ཉེ་བའི་ཟླ་ཤས་ཀྱི་སྔོན་ནས་བཟུང་ནང་སོག་རྩྭ་ཐང་དུ་ནད་ཡམས་ཤིག་ཁྱབ་སྟེ་ལུག་མང་པོར་ཤི་སྐྱོན་བྱུང་ཡོད་པ་མ་ཟད། ས་གནས་འབྲོག་པ་མང་པོར་ནད་ཡམས་དེ་འགོས་ཡོད་འདུག
གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ནང་སོག་པཱ་ཡན་ནོར་གྲོང་ཁྱེར་ཝུའུ་ལཱ་ཐི་ནུབ་བྱང་ཁུལ་གྱི་པཱ་ཡེན་ཧང་ཀེ་རྩྭ་ཐང་དང་། ཕྱི་སོག་དང་ནང་སོག་ཀྱི་མཐའ་མཚམས་དེ་རི་སུ་ཀ་ཁྲ་ཟེར་བའི་རྩྭ་ཐང་དུ་ནད་ཡམས་ཤིག་བྱུང་སྟེ། ལུག་མང་པོར་ཤི་སྐྱོན་བྱུང་ཡོད་པ་མ་ཟད། ནད་ཡམས་འགོག་ཁབ་ཀྱི་ཤུགས་ཚད་ཆེ་རུ་བཏང་རྐྱེན་ལུག་སྟོང་ཕྲག་འགའ་ལ་ཤི་སྐྱོན་བྱུང་ཡོད་པ་དང་། ནད་ཡམས་དེ་བྱུང་ནས་ཟླ་ ༨ ཙམ་ཕྱིན་པའི་རིང་མི་དང་ནོར། རྟ་སོགས་ལའང་འགོས་ཁྱབ་ཕྱིན་ཡོད་ཀྱང་། ས་གནས་སྲིད་གཞུང་གིས་གནས་ཚུལ་ཕྱིར་བསྒྲགས་བྱེད་པར་བཀག་འགོག་བྱས་ཏེ་སྦེད་གསང་བྱེད་བཞིན་ཡོད་འདུག
ས་གནས་ཀྱི་འབྲོག་པ་ཁག་ཅིག་གིས་གསར་འགོད་པར། འདི་ལོའི་ཕྱི་ཟླ་ ༣ ནས་བཟུང་ས་གནས་དེར་ལུག་ནད་ཅིག་བྱུང་ཞིང་། རིམ་གྱིས་ནོར་དང་རྟ་ལའང་འགོས་ཡོད་པ་དང་། ཕྱི་ཟླ་ ༡༠ པའི་ཟླ་མཇུག་ཏུ་པཱ་ཡེན་ཧང་ཀེ་རྩྭ་ཐང་དུ་ལུག་ཧ་ཅང་མང་པོར་ཤི་སྐྱོན་བྱུང་བར་བརྟེན། ས་གནས་མགོ་ཁྲིད་ཀྱིས་འགོག་ཁབ་ཀྱི་ཤུགས་ཚད་ཆེ་རུ་གཏོང་དགོས་པའི་བཀོད་མངག་བྱས་པ་ལྟར། ཕྱིས་སུ་འགོག་ཁབ་ཀྱི་ཤུགས་ཚད་ཆེ་རུ་བཏང་རྐྱེན་ལུག་ ༢༤༤༨ ལ་ཤི་སྐྱོན་བྱུང་ཡོད་པ་མ་ཟད། ད་ལྟའི་ཆར་མི་བརྒྱ་ཕྲག་འགར་ནད་ཡམས་དེ་འགོས་ཚར་ཡོད་སྟབས། སྔ་ས་ནས་སྨན་བཅོས་དང་འགོག་ཐབས་མ་བྱས་ན། ནད་ཡམས་དེ་གཏན་འགོག་བྱེད་མི་ཐུབ་སྐོར་སོགས་བརྗོད་འདུག
གསར་འགོད་པས་ས་གནས་ལས་བྱེད་ཅིག་ལ་ནད་ཡམས་འགོས་པ་དང་འགོག་ཁབ་ཀྱི་ཤུགས་ཚད་ཆེ་དྲགས་ཏེ་ལུག་མང་པོར་ཤི་སྐྱོན་བྱུང་བ་བདེན་པ་ཡིན་མིན་སོགས་དྲིས་པར། འགོག་ཁབ་ཀྱི་ཤུགས་ཚད་ཆེ་དྲགས་ནས་ཤི་སྐྱོན་བྱུང་བའི་གནས་ཚུལ་ཞིག་མེད་ཀྱང་། ལུག་ཁྱུ་ཞིག་ལ་ནད་ཡམས་ཀྱིས་ཤི་སྐྱོན་བྱུང་སྟེ་ས་འོག་ཏུ་བཅུག་དགོས་བྱུང་བ་དང་། དེ་ཚོ་ཚང་མ་ནད་ཡམས་གཅིག་པུས་ཤི་བ་མིན་པར་སྤྱང་ཀིས་བསད་པའང་ཡོད་ལ། ནད་ཡམས་དེ་ཤིན་ཅང་ནས་ཡོང་བ་ཡིན་ཞིང་། ལག་ཤུབས་མ་གྱོན་ན་མི་ལའང་འགོས་སྲིད་སྐོར་བརྗོད་ཡོད་འདུག
འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་ཀང་ཏུང་ཞིང་ཆེན་ཉན་ཀྲུའུ་གྲོང་ཁྱེར་དུ་རྒྱལ་སྤྱིའི་པར་རིས་འགྲེམས་སྟོན་ཞིག་གི་ཐོག རྒྱ་ནག་གི་བརྙན་ལེན་པ་གྲགས་ཅན་ཧོའུ་ཀང་ལགས་ཀྱིས་༼འབག་བཙོག་ཐེབས་པའི་ཡུལ་ལྗོངས༽ཞེས་པའི་པར་རིས་ཁག་ཅིག་འགྲེམས་སྟོན་བྱེད་སྐབས། ནང་སོག་རྩྭ་ཐང་དུ་རྒྱ་གཞུང་གིས་ལོ་མང་རིང་ནས་བཟུང་བཟོ་གྲྭ་གསར་འཛུགས་དང་གཏེར་ཁ་སྔོག་འདོན་ཤུགས་ཆེན་བྱས་པའི་རྐྱེན་གྱིས། ཁོར་ཡུག་ལ་འབག་བཙོག་ཆེན་པོ་ཐེབས་ཡོད་པ་དང་ནོར་ལུག་མང་པོར་ཤི་སྐྱོན་བྱུང་གི་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད།
འགྲེམས་སྟེན་སྐབས་ཧོའུ་ཀང་ལགས་ཀྱིས། གནའ་ནས་ད་ལྟའི་བར་སྔོ་ལྗང་རྩྭ་ཡིས་སའི་གོ་ལའི་ཐོག་གི་ཚེ་སྲོག་ཡོད་ཚད་ལ་སྐྱེས་འཕེལ་གྱི་ནུས་པ་འདོན་གྱི་ཡོད་པ་དང་། ནང་སོག་རྩྭ་ཐང་ནི་འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་ཧུའུ་ལོན་བྷིར་དང་ཧོར་ཆིན། ཞི་ལིན་གྷོལ་སོགས་རྩྭ་ཐང་ཆེན་མོ་དྲུག་གི་ནང་ནས་གཅིག་ཡིན་ཞིང་། རྩྭ་ཐང་འདིས་རྒྱ་ནག་གི་མངའ་ཁོངས་ཀྱི་བཅུ་ཆ་གཅིག་ཙམ་ཟིན་ཡོད་ཀྱང་། འདས་པའི་ལོ་འགའི་ནང་ནང་སོག་ས་གནས་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་དམིགས་འབེན་དུ་བཟུང་སྟེ། མཐའ་ཡས་པའི་རྩྭ་ཐང་འདི་ནས་རྡོ་སོལ་སྔོག་འདོན་དང་སོལ་གློག་ལྟེ་གནས་ཁང་སོགས་གསར་འཛུགས་བྱས་ཏེ། ཁོར་ཡུག་ལ་འབག་བཙོག་ཚབས་ཆེན་བཟོས་རྐྱེན་ནང་སོག་རྩྭ་ཐང་གི་ནོར་ལུག་མང་པོར་འཆི་སྐྱོན་བྱུང་གིན་ཡོད་པ་དང་། འབྲོག་མང་རྣམས་བཙན་གྱིས་གནས་སྤོ་རུ་བཅུག་སྟེ། མཛེས་པའི་རྩྭ་ཐང་འདི་འཕྲལ་མར་ཁྱུར་མིད་གཏོང་བཞིན་ཡོད་པ་རེད། ཅེས་བརྗོད་འདུག
གསར་འགོད་པ། པདྨ་མཚོ།