མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་སྐད་ཡིག་ཉམས་ཆག་ཏུ་གཏོང་མཁན་གཙོ་བོ་གཅིག་སློབ་གྲྭ་རེད།

བོད་ཀྱི་དུས་བབ།
༢༠༡༥/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

 

སྐད་ཡིག་རྒྱུན་འཛིན་ཚོགས་པའི་བགྲོ་གླེང་སྟེང་བཙན་བྱོལ་སྤྱི་ཚོགས་ནང་ཐ་སྙད་གསར་བཟོ་དང་བོད་སྐད་ཀྱི་མིང་ཚིགས་མང་པོ་བློ་འཛིན་བྱ་རྒྱུ་ལས་བོད་སྐད་ཀྱི་བྱ་ཚིག་དང་རྒྱན་ཚིག་རིགས་བློ་འཛིན་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་ཚུལ་བརྗོད་སོང་།

 

DSC_1955དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ དྷ་སའི་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་གོ་སྒྲིག་འོག་ཚོགས་པ་དེ་དབུ་བརྙེས་ནས་ལོ་ངོ་ ༡༠ འཁོར་བའི་མཛད་སྒོ་དང་མཉམ་དུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པར་བསྐྱར་ཞིབ་དང་འབྱུང་འགྱུར་གྱི་ཁ་ཕྱོགས་གླེང་བ་ཞེས་པ་དང་། བཀའ་སྤྱི་གཉིས་དང་འབྲེལ་པའི་བོད་སྐད་ཡིག་གི་ཁ་ཕྱོགས་གླེང་བ་ཞེས་པའི་བརྗོད་གཞི་གཉིས་ཀྱི་སྟེང་རང་མོས་བགྲོ་གླེང་ཚོགས་སོང་།

 

ཚོགས་འདུའི་ཐོག་བཀྲ་ཤིས་ཚེ་རིང་ལགས་དང་ས་ར་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་ བཟང་ལགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་གྲྭ་བློ་བཟང་སྨོན་ལམ་ལགས་དང་ཉམས་ཞིབ་པ་འཇུ་བསྟན་སྐྱོང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཨ་རིག་དགེ་མཐོང་ལགས། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་སྨན་ཤེར་བློ་གྲོས་ལགས་གཙོས་བོད་ཀྱི་རྩོམ་པ་པོ་དང་ཉམས་ཞིབ་པ། དེ་བཞིན། མཐོ་སློབ་ཁག་ཅིག་གི་སློབ་ཕྲུག་ཁ་ཤས་དང་འབྲིང་རིམ་སློབ་གྲྭ་ཁག་ཅིག་གི་དགེ་རྒན་དང་སློབ་ཕྲུག་བཅས་མི་ ༥༠ ཙམ་འཛོམས་སོང་།

 

སྔ་དྲོར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་བསྐྱར་ཞིབ་དང་འབྱུང་འགྱུར་གྱི་ཁ་ཕྱོགས་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་། སྐད་ཡིག་རྒྱུན་འཛིན་ཚོགས་པའི་གསར་ཤོག་དབུ་འབྱེད་སོགས་གནང་ཡོད་པ་དང་། དེའི་རྗེས་བཀའ་སྤྱི་གཉིས་དང་འབྲེལ་བའི་བོད་སྐད་ཡིག་གི་ཁ་ཕྱོགས་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྗེས་གྲོས་ཆོད་བཞག་ཡོད་འདུག

 

བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་སྐབས་བཞི་བའི་ཚོགས་གཙོ་དུར་བྱང་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཚོགས་པ་འདི་ཐོག་མ་ ༢༠༠༥ ལོར་བལ་ཡུལ་སྣེ་ལེན་ཁང་ནས་ན་གཞོན་སྐོར་ཞིག་གིས་བཙུགས་ཡོད་པ་དང་། ཐོག་མར་ཚོགས་མི་ ༡༥ ལས་གྲུབ་ཅིང་། རིམ་གྱིས་ཚོགས་མི་བསྡུ་སྐོང་དང་ལས་འགུལ་སྣ་ཚོགས་སྤེལ་ཏེ། ༢༠༠༩ ལོར་ཚོགས་མི་ ༨༠ ཙམ་བྱུང་ཡོད་ཀྱང་རྗེས་སུ་ཕྱི་རྒྱལ་དུ་སོང་བ་སོགས་ལ་བརྟེན་རིམ་གྱིས་ཇེ་ཉུང་དུ་སོང་ཡོད་འདུག་ལ། ད་བར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དར་སྤེལ་དང་འབྲེལ་བའི་ལས་འགུལ་ཁག་ ༡༣ ཙམ་སྤེལ་ཡོད་འདུག

 

གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་གཏམ་བཤད་གནང་དོན། ང་ཚོས་སྐད་ཡིག་ཐོག་ལས་འགུལ་སྤེལ་དགོས་ཀྱི་འདུག་ཟེར་དུས། ཐ་སྙད་གསར་པ་གཏན་འབེབས་དང་ཐ་སྙད་མང་པོ་གྲངས་འདྲེན་ངོས་འཛིན་སོགས་རེད། སྐད་ཡིག་གི་གལ་ཆེ་ཤོས་ངོ་མ་གཅིག་བྱ་ཚིག་དང་ཁྱད་ཆོས་བརྗོད་པའི་མིང་ངམ་རྒྱན་ཚིག་ཟེར་བ་དེ་ཚོ་རེད་བསམ་གྱི་འདུག དེ་རིགས་གཅིག་བརླགས་སོང་བ་ཡིན་ན་བཟོ་ཐབས་མེད་པའི་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག ཐ་སྙད་ལྟ་བུར་མཚོན་ན། དུས་དང་གནས་སྐབས། དགོས་མཁོ་སོགས་ཀྱིས་རིམ་བཞིན་འགྱུར་བ་འགྲོ་ཡི་རེད་ལ། བར་མཚམས་ཤིག་ལ་ཐ་སྙད་དེ་བེད་སྤྱོད་མེད་པ་ཆགས་ཀྱང་སྲིད་པ་རེད། མཚམས་མཚམས་གསར་བ་བཟོ་དགོས་ཀྱི་ཡོད་པ་རེད། ཉེ་ཆར་ང་ཚོས་ཞིབ་འཇུག་བྱས་པར་བྱ་ཚིག་ ༣༠༠༠ ལྷག་ཅིག་ཆགས་ཀྱི་འདུག དེའི་ནང་མི་རབས་རྒན་པ་ཚོས་ག་ཚོད་ཅིག་བེད་སྤྱོད་གཏོང་ཐུབ་ཀྱི་འདུག མི་རབས་གསར་བ་ཚོས་ག་ཚོད་བེད་སྤྱོད་གཏོང་ཐུབ་ཀྱི་འདུག ལྷག་པར་དུ་བཙན་བྱོལ་ནང་གི་སློབ་ཕྲུག་ཚོས་ག་འདྲ་བྱས་ཏེ་བེད་སྤྱོད་གཏོང་གི་འདུག དེ་ཚོའི་ཐོག་ལ་དོ་སྣང་བྱ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

 

འཇུ་བསྟན་སྐྱོང་ལགས་ཀྱིས་གཏམ་བཤད་གནང་དོན།  རྒྱུན་སྤྱོད་ཀྱི་ཐ་སྙད་གཏན་འབེབས་བྱ་དགོས་པ་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག དེ་མི་གཅིག་གཉིས་ཤིག་གིས་ལས་ཐུབ་པ་ཞིག་མ་རེད། ཚོགས་པ་དང་མི་མང་པོ་ཞིག་གིས་དོ་སྣང་སྤྲོད་དགོས་པ་ཞིག་རེད། ང་ཚོའི་སྐད་ཀྱི་ནང་ལ་དབུས་གཙང་དང་ཁམས། ཨ་མདོ་སུ་ལ་ལབ་པ་ཡིན་ན་ཧ་གོ་ཐུབ་པའི་ཐ་སྙད་ག་ཚོད་ཡོད་པ་དེར་དང་པོ་བསམ་བློ་གཏོང་དགོས་འདུག དེ་རྒྱུན་སྤྱོད་ཀྱི་ཐ་སྙད་རེད། རྒྱུན་སྤྱོད་ཀྱི་ཐ་སྙད་ལ་ཁྱད་ཆོས་ཁ་ཤས་ཤིག་འཚང་དགོས་ཀྱི་ཡོད་པ་རེད། ཁྱད་ཆོས་གཅིག་མ་གནས་ཀྱི་རིང་བཞིན་ཡིན་པ་ཞིག་ཚང་དགོས་ཡོད་པ་རེད། བོད་སྐད་བཤད་ཤེས་ནས་བཟུང་དེའི་ལོ་ཚོད་དང་ཤེས་ཡོན། ལས་རིགས་ཀྱི་ཁྱད་པར་མེད་པར་ཚང་མས་བཤད་མཁན་ཞིག་ཡིན་དགོས་ཀྱི་ཡོད་པ་རེད། དཔེར་ན། ས་ལྟ་བུ་ཡིན་ན་ཚང་མས་ཤེས་ཀྱི་ཡོད་རེད་ལ་གོ་ཡི་རེད། དེ་འདྲའི་རིགས་ཀྱི་ཐ་སྙད་ག་ཚོད་ཅིག་དང་པོ་གཏན་འབེབས་བྱ་ཐུབ་ཀྱི་རེད། བཙན་བྱོལ་ནང་ལ་བུ་ཕྲུག་ལོ་ཆུང་ཆུང་དེ་ཚོར་ང་ཚོའི་སྐད་ཡིག་དེ་ཨང་གཉིས་པ་འདྲ་ཞིག་ཆགས་འདུག སྐད་ཡིག་ཨ་མ་ཆགས་ཡོད་མཁན་ཉུང་ཉུང་རེད། དེར་བརྟེན། དེ་ཚོར་ཐ་སྙད་འདི་དག་བོད་ས་གང་དུ་སོང་ཡང་ཧ་གོ་ཡི་རེད་ཅེས་ནས་ངོ་སྤྲོད་བྱ་དགོས་ཀྱི་འདུག ཅེས་སོགས་བརྗོད་སོང་།

 

DSC_2000སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཀྱིས་གཏམ་བཤད་གནང་དོན། ངས་ཉེན་ཁ་ཆེན་པོ་ག་རེ་མཐོང་གི་འདུག་ཅེས་ན་སློབ་གྲྭ་ལ་མཐོང་གི་འདུག ངས་སྔོན་ཆད་སློབ་གྲྭར་ཡིད་ཆེས་ཟེར་ན་འདྲ། གང་ལྟར་ཡག་པོ་ཡིན་ཤག་གིས་དོ་སྣང་བྱས་མེད། སྔོན་མ་ང་ལ་ཕྲུ་གུ་ཡོད་པ་མ་རེད། ད་ལྟ་ང་ལ་ཕྲུ་གུ་བུ་མོ་གཅིག་ཡོད་སྟབས་ང་ལ་འབྲེལ་བ་འདུག ངེད་གཉིས་ཀྱིས་སྐད་ཆ་བཤད་དུས་མོའི་ཐ་སྙད་བརྒྱ་ཆའི་ ༡༠༠ ནང་གི་ཐ་སྙད་ ༩༧ ཙམ་དབྱིན་ཇི་རེད། དཔེར་ན། ངའི་བུ་མོས་བྷ་སི་(Bus)ཞེས་དུས་ངས་སྤྱི་སྤྱོད་རླངས་འཁོར་ལབ་ན། ག་རེ་གོ་མ་སོང་ཟེར་གྱི་འདུག གནས་ཚུལ་དེས་ང་ལ་བསམ་བློ་གཏོང་དགོས་པ་མང་པོ་ཞིག་ཆགས་བཅུག་སོང་། ང་ཚོའི་བཙན་བྱོལ་ནང་གི་སྐད་ཡིག་ཉམས་ཆག་ཏུ་གཏོང་མཁན་གཙོ་བོ་གཅིག་སློབ་གྲྭ་ཁག་མཐོང་གི་འདུག དང་པོ་ཕྲུ་གུ་ཡིན་དུས་ནས་ཉམས་རྒུད་ཕྱིན་ན་རྗེས་སུ་འགྲོ་སྟངས་བཟོ་ཐུབ་ཀྱི་མི་འདུག མི་ཆེན་པོ་ཆགས་དུས་གོམ་གཤིས་ཆགས་བསྡད་ཡོད་སྟབས་བསྒྱུར་བཅོས་གཏོང་རྒྱུ་དཀའ་ལས་ཁག་པོ་རེད།

 

གསོག་སྒར་སློབ་གྲྭ་ནས་ཐ་སྙད་གཅིག་གྱུར་གྱི་ཆེད་དུ་ལས་འགུལ་ཐེངས་གཉིས་ཙམ་སྤེལ་སོང་། སྐབས་དེར་མཐོ་སློབ་ཀྱི་སློབ་མ་མང་པོ་ཞིག་འཛུལ་ཞུགས་བྱས་སོང་། ལས་འགུལ་གྱི་ཆེད་དུ་ལས་འགུལ་དང་འགྲན་བསྡུར་གྱི་ཆེད་དུ་འགྲན་བསྡུར་བྱེད་ཀྱི་ཡོད་ན་འགྲིག་གི་རེད་དེ། ཡིན་ཡང་ངས་སྐྱོན་ག་རེ་མཐོང་སོང་ཞེ་ན། ལས་འགུལ་གཅིག་སྤེལ་བའི་རྗེས་ལ་འབྲས་བུ་ཞིག་འཐོན་དགོས་ཀྱི་ཡོད་པ་རེད། ང་ས་ར་ན་ཡོད་དུས་འགྲན་བསྡུར་དེའི་ནང་འགྲོ་མཁན་ཚོས་ཞོགས་པ་སྔ་མོ་ནས་ཐ་སྙད་མང་པོ་ཞིག་བློར་འཛིན་གྱི་འདུག དེ་ག་རེའི་ཆེད་དུ་རེད་ཅེ་ན། ཐ་སྙད་འགྲན་བསྡུར་སྐབས་ཨང་དང་པོ་དང་། ཨང་གཉིས་པ་ལེན་པའི་ཆེད་དུ་རེད། དེ་བླངས་པའི་རྗེས་སུ་ཐ་སྙད་དེ་དག་བེད་སྤྱོད་གཏོང་གི་ཡོད་པ་མ་རེད། ཨང་དང་པོ་གཉིས་པ་ལེན་མཁན་དེ་ཚོས་ཀྱང་ཨང་དང་པོ་གཉིས་པ་ལེན་བྱེད་ཀྱི་ཐ་སྙད་དེ་དག་བརྗེད་དེ། ཁ་ནས་དབྱིན་སྐད་མང་པོ་ཞིག་བེད་སྤྱོད་བཏང་ནས་འགྲོ་བཞིན་ཡོད་པ་རེད། དེ་འདྲ་བྱས་ན་ཐ་སྙད་འགྲན་བསྡུར་དེས་ག་རེ་ཕན་སོང་། ཐ་སྙད་ཀྱི་ལས་འགུལ་སྤེལ་བའི་རྗེས་ལ་ཐ་སྙད་དེ་མི་མང་ནང་བེད་སྤྱོད་གཏོང་དགོས་པ་རེད། ང་ཚོས་རྟག་པར་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་རེད་ཟེར་གྱི་ཡོད། སྐད་ཡིག་ཁོ་རང་གི་བླ་སྲོག་དེ་ང་ཚོས་བེད་སྤྱོད་ལ་ཐུག་ཡོད་པ་རེད། ལས་འགུལ་གྱི་ཆེད་དང་འགྲན་བསྡུར་གྱི་ཆེད་དུ་ཡིན་ན་ཐེངས་བརྒྱ་ལ་ལས་འགུལ་སྤེལ་ཏེ་འགྲན་བསྡུར་བྱས་སྐད་ཡིག་སྲུང་སྐྱོབ་ལ་ཕན་ཐོགས་ཡོད་པ་མ་རེད། རྗེས་མ་སྐད་ཡིག་རྒྱུན་འཛིན་ཚོགས་པས་སྐད་འཕྲིན་གྱི་ལམ་ནས་ནུས་པ་ཞིག་བཏོན་ཐུབ་ན་ཡག་པོ་འདུག་མ་གཏོགས་ཚོགས་འདུ་བསྐོངས་ཏེ། ངས་བཤད་ཁོས་བཤད་རྗེས་ལག་པ་བརྡབས་ཏེ་གྲོལ་སོང་ན་ཆོ་མི་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 7

  1. དོན་ཕན། says:
    ལོ་ 10 སྔོན།

    བཙན་བྱོལ་ནང་སློབ་གྲྭ་འཛུགས་རྒྱུའི་དམིགས་ཡུལ་བོད་ཀྱི་སྐད་དང་ཡི་གེ རིག་གཞུང་མི་ཉམ་རྒྱུན་འཛིན་ཆེད་དུ་ཡིན་པ་མིག་སྟེ་བཙན་བྱོལ་བོད་མིའི་སློབ་གྲྭ་ཞེས་ཟུར་དུ་མིང་བཏགས་ཆེད་འཛུགས་གནང་ཡོད་པ་དེར་ཁྱེད་རྣམ་པས་དོན་མཐིལ་དུ་མ་འཁྱོལ་བ་ཁ་ཙམ་ནས་འུར་གྲགས་ཆེན་པོའི་ངང་བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་ཉམ་ཆགས་གཏོང་མཁན་དེ་སློབ་གྲྭ་རེད་ཞེས་བརྗོད་སྟངས་དེར་སྐྱོན་བརྗོད་ཞུས་ཀྱིན་ཡོད། མཁས་དབང་ཡིན་མིན་ལ་མ་བལྟོས་པར་དོན་དམ་གྱི་ཞིབ་འཇུག་དང་དེ་ནས་སློབ་གྲྭ་རེད་འདུག་དང་། དེའི་ནང་ནས་བྱེས་བྲག་གང་འདྲ་ཞིག་ནས་ཕྱིན་ཡོད་པ་ཕྱིར་བཏོན་ཏུབ་པ་དགོས་རྒྱུ་གལ་ཆེན་མངོན།

    Reply
  2. བསྟན་འཛིན་ཕུན་ཚོགས་ says:
    ལོ་ 10 སྔོན།

    བདེ་བཞིན་བཙན་བྱོན་ནང་དུ་ཡོད་པའི་བོད་པའི་སློབ་ཕྲུག་ཚའི་བསམ་བློའི་ནང་དུ་བོད་ཡིག་འདི་རང་ཉིད་ཀྱི་བརྟ་སྤྲོད་ཡིན་པ་ངོ་ཤེས་པ་བཟོ་ཡག་ཕ་མ་དང་བདེ་བཞིན་སློབ་གྲྭའི་ནང་དགེ་རྒན་ཚོས་བྱེད་དགོས་ཀྱི་འདུག་

    Reply
  3. བསྟན་འཛིན་ཕུན་ཚོགས་ says:
    ལོ་ 10 སྔོན།

    དེ་སང་སློབ་གྲྭའི་ནང་བོད་ཡིག་སློབ་ཚན་འདི་དུས་ཚོད་ངེས་མེད་ཀྱི་སློབ་ཚན་ཞིག་ཡིན་སྟབས་་་་་སློབ་གྲྭ་ནས་ཉམས་ཆགས་འགྲོ་བཞིན་ཡོད་པ་དེ་གསལ་པོ་རེད་་་་་་་་་

    Reply
  4. ཐུབ་བསྟན says:
    ལོ་ 10 སྔོན།

    ངས་བལྟས་ན་ཕྱིའི་རིག་གནས་འདི་ཧ་ཅང་དར་ཁྱབ་ཆེ་དྲག་པ་དང་ང་ཚོ་ལ་དབང་པའི་རྒྱལ་ཁབ་ཅིག་མེད་པ། ལྷག་པར་ང་ཚོ་བཙན་བྱོལ་བ་ལ་མཚོན་ན་ཁོར་ཡུག་གི་ཤུགས་རྐྱེན་སོགས་ཀྱིས་སོ་སོ་རང་སྐད་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་གི་མེད་ན་བསམས།

    Reply
  5. འགྱུར་མེད་ཚེ་རིང་། says:
    ལོ་ 10 སྔོན།

    བོད་ཀྱི་སྐད་ཡིག་ཉམས་ཆག་གཏོང་མཁན་དེ་སློབ་གྲྭ་ཡིན་པ་དངོས་འབྲེལ་རེད་དྲན་གྱི་འདུག དེང་སང་སློབ་གྲྭ་ཁག་ནང་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་ཚོས་བོད་སྐད་ར་མ་ལུག་བསྐྱོན་མཁན་མང་པོ་རེད། དེ་འདྲ་ཡིན་དུས་བོད་ཁྱིམ་གྱི་སློབ་གྲྭ་ལ་སོགས་པའི་སློབ་གྲྭ་ཁག་གི་འགོ་འཛིན་རྣམས་ཀྱིས་དེའི་སྟེང་མནོ་བསམ་ཞིབ་ཏུ་བྱས་ནས། མ་འོངས་པར་བོད་ཀྱི་སྐད་ཡིག་གི་ད་ལྟའི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་ཐབས་ལ་དགོངས་པ་རྒྱ་ཆེན་པོ་བཞེས་དགོས་ཀྱི་ཡོད་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཡང་ཡང་དྲན་གྱི་འདུག

    Reply
  6. བསོད་ནམས་ says:
    ལོ་ 10 སྔོན།

    སློབ་གྲྭ་ཁག་ཡིན་པ་ཙམ་མ་ཟད་གཙོ་བོར་བོད་ཁྱིམ་དང་དེའི་ཡན་ཁག་རེད་བསམ་་་རྒྱུ་མཚན་གང་ལགས་ཤེ་ན་དེང་སང་ནུབ་ཕྱོགས་ཡུལ་གྲུར་བོད་པ་འདུས་སྡོད་སར་གཟའ་འཇུག་སློབ་གྲྭར་ཚུགས་ཙམ་ཐུབ་ཀྱང་སློབ་ཕྲུག་མང་པོ་ཞིག་བོད་ཕྱིམ་གྱི་སློབ་ཟུར་ཡིན་དུས་ཁོ་ཚོའི་བག་ཆག་གིས་གཤིས་རྒྱུད་ལ་
    རི་མོ་ནག་པོ་བྲིས་འཚར་དུས་དེའི་སྟེང་རི་མོ་དཀར་དམར་བྲིས་ཀྱང་ངལ་བ་འབྲས་མེད་རེད་འདུག་་་ལོ་གཉིས་ཙམ་མན་གྱི་ཉམས་མྱོང་ལ་འདངས་ཞིག་རྒྱབ་དུས་བོད་ཕྱིམ་གྱིས་སློབ་གཟུར་དང་དེ་ལས་གཞན་པ་གཉིས་ཀྱི་ཁ་དོག་སྒྱུར་སླ་མི་སླའི་སྐོར་ཁྱད་པར་ཆེན་པོ་འདུག་་ཁ་གསལ་ཙམ་ཞུས་ན་བོད་ཁྱིམ་སློར་གྲྭར་འགྲོ་མ་མྱོང་བའི་སློབ་ཕྲུག་ཚོར་བོད་པའི་སྐད་ཡིག་སློབ་སླ་བ་ཙམ་དུ་མ་ཟད་ཁོང་ཚོར་གཏན་པ་འདུག།

    Reply
  7. འདན་བསོད། says:
    ལོ་ 10 སྔོན།

    ཕ་མ་ཡིན་ན་འདྲ། དགེ་རྒན་ཡིན་ན་འདྲ། མི་སྣ་ཞིག་ཡིན་ན་འདྲ། སུའི་རང་རིགས་སྐད་ཀྱི་ཐོག་ལ་སྐད་ཆ་ཤོད་དགོས་འཕྲད་སྐབས་སྐད་ཡིག་ཟེར་ནས་ཡིག་གེ་མཉམ་དུ་ཡོང་གིས་འདུག་པ་དེ་ཕྲན་བུ་སྔ་མ་སོང་ངམ་སྙམ་པ་ཡོང་གི་འདུག གང་ལ་ཞེས་ན་ཕྲུ་གུ་ཆུང་ཆུང་ལ་ཐོག་མ་སྐད་ཚང་མ་བརྒྱབ་དགོས་ཡག་དེ་ཆགས་བསྡད་ཡོད་རེད་མ་གཏོགས་ཡི་གེ་མཉམ་དུ་འཁྲིད་ཡོང་ན་ཕྲུ་གུ་ལོ་དང་ནུས་ཚད་གང་ལྕོགས་ཀྱི་མེད་པ་གསལ་པོ་རེད། དེ་འདྲ་ཡིན་དུ་ཕ་མའི་དང་པོ་རང་ཉིད་ཕྲུ་གུ་དེ་ལ་སྐད་ཆ་ག་རེད་བཤད་དགོས་ནམ་འཕྲད་སཽའི་སྐད་ཐོག་ཕན་ཚུན་གོ་བ་འཕྲོད་པ་ཞིག་བཤད་རྒྱུ་གལ་ཆེན་པོ་རེད་འདུག དེང་རང་རིགས་སྤྱི་ཚོགས་དང་པོ་བཙན་བྱོལ་ནང་དང་བར་དུ་འཁྲུག་ཆ་དོད་པོའི་སྐབས་འདིར་རང་སྐད་མ་ཡིན་པ་ཕྱི་སྐད་སླབ་དགོས་སྣང་དང་ཤེས་དགོས་སྣང་གནང་སྟངས་སོགས་ནི་ཤིན་དུ་མ་འོས་ལ་བོད་མི་ཞིག་ཡིན་པའི་ཆ་ནས་ལས་འགན་སྒྲུབ་ཀྱི་ཡོད་མ་རེད། ཅི་སྟེ་དེ་ལྟར་སླབ་དགོས་ན་སཽའི་ཕ་ཡུལ་སྐད་དེ་རེད། དེ་ལ་དོ་སྣང་ག་བ་ཡོད། ཕལ་ཆེར་དེང་གི་གཞོན་སྐྱེས་དུ་མ་ལ་སཽའི་ཕ་ཡུལ་གང་ནས་ཡིན་པ་ཤོད་རྒྱུ་མེད་པ་བརྒྱ་ཆ་༤༥ % ཡིན་དྲོ། དཔེ་མཚོན་གངས་སྐྱིད་ལས་བྱེད་པའི་ནང་དང་། གཞིས་ཆགས་ཁག་ནང་གཅིག་གཟིགས་རྒྱུ་དེ་རེད། ལས་བྱེད་པའི་ནང་ལ་སྐད་ཆ་ཤོད་སྐབས་དབྱིན་སྐད་དང་རྒྱ་གར་ཡུལ་མཉམ་སྲེ། དཔེ་ན་ལྷམ་ཞིག་གཡས་གཡོན་གྱོན་ནོར་སོང་ཡོད་ན་ ཕ་མའི་ཕྲུ་གུ་ལ་མ་དགའ་ལྷམ་ ཧུལ་ཊ་ གྱོན་ཞག་ཞེས་རྒྱ་གར་སྐད་དང་ལས་ཁུངས་ནང་ལ་ཆགས་བ་ཞག་ན་སཽའི་མདུན་ཅོག་ལ་ ཊེ་སྦལ་ ཞེས་པ་སོགས་ཆུང་རྩག་རིགས་མང་དག་ཡོད་པ་ནི་བོད་ཀྱི་སྐད་འཕྲོ་བརླག་འགྲོ་གཞི་གཙོ་བོ་ཞིག་དེ་ཡིན། དེ་འདྲ་ཡིན་དུ་ཚང་མའི་ཐུགས་འཇགས་ཀྱི་དང་པོ་སཽའི་ཕ་ཡུལ་སྐད་དང་དེ་ནས་བོད་ཀྱི་སྐད་དེ་བདག་པོ་རྒྱབ་རྒྱུ་དུས་ཚོད་རེད་འདུག མཁས་པ་རྣམས་པའི་ཚོགས་འཛོམས་སྐབས་ངེས་པར་གོ་རིམ་བཞིན་པའི་ཐོག་བགྲོ་གླེང་དགོས་པ་དེ་འང་ལས་སླ་བོ་ནས་རིམ་པར་སྒྲིག་སྟེ་ངོ་སྤྲོད་གླེང་སློང་དགོས་པ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese