ནོར་བསམ།
ཐོག་མའི་ངོ་སྤྲོད།
ངས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་འདས་པའི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་མཁན་མང་པོ་མཐོང་བ་དང་ཐུག་འཕྲད་ཀྱིས་བགྲོ་གླེང་བྱས་མྱོང་ཡང་། ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་བབ་ལ་ཉམས་ཞིབ་ཀྱིས་མ་འོངས་པར་སྔོན་དཔག་བྱེད་མཁན་དང་རྩོམ་ཡིག་མཐོང་བ་ཐེངས་དང་པོ་ཡིན་ཞེས་བརྗོད་ཀྱང་ནོར་མེད་སྙམ། འོན་ཀྱང་དེའི་ཐོག་ཉམས་ཞིབ་དང་ཐུགས་སྣང་དགོས་པའི་དགོངས་ཚུལ་ནི་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་ཡོད་པ་ལོ་ཤས་སྔོན་ནས་མཇལ་བྱུང་།
ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༣ ཉིན་རྒྱབ་ཆུ་ཚོད་ ༣།༢༠ ཐོག་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་གོང་གསལ་དཔེ་དེབ་དབུ་འབྱེད་ཡོད་པས་ཡོང་དགོས་ཞེས་མགྲོན་ཤོག་ནང་དོན་བཞིན་ཆེད་དུ་བཅར་པ་ཡིན། དགའ་འོས་པ་ཞིག་ནི་གནའ་དེང་དང་ཕྱི་ནང་ཤེས་བྱའི་གནས་ལ་མཁས་ཤིང་ཐོས་རྟགས་ཞི་ཞིང་འདུལ་བ་སྲི་ཞུ་བ་རྒན་གྲས་དང་། རྩོམ་པ་པོ་སྐུ་ཞབས་ཐུབ་བསྟན་བསམ་འཕེལ་ལགས་དང་། བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་གཉིས་ཀྱི་དབུ་འབྱེད་གནང་བ་དང་། དཔེ་དེབ་ལ་གདེང་འཇོག་ཆེན་པོ་སྣང་བ་དེ་རེད། ད་དུང་ཚོགས་ཁང་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་དང་ཐུགས་སྣང་ཅན་མང་པོ་ཞིག་སླེབས་འདུག་པས་དཔེ་དེབ་ལ་རིན་ཐང་ངམ། བཙན་བྱོལ་བོད་མིའི་དཀའ་ངལ་དང་རེ་བར་དོ་སྣང་བྱེད་མཁན་ཡོད་པའི་རྣམ་པ་མངོན་པ་བཅས་རེད། སྐུ་ཞབས་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས། དེབ་འདིའི་ནང་ལ་ང་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཉེན་ཁ་ཆེ་ཤོས་ནི་ཕྱི་ནས་མིན་པར་ནང་ནས་ཡོང་གི་ཡོད་པ་བཀོད་འདུག ཅེས་གསུངས་པ་དང་། དགེ་བཤེས་ལྷག་རྡོར་ལགས་ཀྱིས། ང་ཚོའི་སྤྱི་ཚོགས་ནང་ལ་ཆོལ་ཁ་ཆོས་བརྒྱུད་ཕྱོགས་རིས་གནས་དོན་ཆུང་རིགས་ཐོག་འབྲི་མཁན་མང་ནའང་། བོད་སྤྱི་དོན་ཐོག་འབྲི་མཁན་དཀོན་པས་ད་ལན་བོད་པ་གཞོན་སྐྱེས་ཚོར་མིག་དཔེ་ཡག་པོ་བསྟན་འདུག ཅེས་གསུངས། དེ་ནས་རྩོམ་པ་པོ་ཚེ་དབང་རིག་འཛིན་གྱིས། དེབ་ཀྱི་རྒྱབ་ཤའི་ཐོག་ལ་ངའི་མིང་གཅིག་པུ་བྲིས་པ་དེ་ནི་འགྲོ་སྟངས་ཙམ་ལས་དེབ་དེའི་ཐོག་ལ་རོགས་པ་གནང་མཁན་མང་པོ་ཡོད། ང་གཅིག་པུས་འཇོན་པ་དེ་འདྲ་མ་རེད། ཅེས་བརྗོད་སོང་།
བོད་བསྒྱུར་རྩོམ་དེབ་ནང་གི་སྐྱོན་ཆ་འགའ།
ཚེ་དབང་རིག་འཛིན་གྱིས་མ་རྩོམ་ཨིན་ཡིག་ཐོག་བྲིས་པའི་མིང་ལ་The Exile Tibetan Community: Problems and Prospects ཞེས་བཏགས་པ་དང་། བོད་བསྒྱུར་བྱས་པའི་མིང་ལ་བཙན་བྱོལ་བོད་མིའི་དཀའ་ངལ་དང་རེ་བ་ཞེས་བཏགས་འདུག ངས་བོད་ཨིན་དེབ་གཉིས་ཀར་བལྟས་པར་བོད་བསྒྱུར་ནང་ལ་སྐྱོན་ཆ་ཁ་ཤས་མཐོང་བ་ཁག་ལས་འབྱུང་འགྱུར་ནོར་བཅོས་དང་། ཉམས་ཞིབ་པ་རྣམས་ལ་དཔྱད་གཞིའི་ཆེད་དུ་དཔེ་མཚོན་ཁ་ཤས་འབྲི་འདོད་བྱུང་། ཨིན་ཡིག་མ་རྩོམ་ནང་ལ། Tibet Policy Institute of Central Tibetan Administration ཞེས་བྲིས་འདུག འོན་ཀྱང་བོད་བསྒྱུར་དེབ་ནང་། དབུས་བོད་གནས་སྲིད་བྱུས་ཉམས་ཞིབ་ཁང་། ཞེས་བསྒྱུར་པ་ནི་མི་འགྲིག གོང་གསལ་མིང་ནི་བོད་ཡིག་ཐོག་གཏན་ལ་ཕབ་ཟིན་པ་དང་ཡོངས་གྲགས་ངོས་འཛིན་ཆགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལས་ཁུངས་ཤིག་གི་མིང་ (བོད་མིའི་སྒྲིག་འཛུགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་) ཞེས་པ་དེ་ཡིན་པས། བསྒྱུར་མཁན་གྱིས་རང་འདོད་དང་རང་ལུགས་ཡིན་ཞེས་བསྒྱུར་ན་མི་འགྲིག
དེ་ནས་དོན་གནད་གཞན་ཞིག་ནི། ཐུགས་རྗེ་ཆེ་ཞུའི་ཤོག་གྲངས་ vii ཡིག་ཕྲེང་ ༡༤ ལ། ཌོག་ཊར་བློ་བཟང་སེང་གེ་ཞེས་བྲིས་པ་དང་། ཡིག་ཕྲེང་ ༡༧ ཐོག འབུམ་རམས་པ་ངག་དབང་རབ་རྒྱས་ཞེས་བྲིས་འདུག ཨིན་ཡིག་མ་རྩོམ་ནང་ལ་ Dr. Lobsang Sangay and Dr. Nawang Rabgyal ཞེས་ Dr. ཞེས་པ་གཅིག་མཚུངས་བྲིས་ཡོད། ངའི་བསམ་ཚུལ་ལྟར་ན་ཌོག་ཊར་ཞེས་པ་ནི་ཨིན་ཡིག་གི་སྒྲ་གདངས་བོད་སྐད་ལ་བསྒྱུར་བ་ཡིན་པས་ཨིན་ཡིག་མི་ཤེས་མཁན་ཞིག་གིས་གོ་རྟོགས་ཐུབ་དཀའ་ལ། རང་རེའི་བོད་ཡིག་ནང་འབུམ་རམས་པ་ཞེས་པའི་ཐ་སྙད་ཡོད་པས་དེབ་དང་རྩོམ་ཡིག་གཅིག་ནང་ཐ་སྙད་གཅིག་མཚུངས་འབྲི་ཐུབ་ན་དགེ་མཚན་ཆེ་སྙམ།
དེ་ནས་སྔོན་གླེང་ཨིན་ཡིག་མ་རྩོམ་ནང་ལ་ Central Tibetan Administration ཞེས་པར་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ (བོད་མིའི་སྒྲིག་འཛུགས་) ཞེས་པ་ལས་ (དབུས་བོད་མིའི་སྒྲིག་འཛུགས་) ཞེས་གཏན་འབེབས་གནང་མེད་ཀྱང་། བསྒྱུར་མཁན་གྱིས་ཕྱི་མ་སྟེ་དབུས་བོད་མིའི་སྒྲིག་འཛུགས་ཞེས་སྔ་ཕྱི་ཀུན་ལ་བྲིས་འདུག་པ་མ་ཟད། སྔོན་གླེང་གི་ཞབས་མཆན་ནང་། (སྤྱིར་གཞུང་འབྲེལ་ཡིག་ཆའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཞེས་འཁོད་ཡོད་ཀྱང་།) ཞེས་གཞུང་འབྲེལ་ཡིག་ཆ་ནང་དེ་ལྟར་བྲིས་ཡོད་ཅེས་ཐུགས་ཞིབ་མ་གནང་བའི་ནོར་འཛོལ་ཅན་གྱི་ཐག་གཅོད་ཆེན་པོ་ཞིག་བྱས་འདུག བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ཡིག་ཆ་ཕལ་ཆེ་བའི་ཚིག་བརྗོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མཐུན་པ་འབྲི་བཞིན་ཡོད། ཧང་སངས་དགོས་པ་ཞིག་ནི་དེབ་འདིའི་ཞུ་དག་གནང་མཁན་སྤྱི་ལྷན་གྲོས་ཚོགས་ཀྱི་རྩོམ་སྒྲིག་པ་བློ་བཟང་ཉི་མ་ལགས་ཡིན་ཡང་ཁོང་གིས་ཐུགས་ཞིབ་མ་གནང་བའམ། མ་བྱུང་པ་དེ་ནི་འགལ་འཛོལ་ཆེན་པོ་ཞིག་རེད་སྙམ། ང་ཚོས་ངོས་འཛིན་བྱེད་དགོས་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གཏན་འབེབས་ཟིན་པའི་ཚིག་བརྗོད་ཡིན་ཀྱང་། ད་ལྟ་བཀའ་ཤག་ཡིག་ཚང་སྒོ་བྱང་ཐོག་ལ་ཡང་(དབུས་བོད་མིའི་སྒྲིག་འཛུགས་)ཞེས་བྲིས་ཡོད་པ་དེ་ཡང་དྲི་བ་ཞིག་རེད་སྙམ།
ཨིན་ཡིག་མ་རྩོམ་གི་སྔོན་གླེང་ཤོག་གྲངས་ ༢ པའི་ནང་ལ་ Memorandum of Genuine Autonomy ཞེས་བྲིས་འདུག་པ་ནི་(བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་)ཞེས་པ་དེ་ཡིན་མོད། བོད་བསྒྱུར་དེབ་ནང་ (ཚད་མཐོའི་རང་སྲིད་རང་སྐྱོང་གི་བསམ་འཆར་) ཞེས་བྲིས་པ་དང་། ད་དུང་ཞབས་མཆན་ནང་ (ཚད་མཐོའི་རང་སྲིད་རང་སྐྱོང་གི་བསམ་འཆར་ནི་ ༢༠༠༨ ལོའི་བོད་རྒྱ་གྲོས་མོལ་ཐེངས་བརྒྱད་པའི་སྐབས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོས་རྒྱ་གར་གཞུང་གི་དབུ་འཁྲིད་རྣམ་པར་ཕུལ།) ཞེས་བྲིས་འདུག གོང་ལ་ལུང་འདྲེན་བྱས་པའི་ཞབས་མཆན་ནང་ལ་ཐུགས་ཞིབ་གནང་ཚེ་ནོར་འཁྲུལ་ཁ་ཤས་གཟིགས་ཐུབ། ཞབས་མཆན་ནང་ (བོད་རྒྱ་གྲོས་མོལ་ཐེངས་ ༨ པ་) ཞེས་བྲིས་འདུག དོན་དངོས་ཐོག་གཞུང་འབྲེལ་ཡིག་ཆ་དང་། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ལ་ (བོད་རྒྱ་འབྲེལ་མོལ་ཐེངས་ ༨ པ་རེད།) ཞེས་གསལ་པོར་འཁོད་ཡོད། བོད་རྒྱ་གྲོས་མོལ་དང་། བོད་རྒྱ་འབྲེལ་མོལ་གཉིས་གང་ཡིན་གཞུང་འབྲེལ་ཡིག་ཆའི་ནང་ལ་ཐུགས་སྣང་མ་བྱས་པ་ལ་བརྟེན་བྱུང་བའི་ནོར་འཁྲུལ་རེད་སྙམ། ད་དུང་ཞབས་མཆན་ནང་ལ་ནོར་འཁྲུལ་གཞན་ཡོད་པ་ནི་ (བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོས་རྒྱ་གཞུང་གི་དབུ་འཁྲིད་ལ་ཕུལ་བའི་ཡིག་ཆ་ཞིག་ཡིན།) ཞེས་པ་དེ་རེད། བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སུ་ཕེབས་མཁན་སྐུ་ཞབས་རྒྱ་རི་བློ་གྲོས་རྒྱལ་མཚན་ནི་(༧གོང་ས་༧སྐྱབས་མགོན་ཆེན་པོའི་དམིགས་བསལ་སྐུ་ཚབ་) ཡིན་པ་ལས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་མ་རེད་ལ། གཞུང་འབྲེལ་ཡིག་ཆ་ཚང་མའི་ནང་ལ་(༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་)ཞེས་གསལ་པོར་འཁོད་ཡོད།
དེ་ནས་ཤོག་གྲངས་ ༨ ནང་ (བདེ་སྲུང་ལྷན་ཁང་) ཞེས་བྲིས་འདུག་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི་དོན་ཚན་ ༥།༦ པ་གཉིས་ཀྱི་ནང་གསལ་སྒྲིག་འཛུགས་ཁག་དང་། ཁྱབ་ཁོངས་སྡེ་ཚན་ཁག་གི་ཟུར་འཛར་མཚན་ཐོ་གཏན་འབེབས། ཞེས་པའི་ནང་། (བདེ་སྲུང་ལས་ཁུངས། ) ཞེས་པ་ལས། (བདེ་སྲུང་ལྷན་ཁང་) ཞེས་གསལ་མེད། དེ་བས་ལས་ཁུངས་དང་། ལྷན་ཁང་ཞེས་པ་ནོར་མི་ཉན་སྙམ།
ཤོག་གྲངས་ ༡༩ ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས། ཞེས་བྲིས་འདུག འོན་ཀྱང་ ༢༠༡༡ ནས་བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཞེས་པ་ལས་གཞུང་ཞབས་ཞེས་པ་མེད། དེ་བཞིན་ཤོག་གྲངས་ ༣༥ ནང་། (བོད་གཞུང་ཤེས་རིག་ལས་ཁུངས་) ཞེས་བྲིས་འདུག ༢༠༡༥ ལོར་བོད་མིའི་སྒྲིག་འཛུགས་ཞེས་འབོད་པ་ལས་བོད་གཞུང་ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་ཀྱི་མེད།
དེབ་ཀྱི་ནང་དོན་དང་འབྲེལ་བའི་བསམ་ཚུལ་འགའ།
ཤོག་གྲངས་ ༡༠ ནང། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱི་ཡོང་ཁུངས་ནི་ཤེས་ཡོན་བསྟི་གནས་ཁག་ཡིན་པས་སླད་ཕྱིན་ཚགས་ཚུད་ཡོང་མིན་དེ་དག་ལ་རགས་ལུས་སྐོར་གསལ་འདུག དེང་སྐབས་བཙན་བྱོལ་བོད་མིའི་མི་འབོར་འཕེལ་ཚད་སྐྱོ་བ་དང་། བུ་ཕྲུག་ཕྱི་རྒྱལ་དང་ཨིན་ཇིའི་སློབ་གྲྭར་གཏོང་མཁན་མང་སྟབས་བོད་པའི་འཛིན་སྐྱོང་འོག་ཡོད་པའི་སློབ་གྲྭ་ཁག་ནང་ལ་ཧི་མ་ཡ་ཡའི་མི་བརྒྱུད་དམ་རྒྱ་གར་མི་སེར་ཡིན་པའི་བུ་ཕྲུག་གི་བརྒྱ་ཆ་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བསྡུ་རྒྱུའི་ཆ་རྐྱེན་ནང་གསལ་བོད་མི་ཡིན་དགོས་པ་དང་། སྐྱབས་བཅོལ་ལག་དེབ་ཡོད་དགོས་པའི་གནས་སྟངས་ལ་འགྱུར་བ་ཐེབས་ནས་བོད་མིའི་སྒྲིག་འཛུགས་ནང་བོད་མི་ལས་རྒྱ་གར་སོགས་ཀྱི་མི་སེར་ཡིན་པའི་ལས་བྱེད་མང་བ་ཡོང་སྲིད་དམ། དེ་ལྟར་བྱུང་ན་རང་རེའི་མཐར་ཐུག་གི་དམིགས་ཡུལ་རང་དབང་གི་ཐོག་ནས་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་འཆར་ཐབས་སུ་ནུས་པ་ཇི་ཙམ་འདོན་ཐུབ་བམ།
ཤོག་གྲངས་ ༡༥ ནང་། བོད་མིའི་སྒྲིག་འཛུགས་ལ་ཆེད་ལས་རང་བཞིན་གྱི་ལས་བྱེད་གསར་འཇུག་བྱེད་དགོས་པའི་བསམ་ཚུལ་དང་། ནུབ་ཕྱོགས་ཡུལ་ཁག་ནས་ནུས་རྩལ་ལྡན་པ་མང་ཙམ་འདི་ཕྱོགས་སུ་སྒུག་དགོས་པ་བརྗོད་འདུག འདིའི་ཐོག་བསམ་ཚུལ་བརྗོད་འདོད་པ་ནི། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་དགོས་དབང་གིས་ལས་ཁུངས་གཅིག་ནས་གཞན་དང་། དབུས་ནས་ས་གནས་ཁག་ལ་གནས་སྤོས་ཡང་ཡང་བྱེད་བཞིན་པའི་གནས་སྟངས་དངོས་ཡོད་ཆགས་ཡོད། འོ་ན་ལས་བྱེད་གཅིག་ལ་ཆེད་ལས་སློབ་སྦྱོང་མི་འདྲ་བ་བཞི་ལྔ་ཡོད་པ་འདེམས་དགོས་སམ། ཡང་ན་ལས་ཁུངས་གཅིག་རང་ལ་གཏན་འཇགས་བསྐོ་བཞག་གིས་གནས་སྤོས་གཏོང་བའི་ལམ་སྲོལ་མེད་པ་བཟོ་དགོས་སམ། ནུབ་ཕྱོགས་ཡུལ་ཁག་ལ་སློབ་སྦྱོང་ཚད་ཐོན་པོ་ཐོབ་པ་ཕྲུ་གུ་རྣམས་འདི་ཕྱོགས་སུ་དང་བླངས་སམ། ཡང་ན་ལོ་གཅིག་གཉིས་ལས་མུ་མཐུད་ནས་ལས་ཀ་བྱེད་མཁན་ཡོང་སྲིད་དམ།
ཤོག་གྲངས་ ༡༧ ནང་། ༡༩༨༨ ནས་ ༢༠༡༣ བར་བོད་མིའི་སློབ་ཡོན་ལས་གཞིའི་ཐོག་ནས་ཨ་རིའི་མཐོ་སློབ་རྩེ་གྲས་ཁག་ནང་ཁྱོན་བསྡོམས་སློབ་ཕྲུག་ ༤༠༦ ཕྱིན་པ་ལས་བརྒྱ་ཆ ༦༡ མི་གྲངས་ ༢༤༧ བོད་མིའི་སྤྱི་ཚོགས་སུ་ཞབས་སུ་སྒྲུབ་ཀྱི་མེད་པ་དང་། བརྒྱ་ཆ་ ༤༩ མི་གྲངས་ ༡༩༧ ནུབ་ཕྱོགས་སུ་གཞིས་སྤོས་ཟིན་པ་གསལ་འདུག དོན་དངོས་ཐོག་སློབ་ཡོན་ཐོབ་ཀྱང་སློབ་ཐར་མ་སོན་སྔོན་ནས་སློབ་གྲྭ་ནས་བྲོས་བྱོལ་གྱིས་ཨ་རི་དང་ཁེ་ན་ཌ་སོགས་ཀྱི་ནང་སྐྱབས་བཅོལ་ཞུ་ཐབས་བྱེད་མཁན་ཡོད་ཀྱང་། ཉམས་ཞིབ་དེབ་ནང་གསལ་མེད་པ་དེས་གང་མཚོན་ནམ། གྲངས་འབོར་ག་ཚོད་ཟིན་ནམ། དེ་བཞིན། བོད་མིའི་སྒྲིག་འཛུགས་སུ་གན་རྒྱ་མ་གཙང་པ་དང་། དངུལ་ཆད་མ་སྤྲད་པར་སྡོད་མཁན་ག་ཚོད་ཡོད་དམ། ད་དུང་བོད་མིའི་སློབ་ཡོན་ཐོབ་ཀྱང་དེ་གར་སྡོད་རིང་བྱ་སྤྱོད་ངན་པ་བརྩམས་པར་བརྟེན་སློབ་ཡོན་མེད་པ་བཟོ་མཁན་ག་ཚོད་བྱུང་ཡོད་དམ། བོད་མིའི་སློབ་ཡོན་ཐོབ་མཁན་ངོས་ནས་བོད་མིའི་སྤྱི་ཚོགས་སུ་དམིགས་བསལ་ཞབས་འདེགས་ག་རེ་བསྒྲུབ་ཐུབ་པ་བྱུང་ཡོད་དམ། ད་དུང་འདས་པའི་ལོ་ཤས་སྔོན་ནས་ཚུད་རྒྱུགས་སྐབས་སུ་བོད་ཡིག་ཡིག་ཚད་ཨིན་ཡིག་ཐོག་ནས་ལན་འདེབས་འབྲི་ཆོག་པའི་ལམ་ལུགས་དེས་བོད་ཀྱི་སྐད་ཡིག་ཉམས་ཉེས་གཏོང་བའི་རྒྱུ་རྐྱེན་ཆགས་མེད་དམ། བོད་མིའི་སློབ་ཡོན་ལས་གཞིའི་འོག་ནས་སློབ་ཡོན་ཐོབ་མཁན་ཚོར་བོད་ཡིག་གནས་ཚད་ཡག་པོ་མེད་ཀྱང་འགྲིག་པར་ངོས་འཛིན་བྱེད་ན་འགྲིག་གམ།
ཤོག་གྲངས་ ༢༠ ནང་། སྔོན་རྩིས་ལས་བརྒྱ་ཆ་ ༥༠།༦༠ ཤེས་ཡོན་དང་། འཕྲོད་བསྟེན། སྤྱི་ཚོགས་ཡར་རྒྱས་བཅས་ཀྱི་ཆེད་དུ་གཏོང་གི་ཡོད། བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བཞིན་ཡོད་པས་སྔོན་རྩིས་ཉུང་དུ་བཏང་ནས་ཆབ་སྲིད་ལས་འགུལ་ཆེད་སྔོན་རྩིས་བརྒྱ་ཆ་སྤོར་དགོས་སྐོར་གསལ་འདུག དགོངས་ཚུལ་དེར་རྒྱབ་སྐྱོར་ཡོད། རྒྱུ་མཚན་ནི་བཅའ་ཁྲིམས་ནང་གསལ་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཉིས་ཡོད་པ་ལས་དང་པོ། བོད་ཀྱི་བདེན་མཐའ་གསལ་ཐབས་བྱ་རྒྱུ་ཡིན་པས་གལ་ཆེ་གལ་ཆུང་ལ་བལྟ་དགོས་པས་སོ།།
ཤོག་གྲངས་ ༢༤ ནང་། རིག་འཛིན་རྡོ་རྗེའི་དཔྱད་རྩོམ་ནང་གཞིས་ཆགས་སྲ་བརྟན་དགོས་པ་བྱ་རྒྱུ་ནི་བོད་མིའི་སྒྲིག་འཛུགས་ཀྱི་གདོང་ལེན་དགོས་པའི་ལས་དོན་ཞིག་ལ་ངོས་འཛིན་དང་། རྒྱུ་རྐྱེན་ནི་ཕྲུ་གུ་སྐྱེས་ཚད་ཉུང་དུ་སོང་བ་དང་མཉམ་དུ་ཕྱི་རྒྱལ་ལ་གཞིས་སྤོས་བརྒྱ་ཆ་མཐོ་རུ་སོང་སྟབས་ཡིན་པ་གསལ་འདུག འོ་ན། དེ་སྔ་འཚོ་བའི་གནས་སྟངས་སྐྱོ་བའི་སྐབས་སུ་ཕ་མ་ཚོས་ཕྲུ་གུ་མང་པོ་སྐྱེས་པ་དང་གསོ་སྐྱོང་ཐུབ་པ་དང་། དེང་སྐབས་ཕ་མ་ཚོས་ཕྲུ་གུ་གཅིག་གཉིས་ལས་མི་སྐྱེས་པའི་རྒྱུ་རྐྱེན་གང་ལ་ཐུག་པ་དང་། ནུབ་ཕྱོགས་ཡུལ་ཁག་ལ་གཞིས་སྤོས་ཐུབ་རྒྱུར་ལོ་རྒྱུས་ཐོག་བྱུང་མ་མྱོང་ལ། བོད་པའི་གོམས་གཤིས་དང་མི་མཐུན་པའི་ཕ་མ་གཅིག་གི་ཕྲུ་གུ་བུ་སྤུན་གཉིས་ཆང་སའི་ཡིག་ཆ་རྫུན་བཟོས་ཀྱིས་ཕྱི་རྒྱལ་ལ་ཐར་ཐབས་བྱེད་ཀྱི་ཡོད་ལ། རང་གི་བུ་མོ་རང་ཉིད་ལས་ལོ་ན་རྒན་པའི་མིའི་མནའ་མར་སྤྲད་ནས་ཕྱི་རྒྱལ་ལ་གཏོང་ཐབས་བྱེད་མཁན་ཡོད་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་འདུག་གམ། བཟང་སྤྱོད་ཉམས་བཞིན་པའི་བཀའ་སློབ་ཕེབས་བཞིན་པ་དེ་དག་ལ་ཐུག་གི་མེད་དམ།
ཤོག་གྲངས་ ༢༦ ནང་། ༢༠༠༩ ལོར་བུ་བཙའི་གྲངས་ཚད་བརྒྱ་ཆ་ ༡།༨ ཡིན་པ་དང་། ལོ་རབས་ ༨༠ ནང་དང་བསྡུར་ན་གྲངས་ ༣།༧༢ ཡིས་ཆགས་ཡོད། མཉམ་སྦྲེལ་རྒྱལ་ཚོགས་མི་འབོར་སྡེ་ཚན་ནས་གཏན་འབེབས་བྱས་པའི་གྲངས་ཚད་ལ་གཞིགས་ན་ ༡།༣ ལས་ཉུངབ་དག་ལ་ཤིན་ཏུ་ཉུང་བའི་(དམའ་བའི་) very low fertility ཞེས་པའི་ཐ་སྙད་བཏགས་ཡོད། ༢༠༠༩ བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ནང་གསལ་བོད་མི་ད་ལྟའི་ཆ་སྙོམས་བུ་བཙའི་གྲངས་ཚད་ནི་ ༡།༡༨ ཡིན་པས་ཛ་དྲག་རང་བཞིན་ཆགས་ཡོད། ཞེས་བྲིས་འདུག བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ཤས་སྔོན་ལ་བུད་མེད་ལྷན་ཚོགས་ཚོགས་ཆེན་ལ་བཅར་མཁན་རྣམས་ལ་མཇལ་ཁ་གནང་སྐབས་མི་འབོར་འཕེལ་རྒྱས་སྐོར་དོ་སྣང་དགོས་པའི་བཀའ་སློབ་ནན་པོ་ཕེབས་ཡོད་ལ། བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་ཕྲུ་གུ་གསུམ་པར་དམིགས་བསལ་བལྟ་རྟོགས་ཡོད་པའི་སྲིད་བྱུས་ཀྱི་སེམས་ཤུགས་སྤོར་ཐབས་གནང་ཡོད་ཀྱང་ད་དུང་མི་འབོར་འཕེལ་རྒྱས་འགྲོ་གི་མེད་དོན་གང་ཡིན་ནམ། གོང་དུ། ཤོག་གྲངས་ ༣༠ ནང་། (༢༠༠༩ བོད་མིའི་མི་འབོར་ཞིབ་བཤེར།) ཞེས་བྲིས་འདུག་ཀྱང་དོན་དངོས་ཐོག བཙན་བྱོལ་བོད་མིའི་མི་འབོར་ཞེས་འབྲི་དགོས་པར་མཐོང་།
ཤོག་གྲངས་ ༣༦ ནང་། ༢༠༡༠ ནས་ ༢༠༡༥ བར་བོད་མིའི་སྒྲིག་འཛུགས་ནས་ལས་བྱེད་ས་མིག་སྟོང་པ་ ༤༩ བཏོན་གྱི་ཡོད་པར་སྙན་ཞུ་འབུལ་མཁན་ ༡༨༢ ཙམ་ཡོང་གི་ཡོད་པས་ལས་ཀ་གོ་སྐབས་ཉུང་སྐྱོན་གྱིས་རྒྱ་གར་སྤྱི་ཚོགས་སུ་ལས་ཀར་འགྲོ་བཞིན་ཡོད། ཅེས་བྲིས་འདུག བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་། ནང་སྲིད། ཤེས་རིག་བཅས་ནི་བཙན་བྱོལ་བོད་མིའི་བདེན་དོན་ཆེད་ཡིན་པས་གཞིས་ཆགས་ཁག་ལ་བཙན་བྱོལ་བོད་མིའི་མི་འབོར་ཉུང་དུ་འགྲོ་ན་རང་བཞིན་གྱིས་ལས་འབོར་དང་ལས་བྱེད་གྲངས་འབོར་ཉུང་དུ་གཏོང་མི་དགོས་སམ།
ཤོག་གྲངས་ ༤༠ ནང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གསར་འབྱོར་བར་གཞིས་ཆགས་ཟུར་དུ་མི་འཛུགས་པར་ད་ཡོད་གཞིས་ཆགས་ཁག་གི་ནང་དུ་འཇུག་ཐུབ་པ་ཡིན་ན། བོད་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ལ་གསོན་ཤུགས་གསར་པ་རྒྱས་ཐུབ་སྐོར་བརྗོད་འདུག འོན་ཀྱང་། གཞིས་ཆགས་ཁག་གི་ནང་ལ་ཁང་པ་སྟོང་པ་གཞུང་ལ་རྩིས་འབུལ་ཞུ་མཁན་དཀོན་པ་དང་། བོད་མི་གསར་འབྱོར་བ་གཞིས་ཆགས་གང་དེའི་ནང་ལ་ཡོང་འཇུག་རྒྱུར་ཁས་ལེན་བྱེད་དཀའ་བ། གསར་འབྱོར་བ་རྣམས་ལ་ད་ལྟ་ཁང་པ་སྤྲོད་ནའང་གཏན་སྡོད་དཀའ་བ་སོགས་ཀྱི་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱ་དགོས་སམ། དཔེར་ན། སམ་བྷོ་ཊའི་ཁྱབ་ཁོངས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ལ་སམ་བྷོ་ཊའི་ཁྱབ་ཁོངས་ཤེས་རབ་དགའ་ཚལ་སློབ་གླིང་ལ་སྤོ་མི་ཐུབ་གནས་སྟངས་ལྟ་བུ་འབྱུང་མི་སྲིད་དམ།
ཤོག་གྲངས་ ༥༤ ནང་། ཕྱི་ལོ་ ༢༠༠༧ ནས་ ༢༠༡༥ བར་གྱི་འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ལོ་རེའི་ཆ་སྙོམས་ཨང་ཐོབ་ཀྱི་བརྒྱ་ཆ་ ༦༥ ནས་ཡར་འཕར་མྱོང་མེད། འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་སྐབས་སུ་ཡིག་རྒྱུགས་མ་འཕྲོད་པ་དང་སློབ་ཚན་གཅིག་ལ་ཡིག་རྒྱུགས་མ་འཕྲོད་པའི་སློབ་ཕྲུག་གི་གྲངས་འབོར་ལ་ཞིབ་འཇུག་བྱས་པ་ལས། རྒྱ་གར་ནང་གི་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་འགྲོ་བཞིན་ཡོད་ཚུལ་གྱི་འགྲེལ་བརྗོད་འདི་དོན་དངོས་མི་མཐུན་པ་གསལ་པོ་ཆགས་ཡོད། ཞེས་བྲིས་འདུག དེ་བཞིན། ཤོག་གྲངས་ ༥༧ ནང་། ཨ་རིའི་གོ་ལའི་མགོ་ཁྲིད་སྙོར་སྐྱོང་སློབ་ཡོན་ (Global Leadership Incubator Scholarship) ཞེས་པས་བོད་ཕྲུག་ལ་གོ་སྐབས་སྤྲད་ནས་ ༢༠༡༢ ལོར་རྩེ་ཕུད་ལྔ་ཡིག་རྒྱུགས་བཏང་ནའང་དགོས་མཁོའི་མ་མཐའི་བརྒྱ་ཆ་ ༩༠ ཡིན་ནའང་། བོད་ཕྲུག་ལྔའི་ཁྲོད་ནས་དང་པོས་བརྒྱ་ཆ་ ༥༤ ལས་སོན་ཐུབ་མེད། ཅེས་དང་། ཤོག་གྲངས་ ༥༩ ནང་། རྒྱ་གར་ནང་བོད་མིའི་སློབ་ཕྲུག་ཆེད་དུ་སྨན་པའི་སློབ་སྦྱོང་ (MBBS) ལོ་རེར་རྐུབ་སྟེགས་གསུམ་ཡོད་པ་དེ་ཡིན། ༢༠༡༤ ལོར་བོད་ཕྲུག་ ༦༤ སྨན་པའི་སྔོན་རྒྱུགས་ཆེན་མོ་ AIPMT ཞུགས་ནའང་སུ་ཡང་ཚུད་མེད། ༢༠༡༥ ལོར་བོད་ཕྲུག་ ༧༨ བཞུགས་པ་ལས་གཅིག་གིས་བརྒྱ་ཆ་ ༧༢༠ ནས་ ༣༨༩ ཐོབ་ནས་མ་མཐའི་ཨང་ཐོབ་ ༣༦༠ བརྒལ་བས་གཅིག་རང་ཚུད་པ་དང་རྐུབ་སྟེགས་གཉིས་ཤོར་བ་རེད། ཅེས་བྲིས་འདུག འོན་ཀྱང་། འཛིན་སྐྱོང་བཀའ་ཤག་ནས་སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚད་ཡར་རྒྱས་འགྲོ་བཞིན་ཡོད་སྐོར་གསུངས་པ་དང་། དམིགས་བསལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བསྔགས་བརྗོད་ཐོབ་ཚུལ་ལན་གཅིག་མིན་པར་ཐེངས་མང་གསུངས་ཡོད། ཉམས་ཞིབ་པ་ཚེ་དབང་རིག་འཛིན་ལགས་ཀྱི་དཔྱད་དོན་དང་། བཀའ་ཤག་གི་གསུང་བཤད་གཉིས་མི་མཐུན་དོན་གང་ཡིན་ནམ།
༧གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་ནི་བྱམས་བརྩེ་ལྡན་པའི་རིག་གཞུང་དང་། འཚེ་བ་མེད་པའི་རིག་གཞུང་དང་། ཞི་འཇམ་ཅན་གྱི་རིག་གཞུང་ཡིན་པས་དེ་ལྟའི་རིག་གཞུང་ནི་བོད་མིར་དགོས་པ་ལྟ་ཅི་སྨྲོས་འཛམ་བུ་གླིང་སྤྱི་ལ་མཁོ་ཞིང་ཕན་ཐོག་ཡོད་པ་ཡིན། དེས་ན་དེ་ལྟའི་རིག་གཞུང་རྒྱུན་འཛིན་བྱེད་མཁན་གྱི་བོད་མི་ནི་ཇི་ཙམ་མང་ཡང་དགེ་ལས་སྐྱོན་མེད་པས། བོད་ཀྱི་ཆབ་འབངས་སུ་གཏོགས་པ་ཚང་མས་འདི་ཐད་དགོངས་པ་རྒྱ་ཆེ་བཞེས་དགོས་པའི་དུས་ལ་འབབ་འདུག་ཅེས་གང་བསམ་ཁ་ནས་ཐལ་ལོ།
བསམ་བློ་གཏོང་གཞིའི་བསམ་ཕྱོགས་གཉིས་འདུག བཙན་བྱོལ་གྱི་གནས་བབས་ག་ཚོད་ཡུན་རིང་བ་དེ་ཚོད་ཀྱི་ང་ཚོའི་རྩ་དོན་མ་འགྲུབ་པ་རེད། དེར་བརྟེན་བཙན་བྱོལ་གྱི་གནས་བབས་སྲ་བརྟན་ཡོད་པའི་ཐོག་གཙོ་ཆེ་བ་བོད་རེད། བོད་ནི་བོད་མིའི་ལོ་རྒྱུས་ཀྱི་གྲུབ་གཞི་དང་མི་རིགས་ཀྱི་ཆགས་བརྟེན་རེད། ཡང་སྙིང་ང་ཚོས་གང་ལ་བསམ་བློ་མང་བ་གཏོང་དགོས་སམ། གལ་ཏེ་མུ་མཐུད་བཙན་བྱོལ་བ་བྱེད་དགོས་ན། བཙན་བྱོལ་དུ་ཡུན་རིང་གནས་ཐུབ་པའི་ལས་དོན་སྒྲུབ་དགོས་ཀྱི་རེད། དེ་ནི་རྩ་དོན་དོར་ནས་བཙན་བྱོལ་དུ་གནས་ཐུབ་པ་བྱེད་རྒྱུ་མ་རེད་དམ།
ཨིན་ཡིག་དེབ་ (The Exile Tibetan Community: Problems and Prospects) ཞེས་པའི་རྩོམ་པ་པོ་ཚེ་དབང་རིག་འཛིན་ལགས་དང་། བོད་བསྒྱུར་དེབ་ (བཙན་བྱོལ་བོད་མིའི་དཀའ་ངལ་དང་རེ་བ་) ཞེས་པའི་བསྒྱུར་པ་པོ་ཝཎ་མཐོ་སློབ་ཀྱི་ཞིབ་འཇུག་སློབ་གཉེར་བ་ཚེ་རིང་བས་གྲུབ་ལགས། ཞུ་དག་པ་སྤྱི་ལྷན་གྲོས་ཚོགས་རྩོམ་སྒྲིག་པ་བློ་བཟང་ཉི་མ་ལགས། བོད་ཨིན་དཔེ་དེབ་འདོན་སྤེལ་གནང་མཁན་བོད་ཀྱི་དཔེ་མཛོད་ཁང་། ཕྲན་གྱི་བསམ་ཚུལ་ཙམ་མཚོན་པའི་རྩོམ་ཡིག་འདོན་སྤེལ་གནང་མཁན་བོད་ཀྱི་དུས་བབ་གསར་ཁང་བཅས་ནས་རང་རེ་བོད་དང་བོད་མི་རིགས་ཀྱི་ལས་དབང་ལ་དགོངས་པ་ཆེ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། དྲ་གྲོགས་རྣམས་ཀྱིས་གོང་གསལ་བརྗོད་གཞིའི་ཐོག་བགྲོ་གླེང་དང་ཕྲན་གྱི་བསམ་ཚུལ་ཙམ་མཚོན་པའི་རྩོམ་ཡིག་ལ་གདེང་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འབོད་བསྐུལ་ཞུ་རྒྱུར། ད་ལྟ་ང་ཚོའི་བཙན་བྱོལ་བོད་མིའི་དངོས་ཡོད་གནས་བབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་མཛད་ཕྱོགས་ཐོག་ལ་ཉམས་ཞིབ་དང་དགོངས་པ་ཆེ་བཞེས་ཀྱིས་མ་འོངས་པའི་ལོ་བཅུ་དང་ཉི་ཤུའི་ནང་ཚུད་གནས་སྟངས་གང་འདྲ་ཆགས་མིན་ཐོག་དགོངས་པ་ཆེ་བཞེས་གནང་རྒྱུ་གལ་ཆེར་མཐོང་གི་འདུག དཔེར་ན། གལ་སྲིད་མ་འོངས་པའི་ལོ་ཤས་ནང་བཙན་བྱོལ་བོད་མི་མང་ཤོས་ཀྱི་ས་གནས་ཨ་རི་ཆགས་ན་བོད་མིའི་སྒྲིག་འཛུགས་ཨ་རིར་སྤོ་དགོས་སམ། སྤོ་ཐུབ་བམ། སྤོས་ཚེ་བོད་དང་ཁ་ཐག་རིང་དུ་ཕྱིན་ནས་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་བར་དོ་ཕོགས་འགྲོ་སྲིད་དམ། རྒྱ་བལ་འབྲུག་གསུམ་གྱི་བོད་སློབ་ཁག་ལ་བོད་ཕྲུག་ཉུང་དུ་འགྲོ་བ་དང་ལྷན་དུ་མི་རིགས་གཞན་གྱི་བུ་ཕྲུག་ལོ་རེ་བཞིན་མང་དུ་འགྲོ་ཡི་ཡོད་སྟབས། ཤེས་རིག་ལས་ཁུངས་ནས་བོད་སློབ་ཨ་རི་སོགས་ནུབ་ཕྱོགས་ཡུལ་ཁག་ལ་འཛུགས་ཐུབ་བམ། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་སྐོར་གལ་ཆེའི་བཀའ་སློབ་གནང་བ་བཞིན་མ་འོངས་པར་དེ་འདྲའི་བཀའ་སློབ་གནང་མཁན་ཡོང་ངམ། དགོངས་བཞེས་གནང་རོགས། ཐུགས་རྗེ་ཆེ།
ད་དུང་གོང་དུ་མི་གསལ་བའི་སྐྱོན་གནས་ཡོད་པ་ནི། བོད་ཡིག་གི་སྙིང་དོན་ཞེས་པའི་ཤོག་གྲངས་དང་པོའི་ནང“སྐྱབས་བཅོལ་བོད་མི” ཞེས་དང་། རྒྱབ་ལྗོངས་དང་འབྲེལ་ཡོད་གནས་ཚུལ་ཞེས་པའི་ཤོག་གྲངས་དང་པོའི་ནང“ཆབ་སྲིད་ཀྱི་སྐྱབས་བཅོལ་བཞེས”ཅེས་ དང་། ཡང་བོད་ཡིག་དེབ་ཀྱི་སྔོན་གླེང་གསུམ་པའི་ནང་ བཙན་བྱོལ་བོད་མི་ ཞེས། དེབ་ཆུང་འདི་འདྲ་ཞིག་གི་ནང་དུ་ཚིག་བེད་སྤྱོད་ཁྱད་པར་འདི་ལྟ་བུ་ཡོང་དོན་མེད་པ་ཞིག་རེད།
ང་ཚོ་ནི་སྐྱབས་བཅོལ་མིན་པར། བཙན་བྱོལ་བ་ཡིན་པ་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་གཉིས་པའི་སྐབས་ནས་གཏན་འཁེལ་ཟིན་པ་རེད།
“༸གོང་ས་ཏཱ་ལའི་བླ་མ་མཆོག” ཞེས་དང་། “༸རྒྱལ་དབང་རིན་པོ་ཆེ” “༸གོང་ས་༸སྐྱབས་མགོན་ཆེན་པོ” ཞེས་པ་སོགས་རྒྱབ་ལྗོངས་དང་འབྲེལ་ཡོད་གནས་ཚུལ་ཞེས་པའི་ཤོག་གྲངས་དང་པོ་དེ་རང་གི་ནང་ལ་ཚིག་གཞི་མི་མཐུན་ལུང་པ་གང་འདུག ཡོད་ཚད་བརྗོད་ན་དུས་ཚོད་མི་འདུག
ཚེ་དབང་རིག་འཛིན་ཟེར་བ་དེ་ཁྱད་མཚར་རེད། གངས་སྐྱིད་དུ་ཤེས་རིག་ལས་ཁུངས་དང་། དཔེ་མཛོད་ཁང་སོགས་སུ་སྐད་ཡིག་ལེགས་ལ་སྤྱི་ཚོགས་ལ་རྒྱུས་མངའ་ལྡན་པའི་ལོ་ཙཱ་བ་ནོར་བསམ་ལྟ་བུ་མང་དག་ཞིག་རང་གི་ཁ་འགྲམ་དུ་ཡོད་བཞིན་དུ་ཝ་ར་ན་སིར་རང་གི་གྲོགས་པོ་ཡིན་ཟེར་མཁན་ཚིག་སྦྱོར་དེ་ཙམ་མེད་ལ་ལྷག་པར་སྒྱུར་བྱ་དང་སྒྱུར་ཡུལ་སྐད་ཡིག་དེའི་སྤྱི་ཚོགས་ལ་རྒྱུས་མངའ་མེད་མཁན་བོད་ཡིག་ཤེས་ཙམ་ཞིག་དང་ཨིན་ཡིག་ཀློག་ཐུབ་ཙམ་གྱི་མི་ཞིག་ལ་དེབ་དེ་སྒྱུར་དུ་བཅུག་པ་ནི་དངོས་གནས་ཁྱད་མཚར་རེད། ཚིག་སྦྱོར་བཟང་ལ་སྤྱི་ཚོགས་ལ་རྒྱུས་མངའ་ཚད་ལྡན་ཡོད་དགོས་པ་ནི་ལོ་ཙཱ་བ་ཞིག་ལ་མེད་དུ་མི་རུང་བའི་ཁྱད་ཆོས་ཤིག་རེད། བསྒྱུར་ཟིན་པའི་བོད་ཡིག་ཏུ་ཡོད་པའི་དེབ་དེའི་ནང་དུ་ཡང་སྐྱོན་མང་དག་ཅིག་ཡོད་པ་ནི་གོང་གི་རྒྱུ་མཚན་དེས་རེད་དྲན།
གལ་ཏེ་བོད་ཡིག་གི་དེབ་དེ་ཨིན་ཡིག་ཏུ་ཕར་སྒྱུར་ན་མ་དེབ་དང་གོ་དོན་སོགས་ཀྱི་ཆ་ནས་གཅིག་པ་ཆགས་ཁག་པོར་མཐོང་།
ཞུ་དག་པ་དེ་ནོར་བསམ་ཡིན་ན་འགྲིག་ཤག་བསམ་བསམ་བྱུང་།
ལྷག་བསམ་བཟང་པོས་ཞིབ་བཅོས་གནང་འདུག
ཐུགས་རྗེ་ཆེ།
ནོར་བསམ་ལགས་ དགེ་འདོན་སྐྱོན་སེལ་ཧ་ཅང་ཞིབ་ཚགས་པོ་ཞིག་གནང་བར་བཅོས་མིན་གྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་སླད་ཀྱང་མུ་མཐུད་ནས་བོད་མིའི་མ་འོངས་པའི་གནས་བབ་ལ་ཐུག་འཁུར་གནང་བའི་རེ་བ་ཞུ།
ནོར་བསམ་ལགས་ཀྱི་དཔྱད་རྩོམ་སྤེལ་བར་བསྔགས་བརྗོད་ཞུ་བ་སྦྲགས་རྩོམ་པ་པོ་རིག་འཛིན་ལགས་ལ་ཡང་ཐུགས་རྗེ་ཆེ་ཞུ། ཁོང་ཀྱི་ཉམས་ཞིབ་ཀྱིས་དེབ་དེ་ཀློག་འདོད་ཀྱང་ལག་ཐོག་འབྱོར་མ་སོང་ལ་ཉིན་ཞིག་འབྱོར་བའི་རེ་བ་ཡོད། ཡིན་ནའང་དེབ་དེ་དྲ་ཚིགས་གང་རུང་ནང་གློག་གི་འདྲ་བཤུས་བཀྲམ་ཐུབ་ཚེ་དོན་གཉེར་ཅན་གྱི་གང་ཟག་མང་པོར་ཕན་རླབས་ཆེ་ཆེར་ཡོང་རྒྱུ་སོང་དེ་ལྟར་གནང་བར་འབོད་སྐུལ་ཞུ་རྒྱུ། དེ་མཉམ་ནོར་བསམ་ལགས་ཀྱིས་དཔྱད་གཞིའི་དྲི་བ་ཚོར་ཡང་ལན་འདེབས་ཐུབ་ཚེ་དོན་ཕན་བྱུང་བ་འདུག
ནོར་བསམ་ལགས་ཀྱིས་ཁ་ཡོད་ལག་ཡོད་དཔྱད་ཞིབ་རང་བཞིན་གྱི་རྩོམ་ཡིག་ཧ་ཅང་ཡག་པོ་ཞིག་བྲིས་འདུག བཙན་བྱོལ་བོད་མིའི་དཀའ་ངལ་དང་རེ་བ་འབྲི་མཁན་ཡིན་ན་རེད། སྤྱིར་བཏང་གི་ཀློག་པ་པོ་ཡིན་ན་རེད། བསམ་བློ་ཡག་པོ་མ་འཁོར་མཁན་ཞིག་ཡིན་ན་ཞིབ་འཇུག་གི་དེབ་དེར་དགག་པ་བརྒྱབ་འདུག་བསམ་སྲིད་ཀྱང་། དོན་དག་ངོ་མའི་ཐོག་དགག་པ་བརྒྱབ་མེད་པར་དགེ་འདོན་སྐྱོན་སེལ་ཧ་ཅང་ཞིབ་ཚགས་མོ་ཞིག་གནང་འདུག་པ་མ་ཟད། དཔེ་དེབ་དེ་རྩོམ་པ་པོ་ལའང་སློབ་སྟོན་གཏིང་ཟབ་མོ་ཞིག་གནང་འདུག་པས་མ་འོངས་པར་ཡར་རྒྱས་དང་ཞིབ་ཚགས་ཀྱི་ལམ་ཁར་བསྐྱོད་པར་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་རེད། ནོར་བསམ་ལགས་ཀྱིས་བོད་ཀྱི་དུས་བབ་དྲ་བའི་ཐོག་བསམ་ཡིག་སྤེལ་བ་ཁག་ཧ་ཅང་ཞིབ་ཚགས་དང་ཀློག་རིན་བསམ་རིན་ཡོད་པ་རྐྱང་རེད་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུཡིན།
ནོར་བསམ་ལགས་ཀྱིས་ལྷག་བསམ་དཀར་པོའི་སྒོ་ནས་ནོར་སྐྱོན་རྣམས་ཐེར་འདོན་དང་། དཔེ་དེབ་ནང་གི་གནད་དོན་བྱེ་བྲག་པ་འགའི་ཐོག་ལ་དོགས་འདྲི་ཡང་ཕུལ་འདུག་པ་འདི་ལ་ཡི་རངས་ཞུ། དཔྱད་རྩོམ་དེ་བཀླགས་རྗེས་ངའི་སེམས་ངོས་སུ་ནོར་བསམ་ལགས་ནི་རྒྱུན་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་འགྲོ་ལུགས་དང་བཅས་པ་ལ་དོ་སྣང་བྱེད་མཁན་ཞིག་ཡིན་གསལ་པོ་རེད་འདུག
ང་རང་སྒེར་ངོས་ནས་ཞིབ་འཇུག་པ་ཚེ་དབང་ལགས་ཀྱི་དཔེ་དེབ་ཀློག་པའི་སྐལ་བ་མ་བྱུང་ཡང། ད་རེས་དཔྱད་རྩོམ་འདིའི་བརྒྱུད་ནས་ནང་གི་བརྗོད་བྱ་གང་འཚམས་ཤིག་རྒྱུས་ལོན་ཐུབ་པ་ཞིག་བྱུང་སོང།་
དཔེ་དེབ་རྩོམ་པ་པོ་ཚེ་དབང་ལགས་དང། དཔྱད་རྩོམ་སྤེལ་མཁན་ནོར་བསམ་གཉིས་ཀར་བཀྲིན་ཆེ་ཞུ།