༧གོང་ས་མཆོག་དང་བོད་གཞུང་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་བོད་མི་རིགས་ཀྱི་ལ་རྒྱ་དང་ཤ་ཞེན་ཡོད་པའི་ཐོག་བོད་ཀྱི་རྩ་དོན་ལ་འབད་ཐབས་བྱེད་པའི་ལས་འགན་གྱི་ངོ་བོའི་ཐོག་ཚོགས་པ་འདི་དབུ་བརྙེས་པ་རེད་ཟེར།
དྷ་སར་རྟེན་གཞི་བྱས་པའི་མདོ་སྟོད་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་ཁང་གིས་ཚེས་ ༣ ཉིན་༧གོང་ས་མཆོག་ལ་བརྟེན་བཞུགས་ཕུལ་བ་དང་འབྲེལ་ཏེ། ཁ་སང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་མེག་གྷན་ནོར་བུ་མགྲོན་ཁང་གི་ཚོགས་ཁང་དུ་དམིགས་བསལ་ཚོགས་ཆེན་ཞིག་བསྐོངས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་སོག་ཞབས་དྲུང་རིན་པོ་ཆེ་མཆོག་གིས་གཙོས་དྷ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། མདོ་སྟོད་ཆུ་བཞི་སྒང་དྲུག་གི་ས་གནས་ཁག་ཅིག་ནས་ཕེབས་པའི་སྐུ་མགྲོན། དེ་བཞིན། བོད་མི་མང་སྤྱི་འཐུས་བཅས་མི་ ༧༠ ཡས་མས་འཛོམས་སོང་།
སྐུ་མགྲོན་གཙོ་བོས་༧རྒྱལ་བའི་སྐུ་པར་ལ་མཇལ་དར་སྒྲོན་པ་དང་། གཙོ་དང་སྐུ་མགྲོན་གཙོ་བོས་གསུང་བཤད་གནང་རྗེས། བོད་བསྟན་པ་ཆབ་སྲིད་ཆེད་ཕྱག་ལས་གནང་མཁན་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་ལ་གཟེངས་རྟགས་ཤིག་ཕུལ་སོང་།
དབུས་རྒྱུན་ཚོགས་གཙོ་ཐུབ་བསྟན་ལེགས་བཤད་ལགས་ཀྱིས་གཏམ་བཤད་གནང་དོན། དེ་རེས་བརྟན་བཞུགས་འདི་བརྒྱུད་ས་གནས་ཁག་མང་པོ་ཞིག་ནས་མི་མང་ཕེབས་ཡོད་དུས། ད་ལྟའི་བར་ལོ་ ༢༠ ལྷག་གི་བྱུང་རིམ་མདོ་བསྡུས་ཙམ་ཞུས་ན་ཡག་པོ་འདུག་དྲན་པ་ཡིན། ཕྱི་ལོ་ ༡༩༩༤ ལོ་ནས་ ༢༠༡༥ ལོའི་བར་དུ་ང་ཚོ་མདོ་སྟོད་ཁག་གཉིས་ཆགས་ཡོད་པ་རེད། ཆགས་དགོས་པའི་རྒྱུ་མཚན་དེ་ཡང་མདོ་སྟོད་ནང་ཁུལ་གྱི་གནད་དོན་ཞིག་རྩ་བ་ནས་མ་རེད། དོན་དག་འདི་བོད་མི་ས་ཡ་དྲུག་དང་བོད་སྤྱི་བའི་དོན་དག་རེད། ༡༩༩༤ ལོར་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཆུ་བཞི་སྒག་དྲུག་གིས་བོད་སོག་ལས་ཁུངས་དང་མཉམ་དུ་ཡིག་ཆ་དོན་ཚན་ ༣ བཞག་པ་དེ་འགྲིག་གི་མི་འདུག་གསུངས་པ་དེ་བོད་མི་ས་ཡ་དྲུག་གི་དོན་དག་རེད་མ་གཏོགས་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་གནད་དོན་གང་ཡང་མ་རེད། བོད་མི་ས་ཡ་དྲུག་གི་ལས་ཀ་འཐུས་ཤོར་གཏོང་གི་ཡོད་ན་དེར་སྐུ་མདུན་གྱིས་མ་མཁྱེན་མདོག་མདོག་བྱས་ཏེ་སྡོད་ས་ཡོད་པ་མ་རེད། ཁ་ཐུག་དེར་ཁོ་ཚོས་ནོར་མེད་ཟེར་ནས་ཉན་འཇོག་བྱས་ཡོད་པ་མ་རེད། དེ་ནས་བོད་གཞུང་གིས་མདོ་སྟོད་ལ་ངོས་ལེན་མེད་ཟེར་ནས་གསལ་བཤད་བྱེད་དགོས་བྱུང་པ་རེད། མདོ་སྟོད་ངོས་ལེན་མེད་ཟེར་དུས་རྩ་ཁྲིམས་ཀྱི་ཐོག་ལ་ངོས་ལེན་མེད་པ་ཆགས་པ་རེད། དེ་ཆགས་ཡོང་དུས་ལྷག་བསམ་ཅན་གྱི་མདོ་སྟོད་མི་མང་གིས་དེ་འགྲིག་གི་མི་འདུག་ཅེས་ནས་དམིགས་བསལ་ཚོགས་ཆེན་ཞིག་དྷ་རམ་ས་ལར་བསྐོངས་ཏེ། མང་མོས་འོས་བསྡུ་བྱས་ཏེ་བརྒྱ་ཆ་ ༩༩ ཡིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་༧རྒྱལ་བ་རིན་པོ་ཆེ་ལ་རྒྱབ་སྐྱོར་བྱས་པ་རེད། ཚོགས་ཆེན་དེ་བསྐོངས་རྗེས་ཁག་གཉིས་ཆགས་ཏེ་ཆུ་བཞི་སྒང་དྲུག་གསར་བ་འདི་དབུ་བརྙེས་པ་རེད།
ཡར་མར་མང་པོ་བྱས་མཐར་ཁོ་རང་ཚོས་དྷ་རམ་ས་ལ་ནས་མདོ་སྟོད་གཅིག་བཟོས་ཚར་ཡིན་ཟེར་ནས་ཚོགས་ཆེན་ཞིག་ཀྱང་ཚོགས་པ་རེད། ཚོགས་ཆེན་སྐབས་ལ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། ད་རེབ་མདོ་སྟོད་ཆུ་བཞི་སྒང་དྲུག་གིས་དམིགས་བསལ་ཚོགས་ཆེན་ཚོགས་པའི་ཐོག་ལ་མདོ་སྟོད་གཅིག་གྱུར་གྱི་དམིགས་ཡུལ་འགྲུབ་མི་འདུག་ཅེས་ནས་བཀའ་གནང་ཡོད་པ་རེད། ག་རེ་བྱས་ནས་གྲུབ་མི་འདུག་ཟེར་ན། འོས་བསྡུ་བྱས་ནས་གཅིག་གྱུར་བྱུང་བ་ཡིན་ཡང་། ས་གནས་ཁ་ཤས་ཀྱིས་འོས་ལྡུག་རྒྱུ་བྱུང་མི་འདུག ས་གནས་ཁ་ཤས་ལ་འོས་ཉུང་ཤས་ཤིག་མ་གཏོགས་བླུགས་མི་འདུག ཅེས་བཀའ་གནང་པ་རེད། ཅེས་བརྗོད་སོང་།
སྐུ་མགྲོན་གཙོ་བོ་སོག་ཞབས་དྲུང་རིན་པོ་ཆེ་མཆོག་གིས་ཁོང་ཉིད་ངོ་སྤྲོད་དང་འབྲེལ་ཏེ་གསུངས་དོན། དེ་རིང་ཚོགས་ཁང་འདིའི་ནང་ཕེབས་པའི་མི་ཉུང་ཤས་ཤིག་མ་གཏོགས་ངས་ངོ་ཤེས་ཀྱི་མི་འདུག དེར་བརྟེན་ཐོག་མར་ང་རང་གིས་ངོ་སྤྲོད་ཐུང་ངུ་ཞིག་ཞུ་རྒྱུ་ཡིན། ངའི་མིང་ལ་སོག་ཞབས་དྲུང་ཟེར་གྱི་ཡོད། སྐྱེས་ཡུལ་དེ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་གསེས་རྒྱལ་མོ་དངུལ་ཆུ་བརྒྱུད་དེར་སོག་ཤོད་ཟེར་བའི་ལུང་པ་ནས་སྐྱེས་པ་རེད། ང་བོད་ལ་ཡོད་དུས་བཙོན་ཁང་ནང་ལོ་ ༢༠ ལྷག་བསྡད་པ་ཡིན། དེའི་རྗེས་སུ་ ༡༩༨༣ ལོར་རྒྱ་གར་ནང་བཙན་བྱོལ་ལ་འབྱོར་བ་ཡིན།
ལོ་ངོ་བཅུ་བཞི་ཙམ་གྱི་རིང་མདོ་སྟོད་ཆོལ་ཁའི་མི་མང་མཉམ་འཛོམས་བྱུང་པ་དེ་རིང་ཕལ་ཆེར་དང་པོ་ཡིན་ས་རེད། འདིའི་ནང་ལ་རྒན་གཞོན་དར་གསུམ་ཕེབས་འདུག་ཀྱང་། ངས་ངོ་ཤེས་པའི་མི་མང་པོ་མི་འདུག ཚང་མ་ངོ་ཤེས་ཀྱི་མེད་ཀྱང་རྒྱུས་ཡོད་པའི་ཚོར་སྣང་ཡོང་གི་འདུག རྒྱུ་མཚན་ཚོགས་ཁང་འདིའི་ནང་དང་མདོ་སྟོད་ཆོལ་ཁ་ཡོངས་ཀྱིས་༧གོང་ས་ཆེན་པོ་མཆོག་ལ་དད་གུས་ཡོད་པ་དང་། བོད་བསྟན་པ་ཆབ་སྲིད་ལ་ཤ་ཞེན་ཡོད་པ། བོད་མི་རིགས་ཀྱི་ལ་རྒྱ་ཡོད་པ་གཅིག་མཚུངས་ཡིན་སྟབས། ངའི་སེམས་ནང་ཧ་ཅང་རྒྱུས་ཡོད་ཡིན་པའི་ཚོར་སྣང་ཡོང་གི་འདུག གོང་དུ་ཚོགས་གཙོས་བཀའ་གནང་བ་དེ་བཞིན་རེད། ང་ཚོའི་ཚོགས་པ་འདི་ཐོག་མ་འཛུགས་སྟངས་ག་རེ་རེད་ཅེ་ན། སྤྱིར་བཏང་མདོ་སྟོད་ཆུ་བཞི་སྒང་དྲུག་གི་ཨ་མཐར་ཁོ་ཚོ་ཡིན་པའི་སྐབས་དེར། ཐོག་མར་ཁོ་ཚོས་ཐའེ་ཝན་བོད་སོག་ལས་ཁུངས་ལ་འབྲེལ་བ་བྱས་ཏེ་ཆངས་ཡིག་བཞག་པ་རེད། དེའི་ནང་ལ་བོད་ཀྱི་བསྟན་པ་ཆབ་སྲིད་དང་རྩ་དོན་ལ་རྒྱབ་འགལ་བྱས་པའི་དོན་ཚན་གསུམ་བཞག་པ་རེད་མ་གཏོགས། དེའི་ནང་ལ་བོད་ཀྱི་བསྟན་པ་ཆབ་སྲིད་དང་མི་རིགས་ལ་ཕན་ཐོགས་པའི་དོན་ཚན་གཅིག་ཀྱང་ཡོད་པ་མ་རེད། རྒྱུ་མཚན་དེར་བརྟེན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགོངས་འགལ་བྱུང་བ་རེད། དགོངས་འགལ་བྱུང་བར་བརྟེན་བཀའ་ཤག་དང་སྤྱི་འཐུས་སོགས་ནས་ཕར་ཚུར་བཀའ་མོལ་གནང་སྟེ། ནོར་འཁྲུལ་ཤོར་བར་ཡོ་བསྲང་ཆེད། སྐབས་དེའི་ཚོགས་གཙོ་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་བཀའ་བློན་ཁྲི་བ་བསྟན་འཛིན་རྣམ་རྒྱལ་ཁོང་རྣམ་པ་དང་ཨ་མཐར་ལ་སོགས་པས་ཉིན་ནས་ཉིན་གྱི་བཀའ་མོལ་གནང་ཡོད་པ་རེད། དེ་ནས་ཚོགས་གཙོ་མཆོག་དང་བཀའ་བློན་ཁྲི་བས་ལམ་སྟོན་ག་རེ་གནང་ཡོད་པ་རེད་ཅེ་ན། ཁྱེད་རང་ཚོའི་དོན་ཚན་གསུམ་དེ་ཕྱིར་འཐེན་བྱེད་དགོས་ཀྱི་འདུག ཕྱིར་འཐེན་བྱས་པའི་རྗེས་ལ་ཁྱེད་རང་ཚོ་མདོ་སྟོད་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ནས་དགོངས་པ་ཞུ་དགོས་ཀྱི་རེད། དེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོ་སྟངས་ལྟར་སོ་སོའི་ནོར་འཁྲུལ་ངོས་ལེན་བྱས་པ་དང་ཆབས་ཅིག་ལས་གནས་ནས་ཕྱིར་འཐེན་བྱ་དགོས་པ་རེད། དེ་རྒྱལ་སྤྱིའི་འགྲོ་སྟངས་རེད། དེར་ངོས་ལེན་བྱེད་དགོས་རེད་ཟེར་དུས། དེར་ཁ་མ་ཉན་པར་ཤོག་ལྷེ་ལྔ་བཅུ་དྲུག་བཅུ་ཅན་ཞིག་བཀའ་ཤག་དང་སྤྱི་འཐུས་ལ་བཏང་ནས་དགག་པ་བརྒྱབ་སྟེ་རྙོག་དྲ་ཆེན་པོ་བཟོས་པ་རེད། མཐར་བཀའ་སྤྱི་གཉིས་ཀར་ཐབས་ཤེས་ཟད་དེ་མདོ་སྟོད་མི་མང་ལ་བཀའ་འདྲི་མི་གནང་ཐབས་མེད་ཆགས་པ་རེད། དེ་ནས་མདོ་སྟོད་མི་མང་ལ་བཀའ་འདྲི་གནང་ཡོང་དུས་བརྒྱ་ཆ་ ༩༥ ཡན་གྱིས་ཨ་མཐར་དང་བོད་སོག་ལས་ཁུངས་བར་ཀྱི་ཆངས་ཡིག་ལ་ངོས་ལེན་མེད་ཟེར་ནས་མདོ་སྟོད་མི་མང་གིས་ཐག་བཅད་པ་རེད། སྐབས་དེའི་ཚོགས་འདུའི་ཐོག་མི་ ༤༠༠ མ་ཟིན་ཙམ་ཡོད་པ་རེད། ཚོགས་འདུ་དེའི་ཐོག་ང་ཚོའི་ད་ལྟའི་མདོ་སྟོད་ཆོལ་ཁ་འདི་དབུ་བཙུགས་བྱས་པ་རེད། དབུ་བཙུགས་སྟངས་དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་བཀའ་བློན་ཁྲི་བ་སོགས་ཟུར་དུ་བཞུགས་ཏེ་རྒྱལ་ཁའི་ངང་དབུ་བཙུགས་བྱས་པ་རེད།
ཚོགས་པ་འདིའི་ངོ་བོའི་ཐོག་ནས་བཤད་ན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱས་པའི་ཐོག་བོད་བསྟན་པ་ཆབ་སྲིད་ལ་འབད་བརྩོན་བྱེད་རྒྱུ་དང་། བོད་མི་རིགས་ཀྱི་ལ་རྒྱ་དང་ཤ་ཞེན་ཡོད་པའི་ཐོག་བོད་ཀྱི་རྩ་དོན་ལ་འབད་ཐབས་བྱེད་པའི་ལས་འགན་གྱི་ངོ་བོའི་ཐོག་ཚོགས་པ་འདི་དབུ་བརྙེས་པ་རེད། ཚོགས་པ་འདི་དབུ་བརྙེས་ནས་ད་ལྟའི་བར་དུ་དཀའ་ངལ་རབ་དང་རིམ་པ་བྱུང་ཡོད་པ་རེད། སྤྱི་ཚོགས་ནང་གཞུང་གིས་ངོས་ལེན་མེད་པའི་ཚོགས་པ་ཞིག་རེད་ཟེར་གྱི་ཡོད་ཀྱང་། དོན་དངོས་སུ་གཞུང་གིས་ངོས་ལེན་ཡོད་པའི་མདོ་སྟོད་ཀྱི་ཚོགས་པ་འདི་གཅིག་པུ་རེད།
ང་ཚོས་༧རྒྱལ་བ་རིན་པོ་ཆེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་ཡིས་བརྩི་འཇོག་བྱེད་པའི་བཙན་བྱོལ་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། བོད་ཀྱི་རྩ་དོན་དང་གཞིས་བྱེས་བོད་མི་ས་ཡ་དྲུག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ང་ཚོའི་ཚོགས་པའི་ལས་ཀ་ཆེ་ཆུང་ག་རེ་ཡིན་ཡང་དེ་འདྲ་ཞིག་གི་ཐོག་ལ་རྒྱབ་སྐྱོར་བྱས་ནས་འགྲོ་བཞིན་ཡོད་པ་རེད། མི་སྒེར་གྱི་དོན་ལ་འགྲོ་གི་ཡོད་པ་མ་རེད་ལ། ཚོགས་པ་སྒེར་གྱི་ལས་ཀ་ལ་འགྲོ་གི་ཡོད་པ་མ་རེད། དེར་བརྟེན་ང་ཚོས་དྲང་བདེན་དང་ལྷག་བསམ་གཞི་ལ་བཞག་ཏེ་མུ་མཐུད་འགྲོ་བཞིན་ཡོད། ང་ཚོའི་ཚོགས་པར་དཔལ་འབྱོར་ཡར་རྒྱས་ཡོད་པ་མ་རེད། མི་མང་ཡང་འཕེལ་རྒྱས་ཡོང་རྒྱུ་ཁག་པོ་ཆགས་ཀྱི་ཡོད་པ་རེད། ཡིན་ཡང་ང་ཚོར་ག་རེ་ཡོད་པ་རེད་ཅེ་ན། དྲང་བདེན་དང་ལྷག་བསམ་ཡོད་པ་རེད། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ང་ཚོར་ག་རེ་ཡོད་པ་དེ་གསལ་བོ་མཁྱེན་བསྡད་ཡོད་པ་རེད། དེ་ང་ཚོའི་མ་རྩ་རེད། མ་རྩ་དེའི་ཐོག་ནས་ ༡༩༩༤ ལོ་ནས་བཟུང་ད་བར་དུ་འབད་བརྩོན་བྱས་ཏེ་ཡོང་ཡོད་པ་རེད་ལ། མ་འོངས་པར་དེ་བཞིན་ང་ཚོ་ཕེབས་དགོས་རེད། དེར་ཕེབས་པ་ཡིན་ན་མཐར་ཐུག་གི་རྒྱལ་ཁ་དང་འབྲས་བུ་དེ་ང་ཚོར་ཏན་ཏན་འཐོབ་ཀྱི་རེད་བསམ་པའི་ཡིད་ཆེས་ཡོད།
སྔོན་མ་༧གོང་ས་མཆོག་དབུ་བཞུགས་ཀྱི་ཚོགས་འདུའི་སྐབས། སྲུང་མ་དམར་ནག་གཉིས་ཀྱི་མདུན་ནས་ང་ཚོ་མཐུན་མོང་ཐོག་དམ་བཅའ་བཞག་ཅིང་། ང་ཚོའི་ལས་དོན་འདི་མཐའ་མ་འཁྱོལ་བར་དུ་འབད་བརྩོན་བྱེད་རྒྱུ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་དང་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འོག་ཤར་སྐྱོད་བྱ་རྒྱུ་ཡིན་ཞེས་མནའ་སྐྱེལ་ཏེ་དམ་བཅའ་བཞག་ཡོད་སྟབས་ངའི་མི་ཚེ་ནང་ལ་ཉར་གྱི་རེད། ང་ཕྱི་རྒྱལ་ལ་སྡོད་ཡོད་ཀྱང་ངའི་བསམ་བློའི་ནང་རྟག་པར་ཤར་སྡོད་ཀྱི་ཡོད།
དེ་རིང་འདི་ནས་མ་འོངས་པར་འདི་བྱ་དགོས་རེད་ཟེར་བའི་དམིགས་བསལ་གྱི་ཐབས་ཤེས་གསར་བ་འདྲ་བོ་ང་ལ་བཤད་རྒྱུ་མེད། ཡིན་ཡང་དེ་རིང་འདིར་ཚོགས་མི་རྒན་གཞོན་དར་གསུམ་ཕེབས་འདུག གཞོན་ནུ་དེ་ཚོ་མི་རབས་རྗེས་མ་དང་ད་ལྟ་ང་ཚོས་མགོ་བཙུགས་པའི་བྱ་བ་འདིར་མ་འོངས་པར་རྒྱུན་འཛིན་བྱེད་མཁན་ཡིན་སྟབས། དེ་རིང་འདིར་ཕེབས་པའི་གཞོན་ནུ་དེ་ཚོར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་གཅིག་མ་འོངས་པར་ང་ཚོའི་ཚོགས་པའི་བྱུང་རིམ་ག་རེ་བྱས་ནས་བྱུང་པ་དང་། ཚོགས་པའི་གྲུབ་སྟངས་ག་འདྲ་བྱས་ནས་གྲུབ་འདུག ཚོགས་པ་འདི་དབུ་བརྙེས་ནས་ད་བར་དུ་ལས་ཀ་ག་རེ་བྱས་འདུག དེའི་ཐོག་ལ་དགོངས་པ་བཞེས་པ་དང་སློབ་སྦྱོང་བྱས་ཏེ་རྒྱུས་མངའ་ལོན་ཡག་པོ་གནང་རོགས། ཅེས་བརྗོད་སོང་།
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
མདོ་སྟོད་མི་དམངས་ཚང་མས་ཞིབ་འཇུག་བྱས་ཟིན་པ་རེད།མདོ་སྟོད་མི་དམངས་སྤྱི་ལ་ཁེ་ཕན་ག་ཚོད་བྱས་ཡོད།བོད་རྩ་དོན་ལ་ལས་ཀ་ག་ཚད་ཞིག་བྱས་ཡོད།ཚང་མ་ཧ་གོ་གི་ཡོད་རེད།
ངས་དེ་རིང་གོ་སྐབས་འདི་ཟིན་ནས་ལྷན་རྒྱས་ལ་ཞུས་འདོད་ཞིག་བྱུང།སྔོན་མ་ཆུ་བཞི་སྒང་དྲུག་ཁྱབ་ཁོངས་(ཆུ་སྒང་དམག་མི་ཞུ་མྱོང་མཁན་ཚོས་དབུ་གཙང་དང་མདོ་སྨད་པ་ཡང་ཡོད)ཀྱི་མི་དམངས་རྣམས་ཨ་རིའི་ལ་བསྐྱོད་རྒྱུའི་ལས་འཆར་ཞིག་ཡོད་པ་ཨ་རིའི་གཞུང་འབྲེལ་མུ་མཐུན་བྱས་ཡོད།སྐབས་དེར་མི་དམངས་ཚང་མས་ཐོ་འགོད་བྱས་ཡོད།འོན་ཀྱང་སྟབས་མ་ལེགས་པ་ཆུ་སྒང་གསར་པ་ཞེས་པའི་ཚཽགས་པ་ཞིག་ཨ་རིའི་གཞུང་ལ་ང་ཚོ་ཡང་ཆུ་སྒང་ཡིན་ཟེར་ནས་མཐར་མར་ཚང་མ་གོ་སྐབས་མེད་པ་ཆགས་སོང་བ་རེད།ཁྱེད་ཚོས་བོད་མིདམངས་རྣམས་ལ་ཕན་ཐོགས་ཡོད་པ་ལས་ཀ་ཞིག་བྱ་ཡོག་རེད་པས།
དེ་རེས་ཡང་མི་ཚང་མ་འོ་མ་ཞོ་ཆགས་པ་ལྟར་གནས་ཡོད་པས་ཡང་ཁྱེད་ཚོས་ཞོ་ནང་ཁྲག་གི་ཐིགས་པ་རྒྱག་པ་ལྟར་ངུ་སྐད་རྒྱག་པ་དེར་མདོ་སྟོད་མི་དམངས་ལ་དགོས་པ་ཤིག་རེ་པས།
“ཤེས་ཤིང་དང་བའི་དད་པའི་སྒོ་ནས་སྐྱབས་སུ་འགྲོ་བ་ཡིན། དེ་ཡང་མཆོག་གསུམ་སོ་སོའི་ཡོན་ཏན་ཤེས་པར་བྱེད་པ་ལས། དང་པོ་སངས་རྒྱས་ཀྱི་ཡོན་ཏན་ལ་སྐུ་གསུང་ཐུགས་དང༌། འཕྲིན་ལས་ཀྱི་ཡོན་ཏན་བཞི་ལས། །
དང་པོ་སྐུ་ལ་ཡང་ལོངས་སྐུ་དང༌། ཆོས་སྐུ། ངོ་བོ་ཉིད་སྐུ། སྤྲུལ་སྐུ་བཅས་བཞི་ཡོད་དེ། དང་པོ་ནི། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། ཅེས་གསུངས་པས་སྐུ་བཞིའི་ནང་གི་གནས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན་ བཞུགས་པའི་ངེས་པ་ལྔ་ལྡན་གྱི་ལོངས་སྐུ་དེ་ཉིད་བསྟན་ཞིང༌། དེ་བཞིན་དུ་འགྲེལ་ཆུང་དོན་གསལ་ལས་ཀྱང༌། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཉིད་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་ བཅུ་པ་ལ་ཞུགས་པ་རྣམས་དང༌། ཐབས་གཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་སྤྱོད་པའི་ཕྱིར།
ཆུ་སྒང་གི་སྒྲིག་འཛུགས་གཅིག་ལས་གཉིས་པ་ཞིག་ཡོད་པ་མི་ཤེས། མདོ་སྟོད་མི་དམངས་དང་བོད་མི་སྒྲིག་འཛུགས་བཅས་ཀྱིས་ངོས་ལེན་མེད་པས་མི་འགྲོ་རེ་གཉིས་ཟུར་ཁུག་ཅིག་ལ་བསྡད་ཡོད་རེད་ཅེས་གོ་བྱུང་ཕལ་ཆེར་ཁོང་ཚོ་ཡིན་པ་འདྲ། ཆུ་སྒང་རྒྱལ་ཡོངས་འོས་བསྡུ་ཆེན་པར་མཉམ་བཞུགས་གནང་ནས་ལེགས་བཅོས་དགོས་རིགས་མཐོང་ཚེ་གནང་ཐུབ་ན་མང་གཙོའི་འགྲོ་སྟངས་ཞིག་རེད། དེ་མིན་ངོ་ལོག་གིས་རྣམ་པ་ཞིག་ཏུ་གནས་པ་ཡིན་ན་གཞན་ལ་ཅི་མི་ཤེས་ཏེ་རང་ངོ་རང་གིས་མི་ཤེས་པ་ཆགས་ངེས་རེད།
གྲུབ་འབྲས་ཟེར་བ་སྤུའི་རྩེ་མོ་ཙམ་ཡང་བསྟན་རྒྱུ་མེད་པ་ལ། རྒན་གོག་འགའ་ཤས་བསྐངས་ཏེ་འུ་ཐུག་ཐབས་ཟད་ལྟ་བུའི་ལྐོག་ལབ་མང་པོ་ཞིག་རྒྱག་འདུག་པ་དེས་དུས་ཚོད་རྫོགས་རོགས་དང་། རང་ངོ་ཚ་རོགས། གཞན་ངོ་ཞེ་ཁྲེལ་རོགས་ལས་ཅི་འདུག
ངས་གནད་འགག་གཉིས་བཤད། གཅིག༽གལ་སྲིད་རྡ་སར་ཡོད་པའི་མདོ་སྟོད་ཆུ་བཞི་སྒང་དྲུག་ཟེར་བ་འདི་ཁྲིམས་མཐུན་ལུགས་མཐུན་བོད་མིའི་སྒྲིག་འཛུགས་དང་མདོ་སྟོད་མང་ཚོགས་ཀྱིས་ངོས་ལེན་ཡོད་པ་ཞིག་ཡིན་ན། རྡ་ས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ལྟེ་བ་ཡོད་ས་དེ་རེད། དེར་ཚོགས་ཆེན་ཚོགས་དུས་ག་རེ་བྱས་ནས་ཆེ་ས་ནས་སྲིད་སྐྱོང་དང་བཀའ་བློན་ཁག སྤྱི་འཐུས་གྲོས་ཚོགས་ཀྱི་རྒྱུན་ལས་སྐུ་ཚབ་དང་། ལྷན་ཁང་ཁག་གི་དྲུང་ཆེའམ་དྲུང་འཕར་ལྟ་བུ། ད་དུང་མདོ་སྟོད་སྤྱི་འཐུས་བཅུ་ཡོད་པ་རེད། དེ་དག་ལས་སུའང་ད་རེས་ཙམ་མིན་པ་ཕྱི་ལོ་ ༢༠༠༠ ལོ་ནས་ག་དུས་ཀྱང་ཕེབས་རོགས་བྱེད་ཀྱི་མེད་པ་འདིས་ག་རེ་བསྟན་པ་རེད་དམ། ཁྱོད་རང་ཚོའི་མཁྲེག་འཛིན་ཅན་གྱི་རྒན་གོག་ཅིག་ལ་སྐུ་མགྲོན་གཙོ་བོ་ཟེར་ནས་དེར་རྒན་གོག་འགའ་འཛོམས་འདུག་པ་དེས་ག་རེ་བསྟན་པ་རེད། དེ་ནི་ཁྱོད་རང་ཚོ་ཁྲིམས་འགལ་དང་། བོད་མའི་སྒྲིག་འཛུགས་ཀྱིས་ངོས་ལེན་མེད་པའི་རྒྱུ་མཚན་དེ་རེད། དེ་བཞིན་མདོ་སྟོད་སྤྱི་འཐུས་སུའང་མེད་པ་དེ་ནི་རྒྱ་ཆེའི་མདོ་སྟོད་མང་ཚོགས་ཀྱིས་ཁྱེད་རང་ཚོ་ལ་རྒྱབ་སྐྱོར་དང་ངོས་ལེན་མེད་པའི་རྒྱུ་མཚན་གྱིས་རེད། ཁྱོད་རང་ཚོ་ལ་ནག་ཉེས་ཤིག་ཡོད་པའི་རྟགས་མཚན་རེད། ཡང་སྙིང་དེ་ནི་ ༢༠༠༡།༩།༢༡ ཉིན་གྱི་སྤྱི་འཐུས་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༩ པའི་ནང་གསལ་བ་ལྟར་ཁྱོད་རང་ཚོའི་ཚོགས་པ་དེ་སྐབས་དེ་དུས་ནས་ངོས་ལེན་མེད་པ་དང་ཚོགས་པ་སྒོ་བརྒྱབ་ཟིན་པ་ཞིག་རེད།
གཉིས་༽ མདོ་ཁམས་རྒྱ་ཆེའི་མང་ཚོགས་ཀྱིས་ངོས་ལེན་ཡོད་པའི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་འོས་བསྡུའི་ཁྲོད་དབུས་རྒྱུན་གདམས་བསྐོས་བྱས་ཏེ་ད་ལྟ་ལྡི་ལིར་ཡོད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པ་ལ་ལྟོས་དང་། ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས། དུས་དྲན་མཛད་སྒོ་སོགས་ལ་བོད་མའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྐུ་མགྲོན་ཁག་ཕེབས་པ་དང་། གསུང་འཕྲིན་གནང་པ། མདོ་སྟོད་སྤྱི་འཐུས་ཆ་ཚང་མཉམ་ཞུགས་བྱེད་ཀྱི་འདུག་བ་དེ་ཚོས་ག་རེ་བསྟན་པ་རེད་པས། དེ་ནི་ཁོང་ཚོ་ཁྲིམས་མཐུན་ལུགས་མཐུན་ཡིན་པ་གང་ཞིག མང་ཚོགས་སྤྱི་དང་དེའི་འཐུས་མི་ཚོས་དེར་རྒྱབ་སྐྱོར་དང་ངོས་ལེན་ཡོད་པར་མཚོན་གྱི་ཡོད་རེད། གོང་གསལ་གནད་དོན་དག་ལ་མང་ཚོགས་ཀྱིས་ཞིབ་འཇུག་བྱས་ཏེ་ཧ་གོ་དགོས་ཡ་གལ་ཆེན་པོ་རེད། དེ་མིན་སྤྱི་ཚོགས་ནང་ནས་དཀྲུགས། དེས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་གནོད་བསྡད་ན་དོན་དམ་པར་དེ་ནི་གངས་ཅན་བོད་ལ་གནོད་པ་ཞིག་རེད།
གསར་འགོད་པ་མཆོག་ལ་དྲི་བ་ཞིག་འདོན་རྒྱུར། ཁོང་ཚོ་དེ་འདྲའི་ཁྲིམས་མཐུན་དང་ཚད་ལྡན་ཡིན་ཚེ་མདོ་སྟོད་སྤྱི་འཐུས་གཅིག་ཀྱང་མི་སླེབས་པའི་དོན་ག་རེ་ཡིན་ནམ།