སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བདུན་ཕྲག་གཅིག་རིང་དབྱིན་ཡུལ་ནང་ཕྱོགས་ཕེབས་གནང་སྟེ་གྲོས་ཚོགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། མཐོ་སློབ་སོགས་སུ་བོད་པའི་དམངས་གཙོ་དང་དབུ་མའི་ལམ་སྐོར་གསུང་བཤད་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན། དབྱིན་ཡུལ་རྒྱལ་ས་ལོན་ཌོན་གྱི་གཙུག་ལག་སློབ་གྲྭ་(University of Westminster)ཞེས་པའི་ནང་། གཙུག་ལག་རབ་འབྱམས་པ་དང་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཕྲུག་ ༥༠ ཙམ་ལ་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་གནང་ཡོད་འདུག
གནས་ཚུལ་འདིའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱིས་སྤེལ་བའི་ནང་། སྲིད་སྐྱོང་མཆོག་གིས་མཐོ་སློབ་དེར། བོད་མི་རྣམས་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་གི་དབུ་ཁྲིད་འོག་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མ་ཐག་ནས་སྤྱི་འཐུས་དགོས་གལ་ཆེ་བར་གཟིགས་ཏེ། འོས་བསྡུའི་ལམ་ནས་ཆོལ་ཁ་ཆོས་ལུགས་སོ་སོའི་སྐུ་ཚབ་འདེམས་རྒྱུའི་ལམ་སྲོལ་གཏོད་དེ། དམངས་གཙོའི་ལམ་ལུགས་ཚད་དང་ལྡན་པ་ཞིག་གི་ཐོག་སྣེ་ཁྲིད་མཛད་པར་བརྟེན་ཏེ། ད་ཆ་འཛམ་གླིང་གི་དམངས་གཙོའི་སྲིད་གཞུང་གཞན་དང་མཚུངས་པར་དམངས་གཙོའི་ལམ་ལུགས་ཐོག་གྲོས་ཚོགས་ནང་སྲིད་བྱུས་གཏན་འབེབས་གང་བྱས་པ་དག་ལ་འཛིན་སྐྱོང་བཀའ་ཤག་གིས་སྲིད་བྱུས་དེ་དག་ལག་བསྟར་བྱེད་བཞིན་ཡོད་སྐོར་སོགས་ངོ་སྤྲོད་གནང་འདུག དེའི་རྗེས་དབྱིན་ཡུལ་མེར་ཊོན་(Merton College)མཐོ་སློབ་ནང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་བཅས་ཀྱི་གསུང་བཤད་གནང་ཡོད་འདུག
དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྷན་འཛོམས་ཐོག་གསུང་བཤད་གནང་སྟེ། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་དང་། དགེ་བཙུན་སྟོང་ཕྲག་བརྒལ་བ་བཙན་དབང་འོག་ཕྱིར་འཕུད་གཏོང་གི་ཡོད་པ་སོགས་ཀྱི་ཛ་དྲག་གནས་སྟངས། དེ་བཞིན། བོད་ནི་འཛམ་གླིང་ཡང་ཐོག་ཡིན་སྟབས་འཛམ་གླིང་སྤྱིའི་ཁོར་ཡུག་ཐོག་ཧ་ཅང་གནད་འགག་ཆགས་ཡོད་པ་མ་ཟད། ཨེ་ཤི་ཡའི་རྒྱུག་ཆུ་ཆེ་ཁག་གི་ཆུ་མགོ་ཆགས་ཡོད་པ། དེ་བཞིན། གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དམངས་གཙོའི་ལྟ་གྲུབ་ལ་གཅེས་འཛིན་ཐོག་ནས་རང་གི་ལངས་ཕྱོགས་བརྟན་བཟུང་ཐོག་བོད་དོན་ལ་མུ་མཐུད་རོགས་རམ་གནང་དགོས་པའི་འབོད་སྐུལ་བཅས་ཞུས་ཡོད་འདུག
ཕྱི་ཟླ་ ༡༡ ཚེས་ ༡ཉིན། སྲིད་སྐྱོང་མཆོག་དབྱིན་ཡུལ་རྒྱལ་ས་ལོན་ཌོན་གྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་མཇལ་འཕྲད་དང་འབྲེལ་གྲོས་ཚོགས་ནང་གཟིགས་སྐོར་གནང་ཡོད་པ་དང་། རྗེས་ལ་གྲོས་ཚོགས་དབུ་འཛུགས་ཐོག་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་གཞུང་གི་སྲིད་བློན་ནམ་སྲིད་སྐྱོང་མཆོག་འདིར་ཕེབས་པར་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག དེའི་རྗེས་སྲིད་སྐྱོང་མཆོག་གིས་བྷི་བྷི་སི་གསར་ཁང་གི་གསར་འགོད་པ་ལྕམ་ཧལ་ཌ་ཡ་ཀེམ་ལགས་ཀྱི་བཅར་འདྲི་དང་ལེན་ཞུས་ཡོད་འདུག
ཐེངས་འདིའི་ལས་རིམ་ལྟར་ན། སང་ཉིན་ཕྱི་ཚེས་ ༣ ཉིན་དབྱིན་ཡུལ་རྒྱལ་ས་ལོན་ཌོན་གྱི་བོད་མི་ཚོར་གསུང་བཤད་གནང་རྒྱུ་ཡིན་པ་དང་། དེའི་རྗེས་ལ་ཕྱི་རྒྱ་གར་ལྷོ་ཕྱོགས་གྷོ་ཨར་(Goa)ཕེབས་ཏེ་ཚེས་ ༥ དང་ ༦ བཅས་སུ་དེ་གར་མཛད་རམ་ཡོད་པ་དང་ཚེས་ ༧ ཉིན་ཕྱིར་དྷ་རམ་ས་ལར་ལོག་རྒྱུ་ཡིན་འདུག
དཔལ་ལྡན་མི་རྗེ་བོད་ཕྱི་ནང་གཉིས་ཀྱི་སྲིད་སྐྱོངམཆོག་ལ་བཀྲིས་བེད་ལེགས་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད་