མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་གྱི་ཐོག་ནས་ཁ་གཏད་གཅོག་དགོས་པ་དེ་སྐབས་བབ་ཀྱི་ང་ཚོའི་ལས་འགན་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

དྷ་ས་རིགས་ལམ་སློབ་གཉེར་ཁང་དང་ས་རཱ་མཐོ་སློབ་ཀྱི་མཐར་ཕྱིན་སློབ་མའི་མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་མཆོག་ནས་མཐར་ཕྱིན་སློབ་མ་ཚོས་མུ་མཐུད་ཤེས་ཡོན་གྱི་ཚད་མཐོན་པོ་ལེན་པར་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་སྐུལ་མ་གནང་སོང་།

2དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། དྷ་ས་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་དགེ་བཤེས་ཀྱི་བསླབ་པ་མཐར་ཕྱིན་པ་དང་། ས་རཱ་མཐོ་སློབ་ཀྱི་སྐབས་དང་པོའི་གཙུག་ལག་རབ་འབྱམས་པ་དང་སྐབས་བཅོ་ལྔ་པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་མཐར་ཕྱིན་གྱི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་སྟེང་༧གོང་ས་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་རྣམ་གཉིས་ཀྱི་དབུས་ཤེས་རིག་དྲུང་ཆེ་དང་ཆོས་རིག་དྲུང་ཆེ་རྣམ་གཉིས། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྦྱིན་བདག་ཁག་ཅིག་དང་དྷ་ས་ཁུལ་གྱི་ཤེས་ཡོན་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། གཞན། རིགས་ལམ་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་དམ་ཆོས་ལགས་ཀྱི་དབུས་རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་སོགས་དགེ་ལས་སློབ་ཕྲུག་དང་སློབ་ཟུར་རྣམ་པ་བཅས་སེར་སྐྱ་མི་མང་ ༥༠༠ ཡས་མས་འཛོམས་འདུག

མཛད་སྒོའི་ཐོག་མར་རིགས་སློབ་མ་ལག་གི་མཁན་པོ་དང་མཚན་ཉིད་མཁན་སྤྲུལ་རིན་པོ་ཆེ་མཆོག ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་བསྟུན། རིགས་སློབ་མ་ལག་གཉིས་ཀྱི་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ནས་ལས་བསྡོམས་སྙན་སྒྲོན་ཞུས་སོང་བ་དང་། དེ་ནས་ཆོས་རིག་བཀའ་བློན་མཆོག་དང་ཤེས་རིག་བཀའ་བློན་མཆོག་རྣམ་གཉིས་ནས་རིས་མེད་དགེ་བཤེས་ཐོན་པའི་གྲྭ་བཙུན་རྣམ་པ་དང་། ལོ་རྒྱུས་ཐོག་གཙུག་ལག་རབ་འབྱམས་ཐོན་པའི་སློབ་མ་ ༧ དང་། རྩོམ་རིག་ཐོག་གཙུག་ལག་རབ་འབྱམས་ཐོན་པའི་སློབ་མ་ ༦། དེ་བཞིན། མཐོ་རིམ་རིག་གནས་རབ་འབྱམས་ཐོན་པའི་སློབ་ཕྲུག་རྣམས་ལ་སློབ་ཐོན་ཕྱག་འཁྱེར་གནང་རྗེས། ༧གོང་ས་མཆོག་ནས་རིགས་སློབ་མ་ལག་གཉིས་སུ་ལོ་ངོ་ ༢༠ ཡན་ཞབས་ཕྱི་ཞུ་མཁན་ཚོར་གཟེངས་བསྟོད་ཕྱག་ཁྱེར་གསོལ་བསྩལ་གནང་བ་དང་འབྲེལ། ལྷག་བསམ་བརྩེགས་པའི་དུས་དེབ་དང་ཚན་རིག་གི་འོད་སྡེར་ཞིག་དབུ་འབྱེད་གནང་སོང་ལ། མཛད་སྒོ་གྲོལ་རྗེས་སློབ་གཉེར་ཁང་གི་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་ལགས་ཀྱི་མཚན་ཅན་དཔེ་མཛོད་ཁང་དུ་རབ་གནས་བཅས་ཀྱི་བཀའ་དྲིན་བསྐྱངས་སོང་།

3སྤྱི་ཁྱབ་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ནས་རིགས་སློབ་མ་ལག་གཉིས་ཀྱི་ལས་བསྡོམས་མདོར་བསྡུས་སྙན་སྒྲོན་ཞུ་སྐབས་ཁོང་གིས། ༧གོང་ས་མཆོག་ནས་ཕྱི་ལོ་ ༡༩༧༣ ལོར་གཏན་ཉིན་སློབ་གྲྭ་ཁག་ནས་རབ་བྱུང་གྲངས་ ༢༠ ཐམ་པའི་ཐོག་ཕྱོགས་མཐའ་ཁག་ནས་ཡོང་བའི་སློབ་གཉེར་བ་བཅས་ཁྱོན་སློབ་གཉེར་བ་ ༢༩ ཡོད་པའི་དྷ་ས་རིགས་ལམ་སློབ་གྲྭ་གསར་འཛུགས་གནང་བ་དང་སྦྲགས། རྒན་བློ་བཟང་རྒྱ་མཚོ་དམ་པ་མཆོག་དབུ་དགེ་གཅིག་ལྕོགས་སུ་བསྐོ་བཞག་གནང་ཡོད་པ་དང་། རིམ་གྱིས་སློབ་གཉེར་བ་མང་དུ་བཏང་སྟེ་འཛིན་གྲྭ་དབུ་མ་བར་ལོ་བཅུའི་རིང་སློབ་གཉེར་བྱེད་པའི་ཆ་རྐྱེན་བསྐྲུན་ཡོད་ལ། ཕྱི་ལོ་ ༡༩༨༨ ལོ་ནས་བཟུང་སྟེ་མཛོད་དང་དབུ་མར་སྔ་འགྱུར་རྙིང་མ་དང་མཉམ་མེད་དྭགས་པོ། མཉམ་མེད་བཀའ་བརྒྱུད། དཔལ་ས་སྐྱ་བཅས་ཀྱི་གཞུང་ཆེན་ཁག་གི་བསླབ་གཞི་གཏན་འབེབས་བྱས་ཏེ་རིས་མེད་ཀྱི་སློབ་ཚན་གསར་དུ་བཅུག་ཡོད་པ་དང་། ལོ་བཞིའི་རིས་མེད་སློབ་དཔོན་ཐོན་ཟིན་པ་རྣམས་ཀྱིས་ནང་པའི་གསང་སྔགས་ལ་སློབ་གཉེར་བྱ་རྒྱུ་གལ་ཆེན་པོ་ཡིན་སྟབས། ཕྱི་ལོ་ ༢༠༠༣ ལོར་དུས་ཡུན་ལོ་གཉིས་རིང་གསང་སྔགས་ཀྱི་སློབ་ཚན་གཏན་འབེབས་གནང་སྟེ་གསང་སྔགས་འཛིན་གྲྭ་གསར་འཛུགས་གནང་ཐུབ་ཡོད་པ་ལྟར། མདོར་ན་མདོ་སྔགས་གཉིས་ཀྱི་ཐོག་དུས་ཡུན་ལོ་ ༡༦ རིང་བསླབ་པ་སློབ་གཉེར་ལེགས་པར་ཐོན་པ་རྣམས་ལ་རིས་མེད་དགེ་བཤེས་ཀྱི་ཕྱག་འཁྱེར་གནང་གི་ཡོད་པ་དང་། ཕྱི་ལོ་ ༢༠༠༤ ནས་ད་ལྟའི་བར་རིས་མེད་དགེ་བཤེས་ཐེངས་བཞི་ཐོན་ཡོད་ལ། དེ་བཞིན། བོད་ཀྱི་ཆོས་དང་རིག་གཞུང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་ཆེད་སྐུ་སྒེར་ཡིག་ཚང་ནས་མཐུན་འགྱུར་རོགས་རམ་གནང་བ་བརྒྱུད་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་ཕྱི་ལོ་ ༡༩༩༡ ལོར་ས་རཱ་མཐོ་སློབ་གསར་འཛུགས་གནང་ཡོད་པ་དང་། མཐོ་སློབ་ནས་ཐོན་པའི་སློབ་ཕྲུག་ཚོས་དགོན་སྡེ་ཁག་གི་མཁན་པོ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་སློབ་གྲྭ་ཁག་གི་དགེ་རྒན། གཞན་ཡང་། རྩོམ་པ་པོ་དང་གསར་འགོད་པ་སོགས་བྱས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་ཐོག་ཞབས་འདེགས་ནུས་པ་ཐོན་པ་ཞུས་དང་ཞུ་བཞིན་ཡོད་སྐོར་གསུངས་བ་དང་འབྲེལ། མ་འོངས་པར་རིགས་སློབ་མ་ལག་གཉིས་ཀྱི་དགེ་སློབ་རྣམས་ནས་ལྷག་བསམ་དང་སེམས་ཤུགས་སྔར་ལྷག་གིས་འབད་བརྩོན་གནང་རྒྱུར་འབོད་སྐུལ་བཅས་གནང་སོང་།

4ཤེས་རིག་བཀའ་བློན་མཆོག་ནས་བསླབ་པ་མཐར་ཕྱིན་པ་རྣམས་ཀྱིས་མུ་མཐུད་དུ་སློབ་སྦྱོང་ཚད་མཐོན་པོ་གནང་གལ་ཆེ་བ་དང་། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་སྔར་ལས་སློབ་ཡོན་མང་བ་འབུལ་ཐུབ་པ་གནང་རྒྱུ་ཡིན་སྐོར་གསུངས་དོན། དེ་རིང་འདིར་ཆེད་དུ་གཉེར་བའི་བོད་ཀྱི་བདག་པོ་འདྲ་པོ་དེ་བསླབ་པ་མཐར་སོན་གནང་མཁན་མང་པོ་ཞིག་གིས་དངོས་གནས་དྲང་གནས་རིས་མེད་དགེ་བཤེས་ཀྱི་བསླབ་པ་མཐར་སོན་པ་དང་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། མཐོ་རིམ་རིག་གནས་ཀྱི་བསླབ་པ་མཐར་སོན་པ་བཅས་བསླབ་གཞི་གསུམ་གྱི་ཐོག་ནས་གཟེངས་བསྟོད་ཀྱི་ཕྱག་ཁྱེར་དེ་༧སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཀྱི་ཐོག་ནས་བཞེས་ཐུབ་པ་དེ་དཔེ་མི་སྲིད་པའི་བཀྲ་ཤིས་པའི་ཉིན་མོ་ཞིག་ཆགས་བསྡད་ཡོད་ལ། རྣམ་པ་ཚོའི་མི་ཚེའི་ནང་དངོས་གནས་དྲང་གནས་ག་དུས་ཡིན་ནའང་ངོམ་ཆོག་པའི་དུས་ཚོད་ཅིག་ཆགས་ཡོད་སྟབས། རྣམ་པ་ཚོར་དམིགས་བསལ་གྱིས་དེ་རིང་ངས་བཀྲ་ཤིས་བདེ་ལེགས་ཞེས་ཞུ་འདོད་བྱུང་། དེ་དང་ཆབས་ཅིག་ཏུ་རིས་མེད་དགེ་བཤེས་ཐོན་པ་ཚོར་དམིགས་བསལ་གྱིས་ཅི་ཞུ་རྒྱུ་མི་འདུག་ཀྱང་། རིག་གནས་རབ་འབྱམས་པ་ཐོན་པ་ཚོས་མུ་མཐུད་གཙུག་ལག་རབ་འབྱམས་པ་འཐོན་པར་འབད་བརྩོན་གནང་རྒྱུ་དང་། དེ་བཞིན་གཙུག་ལག་རབ་འབྱམས་པ་དེ་ང་ཚོས་འདིར་ངོས་འཛིན་ཞུས་ཏེ་ལོ་གཉིས་མ་གཏོགས་འགྲོ་ཡི་མེད་ཀྱང་། དེ་རིང་འདིར་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན་ཡོང་གི་ཡོད་པ་རེད། རྣམ་པ་ཚོ་ཡིན་ནའང་དེའི་སྒང་ལ་འབུམ་རམས་པའི་སློབ་སྦྱོང་ཐོག་ལ་འབད་བརྩོན་གནང་དགོས་པ་རེད། གཙོ་བོ་༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་དུས་རྒྱུན་དུ་རིགས་གཅིག་རྐང་འཛིན་གྱི་སྒང་ལ་ཤུགས་རྒྱག་དགོས་པ་དེ་སྔ་མོ་ནས་ང་ཚོར་བཀའ་ཕེབས་བསྡད་ཀྱི་ཡོད་པ་དང་། དོན་དངོས་ཐོག་ཆ་བཞག་པ་ཡིན་ནའང་། དངོས་གནས་དྲང་གནས་ང་ཚོའི་ཁ་གཏད་ལ་དཔུང་དང་དྲག་པོའི་ཐོག་ནས་རེད། མི་འབོར་དང་དཔལ་འབྱོར་གྱི་ཐོག་ནས་ཡིན་ནའང་རེད་ལྕོགས་པ་ཞིག་མེད་དུས། ང་ཚོའི་རྣམ་དཔྱོད་དང་ཤེས་ཡོན་གྱི་ཐོག་ནས་ཁ་གཏད་གཅོག་དགོས་པ་དང་། སྤུས་ཚད་ཡག་པོའི་ཐོག་ནས་གཏན་འབེབས་བྱེད་དགོས་པ་དེ་སྐབས་སུ་བབས་པའི་ང་ཚོའི་ལས་འགན་གྱི་གནས་སྟངས་དེ་ཚོར་དངོས་སུ་བལྟས་པ་ཡིན་ནའང་དེ་འདྲ་ཞིག་ཆགས་འགྲོ་ཡི་ཡོད་པ་འདྲ་པོ་ཞིག་འདུག དེར་བརྟེན་ཤེས་ཡོན་ཐོག་ནས་ཚད་མཐོན་པོར་ཕེབས་ཐུབ་པར་ངེས་པར་དུ་དགོངས་བཞེས་གནང་རོགས་ཞུ་བ་དང་། ཤེས་རིག་ལས་ཁུངས་ཀྱི་ཐོག་ནས་ད་ལྟའི་ཆར་གཙུག་ལག་རབ་འབྱམས་པའི་ཐོག་ལ་སློབ་ཡོན་གཉིས་མ་གཏོགས་ཕུལ་ཐུབ་མེད་ཀྱང་། ཉེ་བའི་གཙུག་ལག་རབ་འབྱམས་པའི་ཐོག་སྤྱི་ཡོངས་ལ་སློབ་ཡོན་ཕུལ་དང་འབུལ་བཞིན་པ་རེད་ལ། མ་འོངས་པར་ཡིན་ནའང་གཙུག་ལག་རབ་འབྱམས་པ་དང་འབུམ་རམས་པའི་སློབ་སྦྱོང་ཐོག་ང་ཚོས་ད་ལྟ་ལས་ཀྱང་ཤུགས་ཆེ་བའི་སློབ་ཡོན་འབུལ་ཐུབ་པ་ཞུ་ཡི་ཡིན། ཞེས་དང་། ད་ལྟའི་ཆར་སྒྲིག་ཞུགས་ནང་འབུམ་རམས་པར་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ ༣༢ དང་ཐོན་ཚར་བ་ ༤༡ བཅས་བསྡོམས་པའི་སློབ་མ་ ༧༣ ཡོད་པ་དང་། (M.phil)ཐོག་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ ༣༠ ཡོད་པ་དང་། དེ་བཞིན། སྒྲིག་ཞུགས་མ་ཡིན་པར་སྒེར་གྱི་ཐོག་ནས་བརྗོད་གཞི་འདྲ་མིན་ཐོག་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་བྱེད་མཁན་ ༤༣ ལ་ཤེས་རིག་ལས་ཁུངས་ནས་སློབ་ཡོན་ཕུལ་ཐུབ་ཡོད་ལ། ལོ་རེ་བཞིན་སློབ་ཡོན་འབུལ་བའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༡ ལོར་༢༠༢ དང་ཕྱི་ལོ་ ༢༠༡༣ ལོར་ ༣༤༣། ཕྱི་ལོ་ ༢༠༡༤ ལོར་ ༥༠༧། ཕྱི་ལོ་ ༢༠༡༥ ལོར་ ༦༣༨ ལ་སློབ་ཡོན་ཕུལ་ཐུབ་པ་བྱུང་ཡོད་སྐོར་སོགས་གསུངས་བ་དང་འབྲེལ། ༧གོང་ས་མཆོག་གི་བླ་ན་མེད་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ཏེ་རྒྱལ་སྤྱིའི་ཐོག་ནས་བོད་མི་ཚོར་ཆེ་མཐོང་དང་གཟིགས་སྐྱོང་ཐོབ་ཀྱི་ཡོད་སྟབས། ༧མགོན་པོ་གང་ཉིད་སྐུ་ཚེ་ཡུན་རིང་བརྟན་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་པས་བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས། དེ་བཞིན་ཤེས་རིག་བཀའ་བློན་སྐུ་སྒེར་བཅས་ཀྱི་ངོས་ནས་༧གོང་ས་མཆོག་སྐུ་ཚེ་ཡུན་དུ་བཞུགས་དགོས་པའི་སྐྱབས་འཇུག་གསོལ་འདེབས་ཞུས་སོང་།

མཇུག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བླང་དོར་གྱི་བཀའ་སློབ་གནང་སྐབས། ཧ་ཅང་ཛ་དྲག་ཅིག་གི་གནས་སྟངས་འོག་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་གྱི་དགོང་མོར་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། རྒྱ་གར་གཞུང་གི་བཀའ་དྲིན་ལ་བརྟེན་ནས་སྤྱིར་བཏང་གི་སྐྱབས་བཅོལ་བ་ལྟར་འཕྲལ་སེལ་གྱི་འཚོ་ཐབས་འགྲིག་ཙམ་མ་ཡིན་པར་རང་དབང་ལུང་པའི་ནང་མི་རིགས་ཤིག་གསོ་སྐྱོང་བྱས་པ་ལྟར། གཞིས་ཆགས་དང་སློབ་གྲྭ་ཁག་བཅས་བཙུགས་ཏེ་ལོ་ངོ་ ༥༧ ཕྱིན་རྗེས་གང་འཚམ་ཚགས་ཚུད་པོ་དང་བོད་མི་བཙན་བྱོལ་བ་ཟེར་དུས་སྒྲིག་འཛུགས་ཀྱི་གོང་བུ་གཅིག་ཆགས་ཏེ་བསྡད་ཡོད་ལ། མི་རབས་རྒན་པ་ཚོར་དེང་དུས་ཀྱི་ཤེས་ཡོན་མེད་ཀྱང་འདས་པའི་ལོ་ངོ་བཅུ་ཕྲག་ལྔ་ལྷག་རིང་ལྷག་བསམ་རི་བརྩིགས་པ་ལྟར་སྒེར་སེམས་ཁྱོན་ནས་མེད་པའི་ཐོག་ནས་སྐུ་ལས་ཞེ་དྲག་བསྐྱོན་ནས་ད་ལྟའི་གྲུབ་འབྲས་འདི་བྱུང་ཡོད་སྟབས། གཞོན་སྐྱེས་ཚོས་མི་རབས་རྒན་པ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་སྨོན་ལམ་ཞིག་མ་གཏོགས་མ་བྱུང་བ་ཡིན་ནའང་རྒྱག་དགོས་སྐོར་དང་། བོད་པས་ལོ་ངོ་སྟོང་ཕྲག་མང་པོར་བདག་པོ་བརྒྱབ་བསྡད་པའི་ཤེས་ཡོན་དེ་བོད་པ་གཅིག་པུ་ཙམ་མ་ཡིན་པར་འཛམ་བུ་གླིང་སྤྱི་ཡོངས་ལ་ཕན་ཐོགས་ཐུབ་པ་ཞིག་དང་། བློ་གཟུ་བོར་གནས་པའི་མཁས་དབང་ཚོས་རེ་བ་རྒྱག་ས་ཞིག་ཆགས་ཡོད་པ་དེ་སེམས་ལ་ངེས་པ་བྱེད་དགོས་པ་མ་ཟད། ད་ལྟ་བོད་ཀྱི་ཤེས་ཡོན་དེས་འཛམ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་པའི་དུས་ཚོད་ཅིག་ལ་སླེབ་བསྡད་ཡོད་པ་དང་། དེ་བཞིན་སེམས་ཁམས་རིག་པ་དང་ཚད་མ། ལྟ་གྲུབ་བཅས་དེང་སང་འཛམ་གླིང་ཐོག་རྙེད་པར་དཀའ་བ་ཞིག་ཏུ་གྱུར་བའི་བརྗོད་བྱ་ཟབ་མོ་དེ་ཚོའི་སྒང་ལ་བསླེབས་སྐབས་བོད་ཡིག་ལ་དངོས་གནས་དྲང་གནས་ཀྱིས་ངོ་མཚར་སྐྱེས་དགོས་པ་ཞིག་དང་། བོད་ཡིག་ལ་མཐོང་སླེབ་པ་ཞིག་ཡིན་ལ། བོད་ཡིག་ལ་མཐོང་བསླེབས་པ་དང་མཉམ་དུ་སོ་སོའི་མི་རིགས་ལ་སྤོབས་པ་སྐྱེས་པ་ཞིག་ཡིན་སྐོར་གསུངས་བ་དང་འབྲེལ།  སློབ་ཐོན་པ་རྣམ་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བ་དང་བཅས་ཤེས་ཡོན་ཚད་མཐོན་པོ་ཡོད་ནའང་སེམས་མ་འདུལ་ན་སྐྱིད་པོ་ཡོང་རྒྱུ་མེད་པ་དང་། དེང་སང་སྤྱི་ཚོགས་ནང་རྙོག་དྲ་དང་བརྡབ་གསིག་བཟོ་མཁན་མང་ཆེ་བ་ཞིག་ཤེས་ཡོན་ཅན་ཚོ་ཡིན་ལ། ཤེས་ཡོན་ཡོད་པ་དེ་ཉོན་མོངས་དུག་གསུམ་གྱི་བྲན་ཡོག་ཏུ་འགྱུར་བཞིན་ཡོད་སྟབས། ལྷག་བསམ་རྣམ་དག་དང་དྲང་པོ་དྲང་བཞག མངོན་ལྐོག་རྒྱབ་མདུན་མེད་པ་ཞིག་བྱེད་གལ་ཆེ་སྐོར་གྱི་བླང་དོར་བཀའ་སློབ་གནང་གྲུབ་རྗེས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་ལགས་ནས་རིགས་སློབ་མ་ལག་གི་དགེ་སློབ་ཡོངས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཇི་གསུང་བཀའ་བཞིན་བསྒྲུབ་པར་དམ་བཅའ་དང་བཅས་མཛད་སྒོའི་ཐོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བླང་དོར་གྱི་བཀའ་སློབ་ཟབ་མོ་གནང་བར་ཐུགས་རྗེ་ཆེ་ཞེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

སྐར་མ ༥༤ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese