་ཏུ་ཕྱིན་པ་དང་། མཐོ་སློབ་ཀྱི་སློབ་ལོ་དང་པོ་ནས་བཟུང་སྤྱི་ཚོགས་འབྲེལ་མཐུད་པའི་(Public Relations officer)ཕྱག་ལས་གནང་ཡོད་འདུག མཐོ་སློབ་ཀྱི་ལོ་ངོ་ ༥ རིང་ས་གནས་གཞོན་ནུའི་ཚོགས་མི་དང་རྒྱུན་ལས་གནང་སྟེ། ཅན་དྷི་སྒར་དུ་ཡོང་བའི་ནད་པ་མང་པོར་རོགས་རམ་གནང་ཡོད་པ་དང་། ཁོང་མོ་འཛིན་རིམ་ ༨ པར་བསླེབས་སྐབས་ཕ་མ་གཉིས་སྐུ་གྲོངས་ཡོད་པ་དང་། མིང་སྲིང་ ༥ ཡོད་པའི་ནང་ནས་ཁོང་མོ་རྒན་ཤོས་དེ་ཡིན་སྟབས། ཕ་མ་གཉིས་ཀྱི་ཚབ་བྱས་ཏེ་སྤུན་ཆུང་བ་རྣམས་ལ་ལྟ་སྐྱོང་གནང་ཡོད་པ་མ་ཟད། ནད་པ་ཁྲི་སྟོང་བརྒལ་བར་དང་བླངས་ཀྱིས་རོགས་གནང་སྟེ་ལོ་ངོ་ ༢༠ མ་ཟིན་ཙམ་འགྲོ་བཞིན་ཡོད་སྟབས། རྒྱ་བལ་འབྲུག་གསུམ་ན་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁོང་མོར་༼བོད་ཀྱི་ཨ་མ་ཋི་རི་སཱ༽ཞེས་ཀྱང་འབོད་ཀྱི་འདུག་ལ། ནད་པ་ཚོས་ཁོང་མོར་བྲིས་པའི་ཉིན་ཐོ་འབྲི་དེབ་མཐུག་པོ་དེའི་ནང་དུ། བོད་ཀྱི་རླབས་ཆེན་གྱི་ཨ་མ་ལགས། ཁྱེད་ཀྱིས་ང་ལ་ཚེ་སྲོག་གསར་པ་ཞིག་གནང་བར་བཀའ་དྲིན་ཆེ་ཟེར་བ་དང་། ང་ཚོའི་སྤྱི་ཚོགས་ནང་ཁྱེད་ལྟ་བུའི་བུད་མེད་གང་མང་ཞིག་བྱུང་ཐུབ་ན་ཅི་མ་རུང་ཟེར་བ་སོགས་བྲིས་འདུག

 

གསར་འགོད་པས་ཁོང་མོར་དང་བླངས་སྤྱི་ཚོགས་ཞབས་ཞུའི་བསམ་བློ་དེ་ཐོག་མར་ཇི་ལྟར་འཁོར་བ་དང་། དམིགས་བསལ་གྱི་ཤུགས་རྐྱེན་དེ་འདྲ་ཐེབས་ནས་མགོ་བརྩམས་པ་ཡིན་ནམ། ཡང་ན་རང་བཞིན་གྱིས་སྤྲོ་སྣང་བསླེབས་ཏེ་ལས་དེར་ཞུགས་པ་ཡིན་དྲིས་པར་ཁོང་མོས། ང་རང་སློབ་གྲྭའི་ནང་དུ་ཡོད་སྐབས་དངུལ་གྱི་དཀའ་ངལ་ཞེ་དྲགས་ཡོད། ང་ལ་ཕ་མ་གཉིས་མེད་སྟབས། གུང་གསེང་གི་སྐབས་སུ་གཞིས་ཆགས་ནང་ཡོད་པའི་ངའི་པ་ལགས་ཀྱི་ཕ་ཡུལ་གཅིག་པ་ཞིག་གི་ནང་དུ་འགྲོ་ཡི་ཡོད། ཐེངས་ཤིག་ང་ཁོང་ཚོའི་ནང་དུ་གུང་གསེང་ལ་ཕྱིན་པ་དང་། ང་ལ་གོས་ཐུང་ཞིག་དགོས་ཀྱི་འདུག་ལབ་པ་ཡིན། ཨ་ཅག་ལགས་དེས་དེ་རིང་ནས་བཟུང་ཁྱེད་རང་གི་པ་ལགས་ཀྱིས་བཞག་པའི་དངུལ་ཚང་མ་རྫོགས་སོང་བ་རེད་ཅེས་ལབ་བྱུང་། དེ་ནས་བཟུང་གུང་གསེང་སྐབས་གཞིས་ཆགས་ནང་ཕྱིན་ནའང་ཆོད་མི་འདུག་པས་ཅན་དྷི་སྒར་ནས་བསྡད་བཞག་པ་ཡིན། ང་རང་གཞོན་ནུའི་རྒྱུན་ལས་ཡིན་སྐབས་ཅན་དྷི་སྒར་དུ་ནད་པ་གསར་པ་མང་པོ་ཡོང་སྟེ། སྐད་མ་ཤེས་པ་སོགས་ཀྱི་དཀའ་ངལ་འཕྲད་དེ་ཉིན་ཁ་ཤས་རེར་ངུས་བསྡད་པ་དེ་འདྲ་མང་པོ་མཐོང་མྱོང་ཡོད་སྟབས། ཡར་མར་གུང་གསེང་ལ་འགྲོ་བ་ལས་ཁོང་ཚོར་རོགས་པ་བྱས་ནས་བསྡད་ན་ཡག་པོ་འདུག་བསམ་སྟེ། ནད་པ་ཚོར་སྨན་ཁང་དུ་བསྟེན་གཏུག་དང་སྐད་བསྒྱུར་སོགས་ཀྱི་རོགས་རམ་བྱས་ནས་བསྡད་པ་དང་། དེ་ནས་བཟུང་ལས་ཀ་འདི་མཚམས་མ་བཞག་པར་མུ་མཐུད་དུ་བྱས་ནས་སྡོད་ཀྱི་ཡོད། ཅེས་བརྗོད་བྱུང་།

 

ད་ལྟའི་བར་དུ་ནད་པ་ག་ཚོད་ཅིག་ལ་རོགས་རམ་གནང་ཡོད་པ་དང་། དེ་ཚོའི་ནང་ནས་དྲག་སྐྱེད་བྱུང་བ་དང་འདས་གྲོངས་སུ་ཕྱིན་པ་ག་ཚོད་ཤེས་རྟོགས་བྱུང་སྐོར་དྲིས་པར། ཕྱི་ལོ་ ༡༩༩༧ ནས་བཟུང་ནད་པར་རོགས་རམ་གྱི་ལས་ཀ་འདི་མུ་མཐུད་ནས་བྱས་བསྡད་པ་ཡིན་ལ། སྔོན་མ་ཡིན་ན་ལོ་རེར་ནད་པ་ ༡༠༠ དེ་འདྲ་ཡོང་གི་རེད། ཡིན་ནའང་།  དེང་སང་རྒྱ་གར་ལྷོ་ཕྱོགས་དང་འབྲུག ཨ་རུ་ནཱ་ཅལ། ར་ཝང་ལཱ། དེ་བཞིན་དྷ་རམ་ས་ལ་སོགས་ནས་ནད་པ་མང་པོ་ཡོང་གི་ཡོད་སྟབས། ལོ་རེར་ནད་པ་ ༤༠༠ ནས་ ༥༠༠ ཙམ་ལ་རོགས་པ་བྱེད་ཀྱི་ཡོད། ནད་པ་ཁ་ཤས་ལོ་རེར་ཐེངས་བཞི་ལྔར་སྨན་པར་བསྟེན་གཏུག་བྱེད་དུ་ཡོང་དགོས་བྱུང་བ་དང་། ཡང་གཤག་བཅོས་བཏང་བའི་ནད་པ་ཁ་ཤས་ལ་ཟླ་བ་གསུམ་དེ་འདྲ་འགོར་གྱི་འདུག ཡིན་ནའང་། དེ་ཚོ་ནད་པ་གཅིག་རང་ལ་མ་གཏོགས་གྲངས་ཀའི་ནང་དུ་རྩི་ཡི་མེད། ད་ལྟའི་བར་དུ་ང་ཚོའི་ནད་པ་ཧ་ཅང་མང་པོ་སངས་དྲག་ཏུ་སོང་ཡོད་ལ། ན་ཚ་རྙིང་པ་ཆགས་ཏེ་ཕྱི་དྲགས་པ་སོགས་ཀྱིས་ཁ་ཤས་འདས་གྲོངས་སུའང་ཕྱིན་སོང་ཞེས་ཟེར།

 

འདས་པའི་ལོ་ངོ་ ༢༠ མ་ཟིན་ཙམ་གྱི་རིང་ནད་པ་མང་པོར་རོགས་རམ་གནང་བའི་བརྒྱུད་རིམ་ཁྲོད། དཀའ་ངལ་གཙོ་བོ་ག་རེ་འཕྲད་སོང་དྲིས་པར་ཁོང་མོས། དཀའ་ངལ་གཙོ་བོ་ནད་པ་ཚོར་སྡོད་ས་ཡག་པོ་མེད་པ་དེ་རེད། སྔོན་མ་ངས་ནད་པ་ཚོར་ཁང་པ་ཞིག་གཡར་ཡོད་ཀྱང་། མཚམས་རེར་ནང་དུ་ཐིགས་པ་བརྒྱབ་པ་སོགས་དཀའ་ངལ་ཆེན་པོ་འཕྲད་བྱུང་། མ་གཞི་ནས་ཅན་དྷི་སྒར་དུ་ཁང་པ་རག་ཧ་ཅང་ཁག་པོ་ཡོད་པ་རེད། ཁང་བདག་མང་པོས་ལོ་དང་ལོ་བྱས་ནས་འདུག་མཁན་གྱི་སློབ་ཕྲུག་ཚོ་མ་གཏོགས་ནད་པར་ཁང་པ་གཡར་བ་ཉུང་ཉུང་ཡིན་ལ། གོང་ཡང་ཆེན་པོ་རེད། ད་ལྟ་ངས་ནད་པ་སྡོད་ས་ཞིག་གྲ་སྒྲིག་བྱས་ཡོད་པ་དང་། ཁྱོན་ཉལ་ཁྲི་བཅུ་གཉིས་ཙམ་ཡོད། ནད་པ་དངུལ་སྤྲོད་ཐུབ་མཁན་ཞིག་ཡིན་ན་ཉལ་ཁྲི་རེར་མཚན་གཅིག་ལ་ཧིན་སྒོར་ ༥༠ ཡིན། ནད་པ་དཀའ་ངལ་ཡོད་མཁན་ཚོར་དངུལ་ལེན་གྱི་མེད། ཁང་པའི་ནང་དུ་སོལ་རླངས་ཐབ་(Gas)སོགས་ཐབ་ཆས་ཆ་ཚང་གྲ་སྒྲིག་བྱས་ཡོད་སྟབས། སོ་སོས་འབྲས་དང་གྲོ་སོགས་ཉོས་ཏེ་སྡོད་ཁང་ནང་ནས་ཟ་མ་བཟོས་ན་འགྲོ་སོང་ཆེན་པོ་གཏོང་དགོས་པ་མ་རེད། ཅེས་བརྗོད་བྱུང་།

 

ང་ཚོ་བོད་པའི་སྤྱི་ཚོགས་ནང་ན་ཚ་མང་པོས་ག་རེ་ཡོང་གི་ཡོད་པ་དང་། རྒྱུ་རྐྱེན་གཙོ་བོ་ག་རེ་ཡིན་དྲིས་པར། ང་ཚོ་བོད་པའི་ནང་ན་ཚ་ཚབས་ཆེ་ཤོས་དང་མང་ཤོས་དེ་མཆིན་པའི་གཉན་ཚད་བྷི་(Hepatitis B)རེད་འདུག དེ་ནས་བད་ཀན་སྨུག་པོ་དང་ཁྲག་ཤེད་ཀྱི་ན་ཚ་བྱུང་མཁན་མང་པོ་འདུག་ལ། དེ་བཞིན་མཁལ་མ་འཕྲོ་བརླག་ཏུ་འགྲོ་མཁན་ཡང་མང་པོ་ཡོང་གི་འདུག སྤྱིར་བཏང་མིད་ཐག་འབྲས་སྐྲན་དང་རྒྱུ་མ་འབྲས་སྐྲན། ཕོ་བ་འབྲས་སྐྲན་སོགས་ཀྱི་འབྱུང་རྐྱེན་གཙོ་བོ་ང་ཚོ་བོད་པ་ཚོས་ཤ་ཟ་རྒྱུ་མང་དྲགས་པ་དང་། ཚལ་དང་ཤིང་ཏོག་སོགས་ལྗང་པོའི་རིགས་ཟ་རྒྱུ་ཉུང་དྲགས་པས་རེད་བསམ་གྱི་འདུག ནད་པ་མང་པོ་ཞིག་གིས་དུས་ཐོག་ལ་བརྟག་དཔྱད་མ་བྱས་པའི་སྐྱོན་ཆེན་པོ་ཡོང་གི་འདུག དཔེར་ན། བོད་པའི་ནད་པ་རྒན་འཁོགས་ཤིག་ཡིན་ན། བརྒྱ་ཆ་བརྒྱ་ཐམ་པ་འབྲས་སྐྲན་ཡིན་ཡིན་པ་རེད། རྒྱ་གར་གྱི་ནད་པ་ཨ་མ་རྒན་འཁོགས་ཤིག་ཡིན་ནའང་འབྲས་སྐྲན་ཆགས་པ་ཉུང་བ་འདུག་ཅེས་ཟེར།

 

liverཡང་བོད་པའི་གྲྭ་བཙུན་ནང་མཆིན་པའི་གཉན་ཚད་བྷི་ཕོག་མཁན་མང་པོ་ཡོད་པའི་རྒྱུ་མཚན་སྐོར་ལ་ཁོང་མོས། མཆིན་པའི་གཉན་ཚད་བྷི་དེ་ཁྲག་དང་ཆུ་སེར་ནས་ཕར་ཚུར་འགོས་ཀྱི་ཡོད་པ་རེད། སྨན་པ་ཚོས་གྲྭ་བ་ཨ་ནེ་རྣམས་ཀྱིས་ཆང་ས་རྒྱག་གི་མེད་པས། ན་ཚ་དེ་ག་འདྲ་བྱས་ནས་འགོས་ཀྱི་ཡོད་པ་རེད་ཟེར་ནས་དོགས་འདྲི་བྱེད་ཀྱི་འདུག འདས་པའི་ལོ་མང་རིང་ནད་པ་མང་པོས་སོ་སོའི་ལོ་རྒྱུས་བཤད་སྐབས། གྲྭ་ཚང་ཁག་མང་པོའི་ནང་སྐྲ་བཞར་བྱེད་ཀྱི་བཞར་གྲི་(Blades)གཅིག་གི་རྣོ་ཁ་མ་རྫོགས་བར་དུ་གྲྭ་བ་མང་པོར་བེད་སྤྱོད་གཏོང་སྲོལ་ཤུགས་ཆེན་པོ་ཡོད་པ་དང་། མགོ་ལ་རྨ་བཟོས་པའི་ཁྲག་སོགས་བརྒྱུད་ནས་ན་ཚ་དེ་ཕན་ཚུན་འགོས་ཀྱི་ཡོད་སྟབས། གྲྭ་བཙུན་ཚོས་དེ་ལ་དོ་སྣང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག བཞར་གྲི་གཅིག་ལ་གོང་ཧ་ཅང་ཁེ་པོ་ཡིན་ནའང་དེ་མ་ཉོས་པར་སོ་སོར་ན་ཚ་ཆེན་པོ་ཞིག་འགོས་པ་ཡིན་ན་དཔེ་ཕངས་པོ་རེད། དེ་བཞིན། ང་རང་གིས་ཡར་མར་ལྟ་ཡོང་དུས། ཨ་ར་བཞར་བྱེད་ཀྱི་འཕྲུལ་ཆས་དེའང་གྲྭ་བའི་ནང་ཞེ་དྲགས་གཡར་རེས་བྱེད་ཀྱི་ཡོད་ས་རེད། གྲྭ་བཙུན་ནད་པ་ཚོར་ང་ཚོ་བོད་པའི་ནང་མཆིན་པའི་གཉན་ཚད་ཡོད་མཁན་མང་པོ་འདུག་ལབ་དུས། ག་རེ་ཡིན་ན་ཤ་དང་མར་མང་པོ་ཟ་ཡི་ཡོད་པའི་རྐྱེན་གྱིས་ཡིན་ནམ་ཟེར་ནས་ན་ཚ་དེའི་འགོས་རྐྱེན་ཤེས་ཀྱི་མི་འདུག དེར་བརྟེན་ངས་དགོན་པ་ཁག་ལ་དམིགས་བསལ་གྱིས་ཞུ་དགོས་པ་ཞིག་ལ། བཞར་གྲི་གཅིག་གིས་བཞར་ཐེངས་དགུ་བཅུ་ག་ཚོད་འདང་གི་ཡོད་ནའང་། གཞན་སུ་ལའང་མི་གཡར་བར་སོ་སོ་གཅིག་པུས་བེད་སྤྱོད་གཏོང་རོགས་ཞེས་འབོད་སྐུལ་ཞུ་བ་ཡིན། དེ་ལྟར་བྱས་ན་ང་ཚོའི་སྤྱི་ཚོགས་ནང་ན་ཚ་དེ་འགོས་ཁྱབ་ཏུ་འགྲོ་ངེས་མ་རེད། གཞན་ཡང་། ཁྲག་ཤེད་མཐོ་བོ་ཡོད་པ་སོགས་ཀྱིས་མཁལ་མ་འཕྲོ་བརླག་ཏུ་འགྲོ་མཁན་མང་པོ་ཡོད་སྟབས།  མཁལ་མའི་ཞལ་འདེབས་སྤྲོད་རོགས་ལབ་མཁན་མང་པོ་ཡོང་གི་ཡོད་པ་རེད།  མཁལ་མའི་ཞལ་འདེབས་སློང་སྐབས་གཙོ་བོ་ཤ་ཁྲག་གཅིག་པ་འདྲ་བོ་རག་ན་འཕྲོད་ཤོས་དང་ཡག་ཤོས་རེད་མ་གཏོགས་ཅི་བྱུང་གང་བྱུང་གིས་མཁལ་མའི་ཞལ་འདེབས་ལེན་རྒྱུ་ཡོད་པ་མ་རེད་ཞེས་ཟེར།

 

མཆིན་པའི་གཉན་ཚད་འགོས་ན་ནད་རྟགས་ག་འདྲ་ཐོན་གྱི་ཡོད་པ་དང་། སྨན་བཅོས་བྱས་ན་ན་ཚ་དེ་སངས་དྲག་ཏུ་འགྲོ་ཐུབ་ཀྱི་ཡོད་མེད་དྲིས་པར་ཁོང་མོས། སྤྱིར་བཏང་མཆིན་པ་དེ་ང་ཚོའི་གཟུགས་པོའི་ནང་གི་ཐབ་ཚང་ལྟ་བུ་ཡིན་ལ། དེ་ལ་སྐྱོན་ཞིག་ཤོར་བ་ཡིན་ནའང་སྔ་ས་ནས་རྟགས་མཚན་ཞེ་དྲགས་མེད་པ་དང་། རྟགས་མཚན་སླེབ་སྐབས་ནད་པ་དེར་གང་ལ་གང་འཚམ་དཀའ་ངལ་ཆེན་པོ་འཕྲད་བསྡད་ཡོད་པ་རེད། དཔེར་ན། གྲོད་ཁོག་ཆེན་པོ་ཆགས་པ་ཡིན་ན། མཆིན་པ་གང་ལ་གང་འཚམ་བརྡོལ་ཡོད་པའི་རྟགས་རེད། དེ་བཞིན། མིད་པའི་ནང་བུ་གུ་བརྒྱུས་པ་ཡིན་ན་རྩ་སྦུག་རྣམས་སྐྲངས་ནས་འབུར་བསྡད་ཡོད་ན་ཡང་ནད་རྟགས་ཐོན་པ་ཡིན་སྟབས། ངེས་པར་དུ་རྩ་སྦུག་དེ་ཚོ་མ་བསྡམ་པ་ཡིན་ན་ཁྲག་བསྐྱུག་ནས་ག་དུས་ཡིན་ནའང་གྲོངས་སྲིད་པ་རེད།

 

སྤྱིར་བཏང་མཆིན་པའི་གཉན་ཚད་ལབ་པ་དེ་མཆིན་པར་གཉན་ཁ་བརྒྱབ་པ་རེད། དེ་ལ་མཆིན་པའི་གཉན་ཚད་ A དང་ B,  C, E བཅས་རིགས་བཞི་ཡོད་པ་རེད། ཨེ་དང་ཨི་གཉིས་ཟ་མ་བཙོག་པ་དང་ཆུ་བཙོག་པ་ནས་འགོས་ཀྱི་ཡོད་པ་དང་། དེ་གཉིས་ང་ཚོའི་གཟུགས་པོའི་ནང་བསླེབས་རྗེས་རང་བཞིན་གྱིས་བརླག་འགྲོ་ཡི་ཡོད་པ་རེད། བྷི་དང་སི་གཟུགས་པོའི་ཁྲག་དང་ཆུ་སེར་ནས་འགོས་ཀྱི་ཡོད་པ་དང་། འདིར་ཡོང་བའི་མཆིན་པའི་གཉན་ཚད་འགོས་པའི་ནད་པ་ཚང་མ་(Chronic hepatitis)ན་མཁན་རྐྱང་རྐྱང་རེད། ནད་འབུ་དེ་ང་ཚོའི་གཟུགས་པོའི་ནང་བསླེབས་ནས་ཟླ་བ་ ༦ ལས་ལྷག་ཕྱིན་པ་ཡིན་ན། ན་ཚ་རྙིང་པར་རྩི་ཡི་ཡོད་པས་སྨན་བཅོས་བྱས་ཏེ་རྩ་མེད་དུ་འགྲོ་ཐུབ་རྒྱུ་ཁག་པོ་རེད། གལ་སྲིད་ཟླ་བ་ ༦ གི་སྔོན་ལ་ན་ཚ་དེ་འགོས་ཡོད་པ་ཧ་གོ་བ་ཡིན་ན། ཨེ་ཁུའུ་(HBr Aq)ལབ་ཀྱི་ཡོད་པ་དང་། དེ་ལ་སྨན་བཅོས་བྱས་ནས་སངས་དྲག་ཏུ་འགྲོ་རྒྱུ་ཡོད་པ་རེད།

 

ང་ཚོའི་ནད་པའི་ནང་མཆིན་པའི་གཉན་ཚད་བྷི་ཕོག་མཁན་དྲག་སོང་བའང་མང་པོ་ཡོད། དཔེར་ན། སྔོན་མ་ཞིག་ལ་མཆིན་པའི་གཉན་ཚད་བྷི་ཕོག་པའི་ནད་པ་ལོ་ ༢༥ ཙམ་ཡིན་པ་ཞིག་འདིར་བསླེབས་སོང་། ཁོ་རང་གི་མཆིན་པ་བརྡོལ་འདུག སྐབས་དེ་ནས་བཟུང་ཁོས་མཆིན་པའི་གཉན་ཚད་བྷི་ཡི་སྨན་ཟ་རྒྱུ་མགོ་བཙུགས་ནས་མུ་མཐུད་དུ་བཟོས་པར་བརྟེན། ན་ཚ་དེ་བཀག་ནས་ད་ལྟ་བར་དུ་ཁོ་རང་བདེ་པོ་བདེ་རྐྱང་རེད། དོ་སྣང་བྱེད་མཁན་ཞིག་ཡིན་ན། མཆིན་པའི་གཉན་ཚད་བྷི་ཕོག་པ་དང་ལམ་སང་གྲོངས་འགྲོ་བ་དེ་འདྲ་མ་རེད།

 

གལ་སྲིད་སོ་སོའི་ནང་མིའི་ནང་མཆིན་པའི་གཉན་ཚད་བྷི་ཕོག་མཁན་ཡོད་པ་ཡིན་ན། ནད་པ་དེའི་སྨན་ཟ་དགོས་པ་མ་ཟད། སྨན་པའི་ལམ་སྟོན་ལྟར་མཆིན་པའི་གནས་སྟངས་ལ་བརྟག་དཔྱད་བྱེད་དགོས་པ་རེད། མཆིན་པའི་གནས་སྟངས་ལ་(SGOT  SGPT)ཟེར་བ་གཉིས་ཀྱི་ཚད་གཞི་དེ་ཀླད་ཀོར་ནས་ ༤༠ བར་དུ་དགོས་ཀྱི་ཡོད་པ་དང་། ཚད་གཞི་དེ་ལས་བརྒལ་བ་ཡིན་ན་མཆིན་པས་ལས་ཀ་བྱེད་པར་ནད་འབུས་གནོད་པ་བྱེད་ཀྱི་ཡོད་པའི་རྟགས་རེད། དེར་བརྟེན་ནད་འབུ་དེའི་གྲངས་ཀ་འཕར་གྱི་ཡོད་མེད་དང་། འབུ་དེ་འཇམ་ཐིང་ངེར་བསྡད་ཡོད་མེད། དེ་བཞིན། ཁྲག་བརྟག་དཔྱད་བྱས་ནས་མཆིན་པར་སྐྲན་དེ་འདྲ་ཡོད་མེད་སོགས་དུས་ཐོག་བརྟག་དཔྱད་བྱེད་དགོས་པ་རེད། གལ་སྲིད་ནང་མིའི་ནང་ན་ཚ་དེ་འགོས་མཁན་མེད་པ་ཡིན་ན། ནང་མི་ཚང་མས་སྔོན་འགོག་གི་ཁབ་ཐེངས་གསུམ་དེ་རྒྱག་རྒྱུ་དཔེ་གལ་ཆེན་པོ་རེད། སྔོན་འགོག་གི་ཁབ་དེ་ཚོ་བརྒྱབ་ཚར་ནས་ཟླ་གཉིས་ཙམ་གྱི་རྗེས་སུ། (Anti-Hts)ཞེས་པ་དེའི་ཚད་གཞིར་བལྟས་པ་ཡིན་ན། ན་ཚ་འགོག་ཐུབ་ཀྱི་འདུག་དང་མི་འདུག་ཧ་གོ་ཡི་རེད། གལ་སྲིད་སྔོན་འགོག་གི་བརྒྱ་ཆ་ཉུང་ཉུང་ཡིན་ན་ཡང་བསྐྱར་འགོག་ཁབ་ཅིག་རྒྱག་དགོས་པ་རེད།

 

མཆིན་པའི་གཉན་ཚད་བྷི་ཡིས་མཆིན་པ་བརྡོལ་བར་ (Compensated) དང་(De compensate)ཅེས་རིགས་གཉིས་ཡོད་པ་དང་། དང་པོ་དེར་ནད་རྟགས་གང་ཡང་ཡོད་པ་མ་རེད། གཉིས་པ་དེར་ནད་པ་མང་པོའི་གྲོད་ཁོག་ནང་ཆུ་གསོག་པ་དང་རྐང་པ་སྐྲང་བ། ཐང་ཆད་ཆོག་ཆོག་ཡོད་པ་རེད། དེ་ཚོ་མཆིན་པ་གང་ལ་གང་འཚམ་བརྡོལ་བའི་ནད་རྟགས་ཡིན་སྟབས། རྒྱུན་དུ་ཚྭ་ལ་འཛེམ་དགོས་པ་རེད། ཚྭ་ལ་འཛེམ་ཐུབ་པ་ཡིན་ན་གྲོད་ཁོག་ནང་གི་ཆུ་ཕྱིར་བཏོན་རྗེས་ཡང་བསྐྱར་གསོག་གི་མ་རེད། དེ་ནས་མཆིན་པའི་ན་ཚ་སྔོན་འགོག་ཆེད་གལ་ཆེ་ཤོས་དེ་ཟས་བཅུད་ཡག་པོའི་རིགས་དཔེར་ན། ཤ་དཀར་པོ་དེ་ཉ་ཤ་དང་བྱ་ཤ། དེ་བཞིན་སྒོང་ངའི་ནང་གི་དཀར་པོ། སྲན་མ་རིགས། ཤིང་ཏོག སྔོ་ཚལ་སོགས་ཟ་དགོས་པ་དང་། སྨན་པ་ཆེད་མཁས་པ་ཚོས་ལམ་སྟོན་གནང་བ་ལྟར་ན། མཆིན་པའི་གཉན་ཚད་ཀྱིས་གྲོད་ཁོག་སྐྲངས་བསྡད་ཡོད་མཁན་ཚོས་སྒ་སེར་སོས་པ་རྡུང་སྟེ་འོ་མའི་ནང་དུ་བླུགས་ནས་འཐུང་བ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཅེས་བརྗོད་བྱུང་།

 

11ཡང་གསར་འགོད་པས་ད་ལྟའི་བར་ཉམ་ཐག་ནད་པ་ག་ཚོད་ཅིག་ལ་སྨན་རིན་སོགས་ཀྱི་ཐད་རོགས་རམ་འཚོལ་ཐབས་དང་ནད་གཡོག་བྱས་པ་ཡིན་དྲིས་པར། ཉམ་ཐག་ནད་པ་དེ་འདྲ་ལོ་རྟག་པར་ཡོང་གི་འདུག མཚམས་རེར་ལོ་གཅིག་ནང་བཞི་ལྔ་དེ་འདྲ་ཡོང་གི་འདུག ནད་པ་ཁ་ཤས་ལ་རོགས་པ་བྱེད་མཁན་སུ་གང་མེད་པ་དང་། ལྷག་པར་དུ་ཁ་ཤས་ལ་ན་ཚ་སྡུག་ཅག་དེ་འདྲ་ཕོག་ཡོད་ན་ཕ་མ་སྤུན་མཆེད་ཀྱིས་ལྟ་སྐྱོང་མི་བྱེད་པ་དེ་འདྲའང་ཡོང་གི་འདུག ལྟ་སྐྱོང་བྱེད་མཁན་གཅིག་ཀྱང་མེད་པའི་ནད་པ་དེ་འདྲ་ཡོད་དུས། ང་ཚོས་མཚམས་རེར་ཅན་དྷི་སྒར་གྱི་ས་གནས་གཞོན་ནུར་སྐད་བཏང་སྟེ་རོགས་པ་བྱེད་དུ་འཇུག་གི་ཡོད། གལ་སྲིད་དངུལ་གྱི་ཐོག་ནས་དཀའ་ངལ་ཆེན་པོ་ཡོད་ན། ངས་སྐུའི་བླ་སྨན་པ་ཚེ་བརྟན་ལགས་སུ་འབྲེལ་བ་ཞུས་ཏེ། ཁོང་གིས་སྐུ་སྒེར་ཡིག་ཚང་ལ་མཇལ་ཁར་གཏང་དགོས་ཀྱི་ཡོད་ན་རེད། ༧རྒྱལ་བ་ཀརྨ་པ་མཆོག་ལ་མཇལ་ཁ་ཞུ་བར་གཏང་དགོས་ནའང་རེད། ག་རེ་བྱེད་དགོས་ནའང་རོགས་རམ་འཚོལ་ཐབས་གནང་གི་ཡོད་པ་རེད། ཡིན་ནའང་། མཚམས་རེར་དངུལ་ཕོན་ཆེན་པོ་དགོས་པ་དང་ན་ཚའང་ཛ་དྲག་ཡིན་ན་དཀའ་ལས་ཁག་པོ་ཆགས་ཀྱི་འདུག་ཟེར།

 

ནད་ཀྱིས་གདུང་ན་མི་ཚང་མ་རླུང་ཚ་བོ་དང་མ་འགྲིག་པ་མང་པོ་ཡོད་མཁན་ཞིག་ཏུ་རང་བཞིན་གྱིས་འགྱུར་འགྲོ་སྟབས། འདས་པའི་ལོ་ངོ་ ༢༠ མ་ཟིན་ཙམ་གྱི་རིང་ནད་པ་ཁྲི་སྟོང་བརྒལ་བར་རོགས་རམ་གནང་བའི་ཁྲོད། ཁོང་ཚོར་བསམ་ཤེས་དང་བཟོད་སྒོམ་ག་འདྲ་གནང་གི་ཡོད་པ་དང་། དེ་བཞིན་ནད་པ་མང་པོ་ཟུག་གཟེར་གྱིས་ཤིན་ཏུ་མནར་བ་མཐོང་དུས། འབྲེལ་བ་གང་ཡང་མེད་པའི་མི་ཞིག་ཡིན་ནའང་སེམས་ལ་མ་སྐྱིད་པ་ཆེན་པོ་ཡོང་ངེས་ཡིན་སྟབས། སྐབས་དེ་འདྲ་ལ་སོ་སོའི་སེམས་པ་གསོ་བར་ཐབས་ལམ་ག་རེ་འཚོལ་གྱི་ཡོད་དྲིས་པར་ཁོང་མོས། ནད་པ་མང་པོ་ཞིག་འདིར་བསླེབས་དུས་རྦད་དེ་ཕྱི་དྲགས་ནས་འབྲས་སྐྲན་ཚང་མ་ལུས་པོ་གང་སར་ཁྱབ་ཚར་བ་དེ་འདྲ་ཡོང་གི་འདུག ཡིན་ནའང་། ང་རང་ངོས་ནས་སྨན་པ་གཅིག་ལ་བསྟན་ནས་མ་ཡོང་ན་གཉིས་ལ་བསྟན། གསུམ་ལ་བསྟན་པ་སོགས་བྱས་ནས་གང་ཡོང་ཅི་ཡོང་བྱེད་ཀྱིན་ཡོད། ངས་ནམ་རྒྱུན་ཁོང་ཚོར་འདི་འདྲ་ལབ་ཀྱི་ཡོད། སྨན་པ་ཞིག་ལ་བསྟན་ཚར་ན་རྩ་བའི་བླ་མར་བསྟན་པ་དང་གཅིག་པ་རེད། ལམ་འགྲོ་ཡོང་སྲིད་པ་རེད་ལ། ལམ་འགྲོ་མི་ཡོང་བའང་བྱུང་སྲིད་པ་རེད། གང་ལྟར་སོ་སོའི་ལས་ལ་ཐུག་ཡོད་ཀྱང་ནམ་ཡང་སེམས་ཤུགས་མ་ཆགས་པ་དགོས་སྐོར་བརྗོད་ཀྱི་ཡོད།

 

ངས་ནད་པ་ཞིག་སྨན་ཁང་དུ་ཁྲིད་ཀྱི་ཡོད་ན་འགན་ཆ་ཚང་ང་ལ་ཡོད་སྟབས། མཚམས་རེར་ནད་པའི་གནས་སྟངས་སྡུག་ཏུ་ཕྱིན་ན་ང་ལའང་སེམས་ཁྲལ་ཞེ་དྲགས་འདུག དཔེར་ན། སྔོན་མ་སྐལ་བཟང་བཀྲ་ཤིས་ཟེར་བའི་ནད་པ་ཤ་སྐམ་པོ་སྐམ་པོ་ཞིག་ཡོད། ཁོ་བོ་ཡུན་རིང་ན་ནས་གཤག་བཅོས་ཐེངས་གཉིས་པ་བྱེད་སྐབས། ང་ནི་སྙིང་ཞེ་དྲགས་རྗེ་ནས་མང་པོ་ངུས་པ་ཡིན། ཡང་སྐལ་བཟང་ཟེར་བའི་ནད་པ་ཞིག་ལ་སྨན་པས་སྨན་རིན་ཆེན་པོ་འཁུར་ཤོག་ལབ་སྟེ་ང་ཚོ་ཚང་མ་ཞེ་དྲགས་ངུས་པ་ཡིན། གང་ལྟར་ནད་པ་དེ་ཚོས་ང་ལ་རེ་བ་ཞིག་བརྒྱབ་ནས་ཡོང་བ་ཡིན་སྟབས། མཚམས་མཚམས་ལ་ཁོང་ཚོའི་གནས་སྟངས་སྡུག་པོ་ཆགས་དུས་མང་པོ་ངུ་དགོས་བྱུང་གི་འདུག་ཅེས་ཟེར།

 

ཡུན་རིང་ནད་པ་མང་པོར་འབྲེལ་འདྲིས་གནང་བའི་ཉམས་མྱོང་བརྒྱུད། བོད་རིགས་སྨན་པ་ཚོའི་ངོས་ནས་རྒྱུན་དུ་ཐུགས་གཟབ་གནང་དགོས་པ་དང་ནད་པ་ཚོར་ལམ་སྟོན་གནང་ཕྱོགས་ཐད་ག་རེ་ཞུ་འདོད་ཡོད་དྲིས་པར། ང་ཚོའི་སྤྱི་ཚོགས་ནང་བརྟག་དཔྱད་གཅིག་ཀྱང་མ་བྱས་པར་ཡུན་རིང་པོར་བོད་སྨན་དང་རྒྱ་སྨན་གཉིས་ཟུང་འབྲེལ་བྱས་ནས་ཟ་མཁན་མང་པོ་འདུག དེ་འདྲ་བྱས་པ་ཡིན་ན་སྨན་གྱིས་སོ་སོའི་ན་ཚ་ལ་ཕན་གྱི་ཡོད་མེད་ཧ་གོ་ཡི་མ་རེད་ལ། སྟབས་མ་ལེགས་ན་གནོད་པའི་ཉེན་ཁའང་ཡོད་པ་རེད། དེར་བརྟེན་ངས་བསམ་ན་རྒྱ་སྨན་བོད་སྨན་ག་རེ་ཟ་བ་ཡིན་ནའང་། དང་པོར་ཁྲག་བརྟག་དཔྱད་དང་གློག་པར་རྒྱག་པ་སོགས་བརྟག་དཔྱད་ཡག་པོ་བྱས་ཏེ། ན་ཚ་ངོས་ཟིན་རྗེས་གཞི་ནས་སྨན་གཏང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྨན་པ་ཚོའི་ངོས་ནས་ཀྱང་ནད་པའི་རྩར་བརྟག་སྐབས་དོགས་པ་ཅུང་ཙམ་བྱུང་ན། ཁྲག་བརྟག་དཔྱད་དང་གློག་པར་རྒྱག་དགོས་པའི་ལམ་སྟོན་གནང་རྒྱུ་གལ་ཆེན་པོ་མཐོང་གི་འདུག ཅེས་བརྗོད་བྱུང་།

 

ཁོང་མོས་ཆང་ས་ག་རེ་བྱས་ནས་མ་བརྒྱབ་པ་དང་། གལ་སྲིད་ཆང་ས་བརྒྱབ་པ་ཡིན་ན་དཀའ་ངལ་ག་རེ་འཕྲད་ས་རེད་དྲིས་པར། ང་རང་ནད་པ་ཚོར་རོགས་པ་བྱེད་པར་དབྱིངས་འདུག གལ་སྲིད་ཆང་ས་བརྒྱབ་པ་ཡིན་ན། སོ་སོའི་ནང་དང་ཕྲུ་གུའི་ཆེད་དུ་རྟག་པར་དཀའ་ལས་རྒྱག་དགོས་པ་རེད། ང་རྟག་པར་ཞོགས་པ་ཆུ་ཚོད་ ༨།༣༠ ནས་ཕྱི་ལོགས་སུ་ཕྱིན་ཏེ། དགོང་མོའི་ཆུ་ཚོད་ ༡༠།༣༠ ཟིན་སྐབས་གཞི་ནས་ཁྱིམ་དུ་སླེབ་ཐུབ་ཀྱི་ཡོད་དུས། ཆང་ས་བརྒྱབ་ནས་ཡོང་ཐབས་མི་འདུག ཡང་མིན་ན་སོ་སོའི་ལྟ་བ་དང་མཐུན་པའི་མི་ཞིག་དགོས་པ་རེད། ཕར་ཕྱོགས་དེའང་སྤྱི་ཚོགས་ལ་ཞབས་ཞུ་ཞུ་མཁན་ཞིག་ཡིན་ན་གནས་ཚུལ་ལོགས་ཀ་རེད། དེ་མིན་ཡོང་ཐབས་མི་འདུག་པས་ཆང་ས་མ་བརྒྱབ་ན་ཡག་ས་རེད་བསམ་སོང་ཞེས་ཟེར།

 

ང་ཚོའི་སྤྱི་ཚོགས་ནང་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག འཕྲོད་བསྟེན་སོགས་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་གནང་མཁན་གང་འཚམ་ཡོད་པ་རེད། ཡིན་ནའང་། སྒེར་ནས་ཉིན་མ་ནས་ཟླ་བ་དང་། ཟླ་བ་ནས་ལོ་བྱས་ཏེ་དང་བླངས་ཞབས་ཞུ་གནང་མཁན་ཧ་ཅང་དཀོན་པོ་རེད། དེའི་རྒྱུ་རྐྱེན་གཙོ་བོ་ག་རེར་ཐུག་ཡོད་དྲིས་པར་ཁོང་མོས། མི་ཚང་མས་བསམ་བློ་གཏོང་ཕྱོགས་ལོགས་ཀ་རེད། ང་རང་འདྲ་བོ་ཡིན་ན། ནང་གི་རྒན་ཤོས་ཡིན་པས་དངོས་གནས་བྱས་ན་ཁྱིམ་དུ་སོང་ནས་ཕ་མ་གཉིས་ཀར་ཞབས་ཞུ་ཞུ་བའི་འགན་ཡོད་ཀྱང་།  ངའི་ཕ་མ་གཉིས་སྔ་མོ་ནས་གྲོངས་ཚར་སྟབས། སྤྱི་ཚོགས་ཞབས་ཞུའི་ལས་ཀ་ཞིག་བྱེད་ཐུབ་ན་འགྲིག་ས་རེད་བསམ་སོང་། ང་ཚོའི་སྤྱི་ཚོགས་ནང་དང་བླངས་ཞབས་ཞུ་ཞུ་མཁན་དཀོན་པོ་ཡིན་པ་དེ་ཁག་ཡོད་པ་མ་རེད། མང་པོ་ཞིག་གིས་ཆང་ས་བརྒྱབ་ཚར་དུས་སྤྱི་ཚོགས་ཞབས་ཞུ་ཞུ་རྒྱུ་ཁག་པོ་ཞེ་དྲགས་རེད། སོ་སོའི་ནང་སོགས་ཚང་མ་བློས་གཏོང་དགོས་པ་རེད། ང་འདྲ་བོ་ཡིན་ན། ཆང་ས་བརྒྱབ་ཡོད་པ་མ་རེད། ག་བར་ག་དུས་ཤིག་ལ་ཤོག་ལབ་པ་ཡིན་ནའང་འགྲོ་ཆོག་ཆོག་རེད། ཅེས་བརྗོད་བྱུང་།

 

ཡང་ཁོང་མོས་བོད་པའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་ནས་འབོད་སྐུལ་གནང་དོན། ང་ཚོ་སུ་ཡིན་ནའང་ལོ་རེའི་ནང་གཟུགས་པོར་བརྟག་དཔྱད་ཐེངས་གཅིག་བྱ་རྒྱུ་དཔེ་གལ་ཆེན་པོ་འདུག གཟུགས་པོར་བརྟག་དཔྱད་ལབ་དུས་ཡང་དྲ་རྒྱས་པོ་དེ་འདྲ་དགོས་པ་མ་རེད། གཙོ་བོ་ཁྲག་མང་ཉུང་ཚད་གཞི་ག་འདྲ་ཡོད་མེད་དང་། མཆིན་པ་དང་མཁལ་མས་ལས་ཀ་ཏག་ཏག་བྱེད་ཀྱི་ཡོད་མེད། སྙིང་གི་འཕར་ཚད་ཏག་ཏག་ཡོད་མེད་བཅས་བརྟག་དཔྱད་ཅིག་བྱས་པ་ཡིན་ན་རོབ་ཙམ་ཧ་གོ་འགྲོ་ཡི་རེད། ཅན་དྷི་སྒར་ལ་ཡོང་བའི་ནད་པ་མང་པོ་ཞིག་ཕྱི་དྲགས་པ་རྐྱང་རྐྱང་རེད་འདུག འབྲས་སྐྲན་ཡིན་ན་རིམ་པ་གསུམ་པ་བཞི་པར་བསླེབས་ཏེ་བཅོས་ཐབས་མེད་པའི་གནས་སྟངས་ཆགས་འདུག དེར་བརྟེན་ལོ་རེར་གཟུགས་པོར་བརྟག་དཔྱད་ཐེངས་གཉིས་མ་བྱུང་ནའང་ཐེངས་གཅིག་ངེས་པར་དུ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

 

ང་ཚོའི་ནད་པ་ཁ་ཤས་ཀྱིས་ཨ་ཅག ངའི་གཟུགས་པོ་ཆ་ཚང་འཕྲུལ་ཆས་ནང་བཅུག་རྒྱུ་ཡོད་པ་དེ་བྱ་ཡི་ཡིན་ལབ་རྒྱུར་དགའ་བོ་ཡོད་པ་རེད། ཡིན་ནའང་། དེ་འདྲ་བྱས་ན་གཏན་ནས་ཡོང་གི་མ་རེད། བརྟག་དཔྱད་ཟེར་དུས་རབ་དང་རིམ་པ་བརྒྱུད་འཕྲུལ་ཆས་ཆེན་པོའི་ནང་འཛུལ་དགོས་དང་མི་དགོས་བལྟ་དགོས་པ་རེད་མ་གཏོགས། གཟུགས་པོའི་ནང་ཅི་ཡང་མེད་པར་འཕྲུལ་ཆས་ཆེན་པོའི་ནང་འཛུལ་བ་ཡིན་ན་དངུལ་གྱིས་ཞལ་འདེབས་བརྒྱབ་པ་དང་གཅིག་པ་རེད།

 

དེང་སང་ནད་པ་མང་པོ་ཕྱོགས་མཐའ་ཁག་ནས་འདིར་ཡོང་གི་ཡོད་སྟབས། ནད་པ་སུ་ཡིན་ནའང་ཉིན་གཅིག་གཉིས་ཀྱི་སྔོན་ལ་ངའི་སྐད་འཕྲིན་ཐོག་འབྲེལ་བ་གནང་བ་ཡིན་ན། ང་ལ་སྟབས་བདེ་བོ་ཆགས་ཀྱི་འདུག གང་ཡིན་ཟེར་ན། ངས་སྨན་པར་སྟོན་དགོས་པའི་ནད་པ་རྣམས་སྔར་ཉིན་ནས་གྲ་སྒྲིག་བྱེད་ཀྱི་ཡོད། གལ་སྲིད་གྲ་སྒྲིག་གང་ཡང་མེད་པར་གློ་བུར་དུ་ནད་པ་ཞིག་སླེབ་སོང་ན་ངའི་འཆར་གཞི་ཚང་མ་འཁྲུག་འགྲོ་ཡི་འདུག་ལ། ནད་པ་གཞན་རྣམས་སྨན་པར་སྟོན་རྒྱུ་ལའང་དཀའ་ངལ་འཕྲད་ཀྱི་འདུག ཅེས་ཟེར།

 

མཇུག་ཏུ་ཕྱོགས་མཐའ་གང་སར་ཡོད་པའི་ཨ་ཅག་ལགས་ཀྱི་ནད་པ་ཚོར་བཅར་འདྲི་འདི་བརྒྱུད་སྐད་ཆ་ག་རེ་བཤད་འདོད་ཡོད་དྲིས་པར། རྒྱ་གར་ལྷོ་ཕྱོགས་སོགས་སུ་སྡོད་མཁན་ཡིན་ན་ཅན་དྷི་སྒར་ལ་ཡོང་རྒྱུ་ཁག་པོ་ཡིན་སྟབས། དཀའ་ངལ་ག་རེ་ཡོད་པ་ཡིན་ནའང་ཐད་ཀར་ངའི་ཁ་པར་ཨང་གྲངས་(༠༩༨༡༥༢༢༣༥༥༤) ཐོག་འབྲེལ་བ་བྱས་ན་འགྲིག་གི་རེད་ལ། མཚམས་རེར་ཁྲག་བརྟག་དཔྱད་སོགས་བརྟག་དཔྱད་ཀྱི་མཇུག་འབྲས་རིགས་ཧ་མ་གོ་བའི་དཀའ་ངལ་དེ་འདྲ་ཡོད་ན།  ངའི་སྐད་འཕྲིན་ཁ་བྱང་(Tsedoka chandigarh)ཐོག་བརྟག་དཔྱད་མཇུག་འབྲས་ལ་པར་བརྒྱབ་ནས་གཏང་ཡོང་ནའང་འགྲིག་པ་རེད།

 

ཕྱོགས་མཐའ་ཁག་ལ་ཡོད་པའི་ནད་པ་ཚོར་གཙོ་བོ་ག་རེ་ཞུ་འདོད་བྱུང་ཟེར་ན། མཆིན་པའི་གཉན་ཚད་བྷི་ཡིས་མཆིན་པ་འཕྲོ་བརླག་ཏུ་ཕྱིན་པའི་ནད་པ་མང་པོ་ཡོད་སྟབས། རྒྱ་གར་གྱི་མཆིན་པའི་སྨན་དེ་ཧ་ཅང་ཕན་པོ་ཡོད་པས་སྨན་དེ་ཟ་བཞིན་ཟ་བཞིན་མཆིན་པ་འཕྲོ་བརླག་དང་མཆིན་པར་སྐྲན་ཆགས་པ་སོགས་རྩ་བ་ཉིད་ནས་ཡོང་གི་མི་འདུག ཟ་མ་དང་མཉམ་དུ་རིལ་བུ་གཅིག་བཟའ་རྒྱུར་དཀའ་ངལ་གང་ཡང་ཡོད་པ་མ་རེད། སྡོད་ས་ཐག་རིང་པོ་ཡིན་ན་ཟླ་བ་གསུམ་རེའི་ནང་བརྟག་དཔྱད་བྱེད་དུ་ཡོང་མ་ཐུབ་ཀྱང་གཙོ་བོ་སྨན་ཆད་མེད་དུ་ཟ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights
Mobile App

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།
སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་པའི་བརྙན་གྱི་ངོ་བཤུས་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་བོད་དོན་གླེང་སློང་གནང་། 

ཆུ་ཚོད་ ༨ སྔོན་ལ།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་། ༢༠༢༥།༡༠།༢༨ དུས་བབ་ཀྱི་པར།
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་།

༢༠༢༥/༡༠/༢༩
The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

༢༠༢༥/༡༠/༢༨
This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
Mobile App

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་། (ཁ་སྣོན།)

༢༠༢༥/༡༠/༢༨
འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་རྒྱ་གར་ལྷ་ོཕྱོགས་ཁུལ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་ནང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གོ་རྟོགས་སྤེལ་གྱི་འདུག

༢༠༢༥/༡༠/༢༨

མཆན། 7

  1. བསྟན་འཛིན་ཕུན་ཚོགས says:
    ལོ་ 10 སྔོན།

    སེམས་བཟང་ཅན་ཀྱི་བུ་མེད་ཁྱེད་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུཞུ་ཞུཞུཞུ།

    Reply
  2. གཙང་ཞོལ་བདེ་གསལ། says:
    ལོ་ 10 སྔོན།

    ངས་ལོ་ཤས་གོང་ནས་ཨ་ཅག་ལགས་དེའི་སྐོར་གོ་ཐོས་བྱུང་། རྡ་རམ་ས་ལ་ནས་མི་དྲག་པ་ཞིག་གིས་ཐེངས་གཅིག་གཉིས་ཤིག་ལ་ང་ལ་རོགས་རམ་ཞིག་དགོས་ཀྱི་འདུག་ཟེར། གང་ཡིན་ཟེར་ན། ཨ་ཅག་ཚེ་རིང་སྒྲོལ་དཀར་སོགས་ཀྱི་མཚོན་མི་བྱས་པ་ཅན་གྱི་སྐོར་དེ་དག་ང་ཚོས་སྤྱི་ཚོགས་ཀྱིས་ཧ་གོ་དགོས་པ་ཧ་ཅང་གལ་ཆེན་རེད། དེ་འདྲ་སོང་ཙང། དེ་དག་གིས་སྤྱི་ཚོགས་སུ་ཞབས་ཕྱི་ཞུས་པའི་གནས་ཚུལ་ལོ་རྒྱུས་ཀྱི་དེབ་ཅིག་པར་སྐྲུན་བྱེད་སྙིང་སྤྲོ་ཡི་འདུག་ན། ང་དང་རོགས་གཞན་ཞིག་བཅས་ཁྱེད་གཉིས་ཀྱིས་རྩོམ་འབྲི་བྱེད་པ་སོགས་ཀྱི་རོགས་པ་བྱེད་ཐུབ་ས་རེད་དམ་གསུངས་སོང་བས། ངས་ལགས་སོ། སོ་སོས་ནུས་པའི་ལྕོགས་ཚོད་ཀྱིས་ཤུགས་རྒྱག་གི་ཞུས་པ་ཡིན། འོན་ཀྱང་རྗེས་མར་ལས་ཀ་འགོ་བརྩམས་མ་ཐུབ་པར་གནས་སྐབས་ལྷག་སོང་པ་ཡིན་འདྲ།

    Reply
  3. ར་ན་བསམ་འཕེལ། says:
    ལོ་ 10 སྔོན།

    དངོས་གནས་ང་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཨ་ཅག་ཁོང་ལྟ་བུ་གང་མང་བྱུང་ན་ཅི་མ་རུང་།

    ཨ་ཅག་ལགས།་་་་་་་་རྟག་ཏུ་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པ་ཤོག །

    Reply
  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    ལོ་ 10 སྔོན།

    ཨ་ལྕག་ཁོང་ལ་སྙིང་ནས་གུས་བཀུར་དང་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  5. བྱམས་པ་ཚུལ་ཁྲིམས་ says:
    ལོ་ 10 སྔོན།

    ངོ་མ་འདི་འདྲ་སེམས་བཟང་ཅན་གྱི་སྐྱེས་དམན་ཞིག མ་རྗེ་བཙུན་མའི་མིང་ཞིག་ཁྱོད་ལ་འདོགས་མི་ཐུབ་ཀྱང་སེམས་བཟང་ཅན་གྱི་ཨ་མ་ཞེས་འབོད་ན་མ་འོས་པ་དང་མི་མཚུངས་ཞིག་མི་འདུག་སྙམ། ངོ་མ་བུ་མོ་ཁྱོད་ལ་སློབ་སྦྱོང་ཀྱི་འགྲུབ་འབྲས་ཐོག་ནས་སྤྱི་ཚོགས་ཕན་བདེ་བསྐྲུན་པ་འདི་ལ་སྣིང་ཐག་པ་ནས་རྗེས་སུ་ཡིད་རང་དང་གུས་བསྐུར་ཞུ་རྒྱུ་ཡིན་

    Reply
  6. ཆབ་བསྟན་ཉི་མ། says:
    ལོ་ 10 སྔོན།

    གསར་འགོད་པ་པདྨ་མཚོ་ལགས་སུ་ཐུགས་རྗེ་ཆེ་ཞུ། ངས་ངོ་མ་ཁོང་ལ་རྒྱུས་མངའ་ཆེན་པོ་ཡོད། ཐེངས་གཉིས་ལ་ནད་པ་འཁྲིད་ནས་ཅན་དྷི་གར་སོང་བ་ཡིན། ཁོང་ལྟ་བུས་རོགས་པ་མེད་ན་ཅན་དྷི་སྒར་ལ་སླེབས་དུས་ངུ་རྒྱུ་ལས་གཞན་གང་ཡང་ཡོད་མ་རེད། འཛམ་གླིང་ས་ཆེན་པོ་འདི་ཡི་ཐོག་ལ་བྱང་ཆུབ་སེམས་དཔའ་ཟེར་བ་ཞིག་ཡོད་ན་ངོ་མ་ཁོང་ལྟ་བུ་ཡིན་དགོས་ས་ཡོད་རེད། ནད་པ་ཞིག་ཁོང་གི་མདུན་དུ་སླེབས་དུས་དཔལ་འབྱོར་ཡོད་མེད་དང་། རིག་རུས་བཟང་ཞན། རྒྱབ་ལྗོངས་ཆེ་ཆུང་། ཕོ་སྒོ་དངོས་གདོང་། མཐོ་དམན་དྲག་ཞན་གང་ཡང་མེད་པར་རང་ཉིད་ཀྱི་མ་ལྟར་བརྩེ་བས་སྐྱོང་གི་རེད། གང་ལྟར་ཁོང་ལ་རྒྱུས་མངའ་ཡོད་པའི་ཆ་ནས་ཐུགས་རྗེ་ལེགས་འབུལ་ཞུ་ཡི་ཡོད་ལ་ཞོར་དུ་གསར་འགོད་པ་མཆོག་ལ་ཡང་ཐུགས་རྗེ་ཆེ་ཞུ།

    Reply
  7. དོན་འགྲུབ། says:
    ལོ་ 10 སྔོན།

    ང་ཚོའི་སྤྱི་ཚོགས་སུ་ཨ་ཅག་ཁྱོད་ལྟ་བུ་མང་ཙམ་བྱུང་ན་དགའ་བ་ལ། ལྷག་པར་དུ་གྲྭ་བཙུན་ཚོའི་ནང་དུ། གྲྭ་བཙུན་ཚོ་སྤྱི་འཐུས་སོགས་ལ་ཚང་ཁ་རྒྱག་པ་ལས་སྤྱི་ཚོགས་ལ་ཕན་པའི་ལས་དོན་འདི་ལྟ་བུ་ལ་ཞུགས་ན་དགའ་བ་ལ། བོད་ཀྱི་ཨ་མ་ཋི་རི་སཱ་ཁྱོད་སྐུ་ཚེ་བརྟན་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese