མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁུ་སྦཱ་ཡི་དམར་ཤོག་གཙོ་འཛིན་ཟུར་བ་ཕྷི་ཌལ་ཁཱ་སེ་ཊལ་གྱི་འདས་བརྡ།

བོད་ཀྱི་དུས་བབ།
༢༠༡༦/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྦི་སྦི་སི་ཡི་གསར་གནས།
ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

་་་་་་་་་་་་་་་ཉེ་ཆར་ཕྱི་ཟླ་ ༡༡ པའི་ཚེས་ ༢༥ ཉིན་དགོང་མོའི་ཆུ་ཚོད་ ༡༠ ཙམ་ལ་ཨ་རིའི་ཁྱིམ་མཚེས་ཁུ་སྦ་(Cuba)དམར་ཤོག་རྒྱལ་ཁབ་ཀྱི་དུས་རབས་ཕྱེད་རིང་གི་གཅིག་སྡུད་དབང་འཛིན་པ་སྐུ་ཞབས་ཧྥི་ཌལ་ཁཱ་སེ་ཊལ་(Fidel Castro)སྐུ་གྲོངས་བར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གླེང་གཞི་ཆེན་པོ་འགྲོ་བཞིན་པ་དང་བསྟུན་ཏེ་བྷི་བྷི་སིའི་གསར་ཁང་གི་ཆེད་སྒྲིག་ཅིག་འདིར་བསྒྱུར་ཡོད།

Tibettimes1

ཕི་ཌལ་ཁཱ་སེ་ཀྲོ་ཡིས་ཁུ་སྦཱ་ནི་དུས་རབས་ཕྱེད་ཙམ་ཞིག་གི་རིང་ཆབ་སྲིད་ཚོགས་པ་གཅིག་གིས་སྐྱོང་བའི་རྒྱལ་ཁབ་ཤིག་གི་ངོ་བོར་དབང་སྒྱུར་བྱས་ཡོད།

འཛམ་གླིང་ཁྱོན་ཡོངས་སུ་དམར་ཤོག་གི་རྒྱལ་ཁབ་རྣམས་འཐོར་ཞིག་ཏུ་འགྲོ་བཞིན་པའི་སྐབས་འདིར་ཁཱ་སེ་ཀྲོ་ཡིས་རང་ཉིད་ཀྱི་དགྲ་བོ་གཙོ་བོ་ཨ་རིའི་སྒོ་མདུན་དེ་རང་དུ་དམར་ཤོག་གི་དར་དམར་ལྷབ་ལྷུབ་ཏུ་ཕྱར་ཏེ་གནས་ཡོད།

ཁོ་ནི་ཁ་ཚོན་གཅོད་དཀའ་བའི་མི་སྣ་ཞིག་སྟེ་ཁོ་ལ་དགའ་མོས་བྱེད་མཁན་གྱི་རྒྱབ་སྐྱོར་བ་ཚོས་ཁོ་ནི་ཁུ་སྦཱ་ཡུལ་ཕྱིར་མི་དམངས་ལ་རྩིས་སྤྲོད་མཁན་གྱི་དམག་མི་དང་ཆབ་སྲིད་པ་ཞིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་མགོན་སྐྱབས་ཤིག་ཏུ་བསྔགས་བརྗོད་བྱེད་བཞིན་ཡོད།

འོན་ཀྱང་ཁོ་ལ་སྐྱོན་བརྗོད་བྱེད་མཁན་ཚོས་ཁོས་རང་ཉིད་ཀྱི་འགལ་ཟླར་ལངས་མཁན་རྣམས་སྡུག་རྩུབ་ཆེན་པོའི་སྒོ་ནས་གཉའ་གནོན་བྱེད་བཞིན་ཡོད་སྐོར་དང་། ཁུ་སྦཱ་ཡི་དཔལ་འབྱོར་ཉམས་ཉེས་གཏོང་བའི་སྲིད་ཇུས་སྐྱོང་གི་ཡོད་པའི་ཉེས་འཛུགས་བྱེད་ཀྱི་ཡོད།

ཕི་ཌལ་ཨེ་ལེ་ཛནྜ་རོ་ཁཱ་སེ་ཀྲོ་རུ་ཛ་(Fidel Alejandro Castro Ruz ) ནི་ ༡༩༢༦ ཟླ་ ༨ ཚེས་ ༡༣ ཉིན་སྐྱེས་ཤིང་། སི་པན་ནས་ཁུ་སྦཱ་རུ་ཡུལ་བྱོལ་དུ་བསླེབས་པའི་འབྱོར་པ་ཅན་གྱི་ཞིང་པ་ཨན་ཇལ་མཱ་རི་ཡ་སྦོ་ཀྲི་སེ་ཀྲཱ་ཁཱ་སེ་ཀྲོ་ཨར་གྷི་ཛི་(Angel María Bautista Castro y Argiz)ཡི་བྱི་ཕྲུག་ཡིན།

ཁོའི་ཨ་མ་ལི་ནཱ་རུ་ཛ་གྷོན་ཛཱ་ལེ་ཛ་(Lina Ruz González)ནི་ཞིང་ཁའི་ནང་གི་ལས་གཡོག་ཅིག་ཡིན་ཞིང་། ཕྱིས་སུ་ཁོའི་ཕ་ཡི་ཟུར་མོར་གྱུར། འོན་ཀྱང་ཕི་ཌལ་སྐྱེས་རྗེས་ཁོའི་ཕ་ཡི་བཟའ་ཟླ་ངོ་མར་གྱུར།

Tibettimes2

ཁཱ་སེ་ཀྲོ་ཡིས་ཐོག་མར་སཱན་ཀྲི་ཡ་གྷོ་རུ་རྟེན་གཞི་བྱས་པའི་ཡེ་ཤུའི་ཁཱ་ཐོ་ལིག་ཆོས་བརྒྱུད་ཀྱི་སློབ་གྲྭ་རུ་སློབ་ཞུགས་བྱས། དེ་རྗེས་ཧཱ་ཝ་ནཱ་རུ་རྟེན་གཞི་བྱས་པའི་ཡེ་ཤུའི་རོ་མན་ཁཱ་ཐོ་ལིག་གིས་འཛིན་སྐྱོང་བྱེད་པའི་སྦེ་ལེན་ཇེ་སུའུ་ཌ་ཡི་སློབ་གྲྭ་རུ་ཞུགས་ཡོད།

དེ་ལྟར་ནའང་ཁོས་སློབ་གྲྭའི་ནང་སྦྱངས་འབྲས་ལེགས་པོ་སོན་མི་ཐུབ་པས་རང་ཉིད་ཀྱི་དུས་ཚོད་མང་ཆེ་བ་རྩེད་རིགས་ཀྱི་བྱེད་སྒོ་ཁག་གི་ནང་གཏོང་རྒྱུར་དགའ་མོས་ཆེ་བ་བྱེད་ཀྱིན་ཡོད།

ཁོ་ནི་ཆབ་སྲིད་པའི་ལས་འགུལ་བ་ཞིག་ཏུ་འགྱུར་བའི་དུས་སྐབས་ནི་ ༡༩༤༠ ལོ་དཀྱིལ་དུ་ཧཱ་ཝ་ནཱའི་གཙུག་ལག་སློབ་གྲྭ་ཆེན་མོར་ཁྲིམས་ལུགས་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ་ཡིན། སྐབས་འདིར་ཁོས་སེམས་ཚོར་དྲག་པོ་སློང་བའི་མང་ཚོགས་གཏམ་བཤད་སྤེལ་སྟངས་ཀྱི་རྩལ་སྣ་ཁག་གོང་འཕེལ་གཏོང་བཞིན་ཡོད་པ་རེད།

མར་ཁེ་སི་རིང་ལུགས།

ཁོའི་དམིགས་འབེན་ནི་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་ཀྱི་འདམ་རྫབ་འོག་ཚུད་ཡོད་པའི་སྲིད་འཛིན་རཱ་མོན་གྷ་རོ་ཡིས་སྣེ་འཁྲིད་པའི་ཁུ་སྦཱན་སྲིད་གཞུང་རེད།

དྲག་པོའི་ངོ་རྒོལ་ནི་སྐབས་འདིར་རྒྱུན་ལྡན་གྱི་རྣམ་པ་ཞིག་ཏུ་འགྱུར་ཡོད་ལ། ཁཱ་སེ་ཀྲོ་ནི་ཉེན་རྟོག་པས་འཛིན་བཟུང་བྱ་རྒྱུའི་དམིགས་འབེན་ཞིག་ཏུ་འགྱུར།

ཁོ་ནི་ད་དུང་ཌོ་མི་ནི་ཁཱན་སྤྱི་མཐུན་རྒྱལ་ཁབ་(Dominican Republic)ཀྱི་གཡས་ཕྱོགས་པའི་དབུ་ཁྲིད་རཱ་ཕྷལ་ཀྲུ་ཇི་ལོ་(Rafael Trujillo) ཡི་དབང་ཆ་མགོ་རྟིང་སློག་པའི་ཇུས་པའི་ཆ་ཤས་ཤིག་ཀྱང་ཆགས་ཡོད། འོན་ཀྱང་རྗེས་སུ་ཨ་རིས་ཐེ་བྱུས་བྱས་པའི་རྐྱེན་གྱིས་འཇུས་འགོད་དེར་ལམ་ལྷོངས་བྱུང་མེད།

Tibettimes3

༡༩༥༣ མོན་ཁཱ་ཌཱ་དམག་གི་མཛོད་ཁང་ནང་བཅོམ་འཕྲོག་བྱས་པའི་ཉེས་མིང་འོག་ཁཱ་སེ་ཀྲོ་འཛིན་བཟུང་བྱུང་།

༡༩༩༤ ལོར་ཁཱ་སེ་ཀྲོ་ཡིས་ཁུ་སྦཱན་གྱི་འབྱོར་པ་ཅན་གྱི་ཆབ་སྲིད་པ་ཞིག་གི་བུ་མོ་མིར་ཊ་ཌི་ཛ་སྦ་ལརཌ་(Mirta Diaz-Balart)དང་གཉེན་སྒྲིག་བྱས། དེས་ཁོ་ལ་རྒྱལ་ཁབ་དེའི་འབྱོར་པ་ཅན་གྱི་དཀྱིལ་ཁོར་ནང་བཞུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ལས་ལྡོག་སྟེ་ཁོའི་ཁ་ཕྱོགས་ནི་མར་ཁེ་སི་རིངས་ལུགས་ཀྱི་ཕྱོགས་སུ་སྔར་ལས་ཤུགས་ཆེ་རུ་ཕྱིན།

ཁོས་ཁུ་སྦཱན་གྱི་དཔལ་འབྱོར་དཀའ་ངལ་ནི་སྟངས་འཛིན་མེད་པའི་མ་རྩ་རིང་ལུགས་ཀྱི་འཇུག་འབྲས་ཤིག་ཡིན་པ་དང་། དཀའ་ངལ་དེ་མི་མང་གསར་བརྗེ་ཁོ་ནས་སེལ་ཐུབ་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད།

སློབ་མཐར་ཕྱིན་རྗེས་ཁོས་ཁྲིམས་ལུགས་ཀྱི་ཆེད་ལས་ཤིག་གཉེར་ཀྱང་ལམ་ལྷོངས་མ་བྱུང་བས་རྒྱུན་དུ་བུ་ལོན་འོག་སྡོད་དགོས་བྱུང་། དེ་ནའང་ཁོ་ནི་ཆབ་སྲིད་པའི་ལས་འགུལ་བ་ཞིག་ཏུ་མུ་མཐུད་དེ་གནས་ཡོད་ཅིང་། དྲག་པོའི་རྔམ་སྟོན་ཁྲོམ་སྐོར་གྱི་རིམ་པ་མང་པོ་ཞིག་གི་ནང་ཞུགས་ཡོད།

༡༩༥༢ ནང་ཕུལ་ཇེན་སི་ཨོ་སྦཱ་ཀྲི་སེ་ཊཱ་(Fulgencio Batista)ཡིས་དམག་གི་གྱེན་ལོག་ལས་འགུལ་ཞིག་སྤེལ་ཏེ་ཁུ་སྦཱན་གྱི་སྲིད་འཛིན་ཁཱར་ལོ་སི་པི་རོ་ (Carlos Prío) ཡི་སྲིད་གཞུང་མགོ་རྟིང་བསློགས།

རྒོལ་རྡུང་།

ཕུལ་ཇེན་སི་ཨོ་སྦཱ་ཀྲི་སེ་ཊཱ་ཡིས་ཨ་རི་དང་འབྲེལ་བ་དམ་ཟབ་བཟུང་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་ཚོགས་པ་རྣམས་ལ་གཉའ་གནོན་བྱེད་པའི་སྲིད་བྱུས་བཟུང་སྟབས། དེ་ནི་ཁཱ་སེ་ཀྲོ་ཡི་གཞི་རྩའི་ཆབ་སྲིད་ཀྱི་བསམ་བློ་དང་འགལ་ཟླར་གྱུར།

ཁྲིམས་ལུགས་ཀྱི་སྒོ་ནས་སྦཱ་ཀྲི་ཊཱ་ཡི་སྲིད་གཞུང་ལ་ཁ་གཏད་གཅོག་པའི་ལས་འགུལ་སྤེལ་ཡང་དེ་ལ་ཕམ་ཉེས་བྱུང་བས་ཁཱ་སེ་ཀྲོ་ཡིས་ལས་འགུལ་ཞེས་འབོད་པའི་ཚོགས་པ་ཞིག་བཙུགས། ཚོགས་པ་དེ་ནི་སྦཱ་ཀྲི་སི་ཊཱ་ཡི་སྲིད་གཞུང་མགོ་རྟིང་སློག་དོན་ནི་ས་འོག་ཏུ་གསང་བའི་ལས་འགུལ་སྤེལ་མཁན་ཞིག་ཡིན།

ཁུ་སྦཱན་ནི་ཕྱུག་བདག་གི་བུ་རྣམས་ཀྱི་འདོད་ཡོན་གྱི་རྩེད་འཇོར་རོལ་ས་ཞིག་དང་ཁྲིམས་འགལ་གྱི་ཉེས་གསོག་ཚོགས་པ་ཁག་གིས་དབང་སྒྱུར་ཡུལ་ཞིག་ཏུ་འགྱུར་ཏེ། སྨད་འཚོང་མ་དང་། རྒྱན་འཛུགས་བྱེད་མཁན། ཉལ་ཐག་ནག་འཚོང་རྒྱག་མཁན་སོགས་ཀྱིས་ཡོངས་སུ་ཁེངས།

Tibettimes4

འཇབ་རྒོལ་དམག་འཐབ་ཀྱི་ལས་འགུལ་སྤེལ་བཞིན་པའི་སྐབས་ཁཱ་སེ་ཀྲོ་དང་ཅེ་གྷུ་ཝ་རཱ་ལྷན་དུ།

༡༩༥༣ ལོར་སཱན་ཀྲི་ཡ་གྷོ་ཡི་ཉེ་འཁྲིས་སུ་ཡོད་པའི་ཁཱ་སེ་ཀྲོ་ཡིས་མོན་ཁཱ་ཌཱ་དམག་སྒར་ལ་རྒོལ་རྡུང་བྱེད་པའི་འཆར་གཞི་བསྒྲིགས། འཆར་གཞི་དེ་ནི་དྲག་པོའི་གྱེན་ལངས་ཤིག་ལ་མཁོ་བའི་མཚོན་ཆ་རྣམས་བཅོམ་འཕྲོག་བྱེད་ཆེད་དུ་སྤེལ་བ་ཞིག་རེད།

འོན་ཀྱང་རྒོལ་རྡུང་དེ་ལ་ཕམ་ཉེས་བྱུང་སྟེ་གསར་བརྗེ་ལས་འགུལ་བ་མང་དག་ཅིག་ཤི་རྨས་དང་འཛིན་བཟུང་འོག་ཏུ་ཚུད། ཁཱ་སེ་ཀྲོ་ཡང་ ༡༩༥༣ ཟླ་ ༩ ནང་ཁྲིམས་བཤེར་འོག་ཚུད་པའི་བཙོན་པ་མང་དག་ཅིག་ཡོད་པའི་ནང་གི་གཅིག་རེད།

ཁཱ་སེ་ཀྲོ་ཡིས་ཁྲིམས་སའི་མདུན་དུ་འཐོན་རྒྱུའི་གོ་སྐབས་འདི་བེད་སྤྱད་དེ་དམག་མིས་བརྩམས་པའི་སྡུག་སྦྱོང་གཉའ་གནོན་གྱི་བྱ་སྤྱོད་རྣམས་ཐེར་འདོན་བྱས་སྟབས་ཁོའི་མིང་གྲགས་ནི་སྔར་ལས་ཤུགས་ཆེ་རུ་ཕྱིན་པ་དང་། ལྷག་པར་དུ་སྐབས་འདིར་ཟུར་ཉན་དུ་བཅར་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པའི་ཁྲོད་དུ་ཁོ་ནི་ཧ་ཅང་མངོན་གསལ་ཅན་གྱི་མི་སྣ་ཞིག་ཏུ་གྱུར།

འཇག་རྒོལ་གྱི་དམག་འཐབ།

ཁོ་ལ་བཙོན་ཁང་ནང་ལོ་ངོ་ ༡༥ ཙམ་ལ་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད། འོན་ཀྱང་དཀའ་སྡུག་དེ་ཙམ་མ་བྱུང་བའི་གནས་སྟངས་ཤིག་འོག་ཟླ་བ་ ༡༩ ཙམ་ཞིག་རིང་བཙོན་ཁང་དུ་བསྡད་རྗེས་ ༡༩༥༥ ཟླ་ ༥ ནང་སྤྱི་ཡོངས་ནས་ནག་ཉེས་གུ་ཡངས་གཏོང་བའི་ལམ་སྲོལ་ཞིག་གི་འོག་ཏུ་ཀློད་གྲོལ་ཐོབ།

བཙོན་ཁང་དུ་བསྡད་པའི་དུས་ཡུན་ཐུང་ངུ་དེའི་རིང་ཁོས་རང་ཉིད་ཀྱི་བཟའ་ཟླ་དང་ཁ་ཁ་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་དཔེ་དེབ་ཁག་ལ་བློ་རྩེ་གཅིག་ཏུ་གཏད་ནས་སློབ་སྦྱོང་བྱས།

སྦཱ་ཀྲི་སེ་ཌཱ་ཡིས་རང་ཉིད་ཀྱི་ཁ་གཏད་རྣམས་མུ་མཐུད་དེ་འཛིན་བཟུང་བྱེད་བཞིན་ཡོད་པས་འཛིན་བཟུང་ལས་གཡོལ་ཐབས་ཆེད་ཁཱ་སེ་ཀྲོ་མེ་སེ་ཁོ་(Mexico)རུ་བྲོས་བྱོལ་དུ་བསྐྱོད་དགོས་བྱུང་། མེ་སེ་ཁོ་རུ་ཁོ་ལ་གཞོན་ནུ་གསར་བརྗེ་བ་ཨར་ནེ་སེ་ཀྲོ་ཅེ་གྷུ་ཝ་རཱ་(Ernesto “Che” Guevara)ཟེར་བ་ཞིག་ལ་ངོ་ཐུག ༡༩༥༦ ཟླ་ ༡༡ ནང་ཁཱ་སེ་ཀྲོ་ཡིས་མི་ ༡༢ ཁུར་ཐུབ་པའི་གྲུ་གཟིངས་ཆུ་འཛར་མཁན་ཞིག་གི་ནང་མཚོན་ཆ་ཐོགས་པའི་མི་༨༡ འཁྲིད་དེ་ཕྱིར་ཁུ་སྦཱ་རུ་ལོག་བསླེབས།

Tibettimes5

༡༩༥༩ ལོར་ཁཱ་སེ་ཀྲོ་ཡི་དཔུང་དམག་ཧཱ་ཝ་ནཱ་རུ་འཛུལ།

སིའི་རཱ་མཱ་ཡི་སེ་ཊ་རཱ་(Sierra Maestra)རི་བོའི་སྟེང་དུ་དམག་ཤོག་ཚོགས་པ་དེའི་རྟེན་གཞི་བྱས་ཏེ། རྟེན་གཞི་དེ་ནས་ཁཱ་སེ་ཀྲོ་ཡིས་ཧཱ་ཝ་ནཱ་རུ་ཡོད་པའི་སྲིད་གཞུང་ལ་ལོ་ངོ་གཉིས་རིང་འཇབ་རྒོལ་གྱི་ལས་འགུལ་སྤེལ།

༡༩༥༩ ཟླ་ ༡ ཚེས་ ༢ ཉིན་གྱེན་ལོག་དམག་མི་རྣམས་ཁུ་སྦཱན་གྱི་རྒྱལ་སར་བསླེབས་སྟབས་སྲིད་འཛིན་སྦཱ་ཀྲི་སེ་ཊཱ་བྲོས་འབྱོལ་དུ་ཕྱིན།

ཁྲིམས་བཤེར་བྱས་རྗེས་སྦཱ་ཀྲི་སེ་ཊཱ་ཡི་དེ་སྔོན་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཕྲག་མང་པོར་སྲོག་ཁྲིམས་བཅད། དེ་ལ་ཕྱི་རྒྱལ་གྱི་རྟོག་ཞིབ་པ་མང་པོས་ཅུང་ཟད་དྲང་བདེན་མ་ཡིན་པར་ངོས་འཛིན་བྱས་ཡོད།

ལྟ་གྲུབ།

ཁཱ་སེ་ཀྲོ་ཡིས་ “གསར་བརྗེའི་དྲང་བདེན་ནི་ཁྲིམས་ལུགས་ཀྱི་རྩ་འཛིན་ལ་གཞི་བཅོལ་བ་མ་ཡིན་པར་ནང་བསམ་བློའི་བཟང་ངན་འབྱེད་པའི་ངེས་ཤེས་ལ་རྟེན་ཡོད་པར་”མཐར་སྐྱེལ་བྱས་ཡོད།

ཁུ་སྦཱན་གྱི་སྲིད་གཞུང་གསར་པ་དེས་ས་ཞིང་རྣམས་མི་དམངས་ལ་ཕྱིར་རྩིས་སྤྲོད་བྱ་རྒྱུ་དང་ཉམ་ཐག་མང་ཚོགས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཡོད།

འོན་ཀྱང་སྲིད་གཞུང་གསར་པ་དེས་དབང་ཆ་བཟུང་མ་ཐག་ལམ་སེང་ཆབ་སྲིད་ཚོགས་པ་གཅིག་གི་ལམ་ལུགས་ལག་བསྟར་བྱས། མི་བརྒྱ་ཕྲག་མང་པོ་ཆབ་སྲིད་བཙོན་པའི་ངོ་བོའི་ཐོག་ནས་བཙོན་ཁང་དང་ངལ་རྩོལ་རྭ་བའི་ནང་བཅུག འབྱོར་འབྲིང་གྲལ་རིམ་གཙོ་བོར་འགྱུར་བའི་མི་དམངས་སྟོང་ཚོ་མང་པོ་ཡུལ་ལུང་གཞན་དུ་སྐྱབས་བཅོལ་དུ་བྲོས་འབྱོལ་ཕྱིན།

Tibettimes6

ཁཱ་སེ་ཀྲོ་ཡིས་རང་ཉིད་ནི་ཨུ་རུ་སུའི་ནི་ཀི་ཏཱ་ཁུ་རུ་ཤུ་ཆཱེའུ་དང་མནའ་འབྲེལ་ཕྱོགས་ཁག་ཅིག་ཏུ་འགྱུར་དོན་ནི་བྱ་ཐབས་ཟད་པའི་རྐྱེན་གྱིས་ཡིན་པར་བརྗོད།

ཁཱ་སེ་ཀྲོ་ཡིས་རང་ཉིད་ཀྱི་བསམ་བློའི་ལྟ་གྲུབ་ནི་གཙོ་བོར་ཁུ་སྦཱན་ཡིན་པར་ནན་བརྗོད་བྱེད་ཀྱི་ཡོད། ཁོས་ “འཆར་འགོད་ལེགས་པའི་དཔལ་འབྱོར་ཁོར་ཡུག་ཅིག་ཏུ་སྐུ་ཚབ་རིང་ལུགས་ཀྱི་དམངས་གཙོ་དང་སྤྱི་ཚོགས་ཀྱི་དྲང་བདེན་མ་གཏོགས་དམར་ཤོག་དང་མར་ཁེ་སི་རིང་ལུགས་མེད་པ་རེད།” ཅེས་སྐབས་འདིར་བརྗོད།

༡༩༦༠ ལོར་ཕི་ཌལ་ཁཱ་སེ་ཀྲོ་ཡིས་གླིང་ཕྲན་དེའི་ནང་དུ་ཡོད་པའི་ཨ་རིར་དབང་བའི་ཚོང་གི་རྟེན་གཞི་ཡོངས་རྫོགས་གཞུང་བཞེས་བཏང་སྟབས། དེར་ཡ་ལན་གྱི་ཚུལ་དུ་ཨ་རིས་ཁུ་སྦཱ་ཚོང་འབྲེལ་གྱི་བཀག་རྒྱ་ཞིག་འོག་ཏུ་བཅུག བཀག་རྒྱ་དེ་ནི་དུས་རབས་ ༢༡ པའི་ནང་དུ་ད་ལྟ་ད་དུང་གནས་པ་རེད།

བཙན་འཛུལ་བ།

ཁཱ་སེ་ཀྲོ་ཡིས་རང་ཉིད་ཨུ་རུ་སུ་དང་དེའི་གཙོ་འཛིན་ནི་ཀི་ཏཱ་ཁུ་རུ་ཤུ་ཆཱེའུ་(Nikita Khrushchev)ཡི་པང་དུ་དགོས་དབང་གིས་བསྐྱོད་དགོས་པ་བྱུང་བར་བརྗོད་ཀྱང་། དཔྱད་བརྗོད་པ་འགའ་ཞིག་གིས་ཁོས་རང་མོས་ཀྱི་སྒོ་ནས་ཨུ་རུ་སུའི་པང་དུ་བཞུགས་པར་རྗོད་བཞིན་ཡོད།

སྐུལ་སློང་དེ་ཇི་འདྲ་ཞིག་ཡིན་མིན་ལ་མ་ལྟོས་པར་ཁུ་སྦཱན་ནི་གྲང་དམག་སྐབས་ཀྱི་འཐབ་ས་ཞིག་ཏུ་གྱུར། ༡༩༦༡ ཟླ་ ༤ ནང་ཨ་རིས་བཙན་བྱོལ་དུ་གྱར་བའི་ཁུ་སྦཱན་གྱི་དང་བླངས་དམག་མི་བསྡུ་སྐོང་གིས་གླིང་ཕྲན་དེར་བཙན་འཛུལ་བྱེད་ཐབས་བྱས།

Tibettimes7

ཁུ་སྦཱན་གྱི་ལྷོ་ནུབ་མཚོ་ཁུག་ཏུ་བཙན་འཛུལ་སྐབས་ཁཱ་སེ་ཀྲོ་ཡིས་ཐང་ག་རི་ཞིག་གི་སྟེང་ནས་མཆོངས་བཞིན་པ།

ཁུ་སྦཱན་གྱི་ལྷོ་ནུབ་ཀྱི་མཚོ་ཁུག་ནས་ཁུ་སྦཱན་གྱི་དམག་མིས་བཙན་འཛུལ་བ་སྟོང་ཕྲག་གཅིག་ཙམ་འཛིན་བཟུང་དང་དམར་གསོད་བཏང་སྟེ། བཙན་འཛུལ་བའི་དཔུང་ཁག་ཕྱིར་བསྐྲད་དེ། ཕི་ཌལ་ཁཱ་སེ་ཀྲོ་ཡིས་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ངོ་ཚ་ཁ་སྐྱེངས་བཟོས་པས། དེས་ཁོ་ལ་བཟོད་གསོལ་བྱ་ཐབས་མེད་པར་གྱུར།

ལོ་གཅིག་གི་རྗེས་ཨ་རིའི་རྟོག་ཞིབ་གནམ་གྲུས་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་ཁུ་སྦཱན་གྱི་ཕྱོགས་སུ་དབོར་བཞིན་ཡོད་པ་ཤེས་རྟོགས་བྱུང་སྟབས། དེས་གློ་བུར་དུ་འཛམ་བུ་གླིང་དེ་ཡོངས་སུ་རྫོགས་པ་རྩ་གཏོར་གཏོང་བའི་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ཡ་ང་བ་ཞིག་གི་ནང་ལྷུང་ལ་ཉེ་བར་བཟོས།

ཨ་རིའི་སྲིད་འཛིན་ཇོན་ཨེ་ཕུ་ཀེ་ནེ་ཌི་(John F Kennedy)ཡིས་ “ད་ལྟའི་ཆར་དམག་འཐབ་ནང་སྤྱོད་པའི་རྡུལ་ཕྲན་མཚོན་ཆའི་རྟེན་གཞིའི་རིམ་པ་ཞིག་གླིང་ཕྲན་དེའི་ནང་གྲ་སྒྲིག་བྱེད་བཞིན་ཡོད། རྟེན་གཞི་དེ་དག་གི་དམིགས་ཡུལ་ནི་ནུབ་ཕྱོགས་མངའ་ཁུལ་དག་གི་སྟེང་དུ་རྡུལ་ཕྲན་མཚོན་ཆའི་འཐབ་རྒོལ་ནུས་པ་མཁོ་སྤྲོད་བྱ་རྒྱུ་ལས་གཞན་གང་ཡང་མ་རེད།” ཅེས་པའི་ཉེན་བརྡ་བཏང་ཡོད།

Tibettimes8

ཡ་མཚན་དང་དགོད་བྲོ་བ་ཞིག

སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་གཉིས་པོས་ཕན་ཚུན་གཅིག་གིས་གཅིག་ལ་སྡང་མིག་བགྲད་དེ་གནས། འོན་ཀྱང་མིག་འབྱེད་བཙུམ་གྱི་མིག་བརྡ་ཐོག་མ་གཏོང་མཁན་ནི་ཨུ་རུ་སུའི་སྲིད་འཛིན་ཁུ་རུ་ཤུ་ཆཱེའུ་རེད། ཁོས་ཊར་ཀི་རུ་ཡོད་པའི་ཨ་རིའི་མཚོན་ཆ་རྣམས་གསང་བའི་སྒོ་ནས་ཕྱིར་བསྡུ་ཡོང་ཆེད་རྡུལ་ཕྲན་མཚོན་ཆ་རྣམས་ཁུ་སྦཱན་ནས་ཕྱིར་འཐེན་བྱས་ཡོད།

དེ་ལྟར་ནའང་ཕི་ཌཱལ་ཁཱ་སེ་ཀྲོ་ནི་ཨ་རིའི་དགྲ་བོ་ཨང་དང་པོར་གྱུར། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ཁོ་ཐེངས་མང་གསོད་ཐབས་བྱས་ཡོད། ངན་གྲགས་ཆེས་ཆེར་ཁྱབ་པའི་གསོད་ཐབས་ཅིག་ནི་ནེའུ་ལིའི་ལས་འགུལ་ཞེས་པའི་མིང་འོག་ཏུ་ཐ་མག་ནང་འབར་མདེལ་གྱི་རྫས་བཀང་སྟེ་ཁོར་འཐེན་འཇུག་རྒྱུའི་ཐབས་ཤེས་དེ་རེད།

Tibettimes9

གཞན་དག་ནི་སྔར་ལས་ཀྱང་ཡ་མཚན་པ་དང་དགོད་བྲོ་བ་ཞིག་ཡོད། དཔེར་ན། ཐེངས་ཤིག་ཁོའི་ཨོག་ཚོམ་རིང་པོ་དེ་མར་ལྷུང་དུ་བཅུག་སྟེ་གཞན་གྱི་བཞད་བགད་ཀྱི་གནས་སུ་གྱར་བའི་མི་སྣ་ཞིག་ཏུ་འགྱུར་བཅུག་ཐབས་བྱས་ཡོད།

ཨུ་རུ་སུས་ཁུ་སྦཱན་ནང་དུ་མ་དངུལ་མཁོ་སྤྲོད་བྱེད་བཞིན་ཡོད། ཨུ་རུ་སུས་གླིང་ཕྲན་དེའི་བྱེ་མ་ཀ་རའི་ཐོན་སྐྱེད་རྒྱ་ཆེན་པོ་ཞིག་ཉོས་ཏེ། ཕྱིར་ཨུ་རུ་སུའི་གྲུ་རྣམས་ཧཱ་ཝ་ནཱའི་གྲུ་ཁར་བཏང་ནས། ཨ་རིའི་ཚོང་འབྲེལ་གྱི་བཀག་རྒྱའི་འགོག་རྐྱེན་རྣམས་སེལ་བའི་མཁོ་གལ་ཆེ་བའི་དངོས་ཟོག་རྣམས་ནང་འདྲེན་བྱེད་ཀྱི་ཡོད།

ཨུ་རུ་སུའི་རོགས་སྐྱོར་ལ་རྟེན་བཞིན་པར་མ་ལྟོས་པར། ཁཱ་སེ་ཀྲོ་ཡིས་ཁུ་སྦཱ་ནི་རྣམ་པ་གསར་དུ་ཐོན་བཞིན་པའི་ཕྱོགས་སྒྲིལ་མི་བྱེད་པའི་ལས་འགུལ་(Non-Aligned Movement)གྱི་མདུན་སྣེ་རུ་འཁྲིད།

མ་འདང་བའི་དཀའ་ངལ།

དེ་ལྟར་ནའང་ཁོས་ཕྱོགས་སྒྲིལ་གྱི་ལས་འགུལ་སྤེལ་ཡོད། དམིགས་བསལ་ཨ་ཧྥི་རི་ཀའི་གླིང་ཆེན་ནང་དུ་ཁོས་རང་ཉིད་ཀྱི་དམག་དཔུང་བཏང་སྟེ་གླིང་ཆེན་དེའི་ནང་གི་ཨན་གྷོ་ལཱ་(Angola)དང་མོ་ཛམ་སྦིག་(Mozambique)གི་ཡུལ་གཉིས་ནང་མར་ཁེ་སི་རིང་ལུགས་པའི་དམག་འཐབ་ལ་རོགས་སྐྱོར་བྱས་ཡོད།

འོན་ཀྱང་ ༡༩༨༠ ལོའི་དཀྱིལ་ཙམ་ནས་རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་འགྲོ་མགོ་ཚུགས། དུས་སྐབས་དེ་ནི་མི་ཁཱལ་གྷོར་བཱ་ཆཱེའུ་(Mikhail Gorbachev)ཡི་གུ་ཡངས་དང་ཆབ་སྲིད་བཅོས་སྒྱུར་གྱི་དུས་སྐབས་དེ་ཡིན་སྟབས། དེ་ནི་ཁཱ་སེ་ཀྲོ་ཡི་གསར་བརྗེ་ལ་གོད་ཆགས་ཆེན་པོ་ཞིག་ཏུ་གྱུར།

ཨུ་རུ་སུས་ཁུ་སྦན་གྱི་བྱེ་མ་ཀ་རའི་ཐོན་སྐྱེད་ཉོ་རྒྱུ་མཚམས་འཇོག་བྱས་སྟབས། ཁུ་སྦན་གྱི་དཔལ་འབྱོར་ལ་དཀའ་ངལ་ཚབས་ཆེན་འཕྲད།

Tibettimes10

ཡེ་ཤུའི་བླ་ཆེན་ཇོན་པོལ་གཉིས་པས་ཁུ་སྦྣན་ལ་མཚམས་གཟིགས་ཀྱི་གོ་སྒབས་བཟུང་སྟེ་ཡུལ་དེའི་འགྲོ་མིའི་ཐོབ་ཐང་གནས་སྟངས་ལ་སྐྱོན་བརྗོད་བྱས།

ད་ལྟ་ད་དུང་ཡང་ཨ་རིའི་ཚོང་འབྲེལ་བཀག་རྒྱའི་འོག་གནས་ཡོད་པའི་སྟེང་ལ་ཨུ་རུ་སུའི་ཚོང་སྒོ་ཡང་འགག་ཡོད་སྟབས། ཁུ་སྦཱན་གྱི་མཛོད་ཁང་རྣམས་སྟོང་པར་འགྱུར་ཏེ་ཟས་རིགས་མི་འདང་བའི་དཀའ་ངལ་ཚབས་ཆེན་འཕྲད་རྒྱུ་ཡིན་པ་ནི་ལྡོག་ཏུ་མེད་པར་གྱུར། ཁ་ལག་གི་བང་སྒྲིག་གི་རིམ་པ་རིང་དུ་སོང་བ་དང་སྦྲགས་མི་རྣམས་ནི་ཁོང་ཁྲོའི་སྣ་ཡང་ཐུང་ནས་ཐུང་དུ་འགྲོ་བཞིན་ཡོད་པ་རེད།

ཕི་ཌཱལ་ཁཱ་སེ་ཀྲོ་ཞེས་འབོད་པའི་འཛམ་གླིང་གི་ཆེས་ཡར་ཐོན་ཅན་གྱི་རྒྱལ་ཁབ་དེ་ནི་དོན་དངོས་ཐོག་བ་གླང་གི་འདྲུད་འཐེན་འཁོར་ལོའི་དུས་རབས་ཀྱི་ཕྱོགས་སུ་ཕྱིར་ལོག་བྱེད་བཞིན་ཡོད་པ་རེད།

༡༩༩༠ ལོའི་དཀྱིལ་ཙམ་ནས་ཁུ་སྦཱན་གྱི་མི་མང་པོ་ཞིག་ཨུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར། དེ་སྔོན་སྐྱབས་བཅོལ་དུ་འགྲོ་བའི་རྦ་རླབས་ནི་ཆབ་སྲིད་ཀྱི་རྐྱེན་པས་གཡོ་བཞིན་ཡོད་ན། ད་ཆ་འཚོ་བ་བཟང་པོ་ཞིག་གི་ཕུགས་མདུན་བཅངས་ཏེ་མཚོ་ཐོག་ནས་ཕོ་ལོ་རི་ཌཱ་(Florida)ཡི་ཕྱོགས་སུ་མི་སྟོང་ཕྲག་མང་པོ་སྐྱབས་བཅོལ་དུ་སྐྱོད་བཞིན་ཡོད་ལ། མང་དག་ཅིག་ནི་ཆུའི་ནང་ལྷུང་སྟེ་རྐྱེན་འདས་སུ་ཕྱིན། དེ་ནི་མང་ཚོགས་ངོས་ནས་ཁཱ་སེ་ཀྲོ་ལ་བློས་འགེལ་མི་ཐུབ་པའི་རྣམ་པ་ཞིག་བསྟན་པ་ལྟ་བུ་ཆགས་ཡོད།

ཁཱ་རི་སྦིན་མཚོ་གླིང་གི་དམར་ཤོག་རིང་ལུགས།

དེ་ནའང་ཁུ་སྦཱན་གྱིས་རྒྱལ་ནང་དུ་གཟེངས་སུ་ཐོན་པའི་གྲུབ་འབྲས་འགའ་ཞིག་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་ཡོད། ཕན་ཡོན་ལྡན་པའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ཞིག་མི་དམངས་ཡོངས་རྫོགས་ལ་རིན་མེད་ཐོག་ནས་མཁོ་སྤྲོད་བྱས་ཡོད་ཅིང་། ཁུ་སྦཱན་གྱི་བྱིས་པའི་འཆི་འདས་ཀྱི་གྲངས་ཚད་ནི་སའི་གོ་ལའི་སྟེང་གི་ཆེས་སྔོན་ཐོན་གྱི་ཚོགས་སྡེ་ཁག་དང་བསྡུར་ནའང་ངོ་གནོང་མི་དགོས་པ་ཞིག་ཆགས་ཡོད།

ཕྱིས་ཀྱི་ལོའི་ནང་ཁཱ་སེ་ཀྲོ་ནི་ཞི་དུལ་དུ་སོང་ཡོད་པ་ལྟ་བུར་འགྱུར་ཡོད། ༡༩༩༨ ལོར་སྔར་བྱུང་མ་མྱོང་བའི་མཐོང་སྣང་ཞིག་བྱུང་བ་ནི་ཡེ་ཤུའི་བླ་ཆེན་ཇོན་པོལ་གཉིས་པ་(Pope John Paul II)ཡུལ་དེར་མཚམས་གཟིགས་སུ་ཕེབས་པ་དེ་རེད། མཚམས་གཟིགས་དེ་འདྲ་བ་ཞིག་ནི་ཐ་ན་ལོ་ངོ་ལྔའི་གོང་དུའང་བསམ་བློའི་ཡུལ་དུ་འཁོར་མི་ཐུབ་པ་ཞིག་ཆགས་ཡོད།

སྐབས་འདིར་ཡེ་ཤུའི་བླ་ཆེན་ཁོང་གིས་ཁུ་སྦཱན་ཡུལ་གྱི་འགྲོ་བ་མིའི་གནས་སྟངས་ལ་སྐྱོན་བརྗོད་བྱས་སྟབས། ཁཱ་སེ་ཀྲོ་ནི་འཛམ་གླིང་གི་ས་གསར་འགྱུར་བརྒྱུད་ལམ་གྱི་མདུན་དུ་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་གྱར་བཅུག་ཡོད།

Tibettimes11

ཁོའི་མང་ཚོགས་ཀྱི་གཏམ་བཤད་མཐའ་མ་གཅིག་ནི་ ༢༠༠༦ ལོར་སྤེལ།

ཕི་ཌཱལ་ཁཱ་སེ་ཀྲོ་ཡིས་སོ་སོ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁཱ་རི་སྦིན་(Caribbean)དམར་ཤོག་རིང་ལུགས་ཀྱི་རྣམ་པ་གསར་པ་ཞིག་གཏོད་ཡོད། འོན་ཀྱང་ཁོའི་ཚེ་སྨད་དུ་རང་ཉིད་ཀྱི་གསར་བརྗེ་སྲུང་སྐྱོབ་བྱ་ཆེད་དུ་ཁྲོམ་རྭའི་རང་དབང་གི་བཅོས་སྒྱུར་འགའ་ཞིག་དལ་བུའི་སྒོ་ནས་ལག་ལེན་བསྟར་དགོས་བྱུང་སྟེ། རང་ཉིད་ཀྱིས་གཏོད་པའི་དམར་ཤོག་གི་རྣམ་པ་གསར་པ་དེར་བཅོས་སྒྲིག་མི་བྱ་ཐུབ་མེད་བྱུང་ཡོད།

༢༠༠༦ ཟླ་ ༧ ཚེས་ ༣༡ ཉིན་སྟེ་ཁོའི་ལོ་ན་ ༨༠ སོན་པའི་སྐྱེ་སྐར་གྱི་ཉིན་གཅིག་གི་གོང་ཁཱ་སེ་ཀྲོ་ཡིས་གནས་སྐབས་རིང་རང་ཉིད་ཀྱི་གཅུང་པོ་རཱོལ་(Raul)ལ་དབང་ཆ་རྩིས་སྤྲད། དེ་ནི་ཁོའི་རྒྱུ་མ་ལ་ཛ་དྲག་གི་བཤག་བཅོས་ཤིག་བྱ་དགོས་བྱུང་བའི་རྐྱེན་གྱིས་རེད།

ཁོའི་གཟུགས་གཞི་གནས་སྟངས་མུ་མཐུད་དེ་ཇེ་སྡུག་ཏུ་སོང་སྟབས། ༢༠༠༨ ཀྱི་མགོ་སྟོད་དུ་ཁོས་ཡོང་འཆར་གྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་སྐབས་སུ་སྲིད་འཛིན་དང་རྒྱལ་ཡོངས་དམག་སྤྱི་ཆེན་མོའི་གོ་ས་དང་ལེན་བྱ་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

དམར་ཤོག་གི་གཞུང་འབྲེལ་གསར་ཤོག་ཅིག་ཏུ་ཁོས་ “བློ་རྩེ་གཅིག་གཏོད་ཀྱི་ནུས་པ་དང་འགུལ་སྐྱོད་ཀྱི་ནུས་པ་མཁོ་བའི་འགན་ཁྲི་ཞིག་ནི་ངའི་གཟུགས་པོའི་གནས་སྟངས་ཀྱི་ཆ་ནས་ཡོང་ཐབས་མེད་ལ། དེ་དང་དུ་ལེན་རྒྱུ་ནི་ངའི་བཟང་ངན་འབྱེད་པའི་བློ་དང་རྒྱབ་འགལ་དུ་འགྱུར་ཡོད་” ཅེས་བརྗོད་པ་འཁོད་ཡོད།

ཁོ་ནི་རིམ་གྱིས་མང་ཚོགས་ཀྱི་མིག་མདུན་དུ་མི་མངོན་པར་གྱུར། ཁོའི་བརྩམས་ཆོས་ཁག་ནི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བློ་མཐུན་ཕི་ཌཱལ་གྱི་ཕྱིར་དྲན་ཞེས་པའི་མགོ་བརྗོད་འོག་པར་འགྲེམས་བྱས།

༢༠༡༠ ལོར་ཁོ་བསྐྱར་དུ་ཕྱིར་ཐོན་ཏེ་ལས་བཟོ་བ་རྣམས་ལ་མཚམས་འདྲི་དང་། བརྙན་འཕྲིན་གྱི་བཅར་འདྲི་ཞིག་དང་ལེན་བྱས་ཏེ་དེའི་ནང་ཁོས་ཨ་རི་དང་ཨི་རན། བྱང་ཀོ་རི་ཡ་བཅས་ཀྱི་ཛ་དྲག་གི་གནས་སྟངས་ལ་བགྲོ་གླེང་བྱས་ཡོད། དེ་ནི་ཁོ་ནད་མནར་བྱུང་རྗེས་སུ་མང་ཚོགས་ཀྱི་མདུན་དུ་ཕྱིར་ཐོན་པ་ཐེངས་དང་པོ་དེ་ཆགས་ཡོད།

རྗེས་ཀྱི་ཟླ་བ་དེའི་ནང་ཁཱ་སེ་ཀྲོ་ཡིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྟེང་ལོ་བཞིའི་ནང་གི་ཁོ་རང་གི་གཏམ་བཤད་ཐེངས་དང་པོ་དེ་སྤེལ་ནས་ཨ་རི་ལ་ཨི་རག་དང་བྱང་ཀོ་རི་ཡའི་སྟེང་དུ་དམག་མི་རྒྱག་རྒྱུའི་འབོད་སྐུལ་དང་། གལ་སྲིད་ཛ་དྲག་གི་གནས་སྟངས་སྡུག་ཏུ་ཕྱིན་ཚེ་རྡུལ་ཕྲན་མཚོན་ཆའི་གོད་ཆགས་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད།

ཁུ་སྦཱན་གྱི་རིག་གཞུང་བློན་ཆེན་ཨེ་སྦེལ་པི་རི་ཀྲོ་(Abel Prieto)ལ་ཁཱ་སེ་ཀྲོ་སྲིད་གཞུང་གི་ལས་དོན་ནང་བསྐྱར་དུ་ཞུགས་སྲིད་མིན་སྐོར་དྲིས་པར་ཁོས་སྦི་སྦི་སི་ལ་ “ངའི་བསམ་བློར་ཁོང་ནི་ཁུ་སྦཱན་གྱི་ཆབ་སྲིད་ཀྱི་འཚོ་བའི་ནང་དུས་རྟག་ཏུ་ཞུགས་བཞིན་ཡོད་པ་རེད། འོན་ཀྱང་ཁོང་སྲིད་གཞུང་གི་ལས་དོན་ནང་མེད་པ་རེད། དེའི་ཐོག་ཁོང་གིས་ཧ་ཅང་གཟབ་ནན་ཆེན་པོ་བྱེད་ཀྱིན་ཡོད། ཁོང་གི་དམག་འཐབ་ཆེན་པོ་ནི་རྒྱལ་སྤྱིའི་གནད་དོན་གྱི་ཐོག་རེད་” ཅེས་བརྗོད་ཡོད།

༢༠༡༤ ཟླ་ ༡༢ ནང་སྲིད་འཛིན་ཨོ་བྷ་མས་ཁུ་སྦཱན་སྟེང་དུ་འགེལ་བའི་ཨ་རིའི་ཚོང་འབྲེལ་གྱི་བཀག་རྒྱ་དང་དེ་མིན་གྱི་བཀག་རྒྱ་གཞན་རྣམས་མཚམས་འཇོག་བྱ་རྒྱུ་མགོ་འཛུགས་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བ་དེས་རྒྱལ་ཁབ་གཉིིས་པོའི་དུས་རབས་ཕྱེད་རིང་གནས་པའི་འཁོན་འཛིན་གྱི་རྣམ་པ་དེ་ཞི་ལྷོད་དུ་འབབ་མགོ་བཙུགས་པའི་སྣང་ཚུལ་ཞིག་མངོན་ཡོད།

ཁཱ་སེ་ཀྲོ་ཡིས་གནས་ཚུལ་དེ་ལ་དགའ་བསུ་ཞུས་ཡོད་ཅིང་། བྱ་སྤྱོད་དེ་ནི་ “མངའ་ཁུལ་དེའི་ནང་ཞི་བདེ་བསྐྲུན་པའི་བཟང་ཕྱོགས་ཀྱི་བྱ་སྤྱོད་ཅིག་ཡིན་”པར་བརྗོད་ཡོད། འོན་ཀྱང་ཁོས་ཨ་རིའི་སྲིད་གཞུང་ལ་ཡིད་ཆེས་བྱེད་ཀྱི་མེད།

ཁུ་སྦཱན་གྱི་མི་དམངས་མང་དག་ཅིག་གིས་ཁོ་ལ་མི་དགའ་བ་བྱེད་བཞིན་ཡོད་པ་ནི་ཐེ་ཚོམ་མི་དགོས་མོད། འོན་ཀྱང་ཁོ་ལ་ལྷག་བསམ་རྣམ་དག་གིས་དགའ་ཞེན་བྱེད་མཁན་ཡང་མང་པོ་ཡོད་ཅིང་། ཁོང་ཚོས་ཁོ་ནི་ཨ་རིའི་གྷོ་ལི་ཐ་(Goliath)*ལ་གདོང་ཐུག་བྱེད་ཕོད་པའི་ཌཱ་ཝི་ཌ་(David)**དང་མཉམ་ཞིང་། རྒྱལ་ཁའི་ངང་ཡཱང་ཁིའི་(Yanqui)***མིག་ནང་མཆིལ་མ་འདེབས་མཁན་ཞིག་ཏུ་ལྟ་བཞིན་ཡོད། ཁོང་ཚོར་མཚོན་ན་ཁཱ་སེ་ཀྲོ་ནི་ཁུ་སྦཱ་རེད་ལ་ཁུ་སྦཱ་ནི་ཁཱ་སེ་ཀྲོ་རེད།

*གྷོ་ལི་ཐ་ནི་ཡེ་ཤུའི་གསུང་རབ་ནང་བསྟན་པའི་གཟུགས་སྟོབས་ཆེ་བའི་གྱད་མི་ཞིག་ཡིན་ཞིང་ཁོས་ཨི་ཛི་རལ་ཡུལ་གྱི་ཐོག་ཏུ་ཤེད་ཤུགས་ཀྱི་དཔའ་རྩལ་ངོམས་ཏེ་སུན་བཙེར་དང་བརྙས་བཅོས་བྱས་ཀྱང་ཨི་ཛི་རལ་གྱི་མི་རྣམས་ཁོ་ལ་སྐྲག་སྟེ་ཁ་གཏད་དུ་ལངས་མི་ཕོད་པར་བཤད།

**ཌཱ་ཝི་ཌ་ནི་ཨི་ཛི་རལ་གྱི་རྒྱལ་པོ་གཉིས་པ་ཡིན་པར་བརྗོད་ཅིང་། ཁོང་གིས་དང་བླངས་ཀྱི་སྒོ་ནས་གྷོ་ལི་ཐ་དང་འཐབ་མོ་འགྱེད་དེ་སྟོབས་ཆེ་བའི་གྷོ་ལི་ཐ་བསད་པར་གྲགས།

***Yanqui ཞེས་པའི་ཐ་སྙད་དེ་ནི་སེ་པན་གྱི་ཡུལ་སྐད་རྒྱག་མཁན་གྱི་ཨ་རིའི་མི་རིགས་ཚོས་ཨིན་སྐད་རྒྱག་མཁན་གྱི་ཨ་རིའི་མི་སེར་ལ་ཁྱད་གསོད་ཀྱི་ཚུལ་དུ་སྤྱོད་པའི་ཐ་སྙད་ཅིག་ཆགས་ཡོད།

མ་རྩོམ་གྱི་ཁ་བྱང་། http://www.bbc.com/news/world-latin-america-10744408

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༡༡ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༡༡ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༡༦ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 1

  1. པད་སྐྱིད། says:
    ལོ་ 8 སྔོན།

    ཁིའུ་འབའ་ཡི་སྲིད་འཛིན་ཟུར་པ་ ཕི་ཌེལ་ ཀས་ཊོ་(Fidel Castro) ༢༠༡༦ ཟླ་བ་ ༡༡ གི་དགོང་མོར་འདས་གྲོངས་སུ་ཕྱིན་ཡོད་པ་དང་། འདས་གྲོངས་སུ་ཕྱིན་པའི་སྐབས་རང་ལོ་དགུ་བཅུར་ཕེབས་ཡོད་འདུག
    ཁིའུ་འབའ་ཡི་སྲིད་འཛིན་ ར་འུལ་ ཀས་ཊོ(Raul Castro) ཡིས་བརྙན་འཕྲིན་བརྒྱུད་ནས་སྲིད་འཛིན་ཟུར་པ་ ཕི་ཌེལ་ ཀས་ཊོ་(Fidel Castro) འདས་གྲོངས་སུ་ཕེབས་པའི་སྐོར་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་དང་། ཡིན་ནའི་འདས་གྲོངས་སུ་ཕྱིན་པའི་རྒྱུ་རྐྱེན་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་བརྗོད་མེད་པ་རེད། ཁིའུ་འབའ་ཡི་སྲིད་འཛིན་ཟུར་པ་ ཕི་ཌེལ་ ཀས་ཊོ་ (Fidel Castro) ཡིས་ཁྱུ་པ་ཡུལ་གྲུ་དེ་བཞིན་གུང་ཁྲན་རིང་ལུགས་ཀྱི་རྒྱལ་ཁབ་ཏུ་འགྱུར་ཡོད་པ་དང་། ཁོང་གིས་ ༡༩༥༩ནས་༡༩༧༦བར་ ཁིའུ་འབའ་ཡི་སྲིད་བློན་གྱི་ལས་གནས་ཁུར་ཡོད་པ་དང་ ༡༩༧༦ནས་༢༠༠༨ལོ་བར་ཡུལ་དེའི་ཆེས་མཐོའི་དཔོན་རིགས་ཀྱི་འགན་ཁུར་ཡོད་ཅིང་ཉིས་སྟོང་བརྒྱད་ལོར་གཟུགས་གཞིའི་གནས་སྟངས་ཀྱིས་དཔོན་རིགས་ལས་གནས་ནས་དགོངས་ཞུ་བྱས་ཡོད་པ་རེད།
    ཕི་ཌེལ་ ཀས་ཊོ་(Fidel Castro)་ནི་སྤྱི་ཚོགས་རིང་ལུགས་ལ་རྒྱབ་སྐྱོར་དང་བཙན་རྒྱལ་རིང་ལུགས་པར་ངོ་རྒོལ་བྱེད་མཁན་གྱི་འཐབ་རྩོད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁོང་གིས་ཁིའུ་འབའ་ཡི་ཡུལ་གྲུར་དབང་འཛིན་བྱེད་པའི་ལོ་མང་རིང་ཁིའུ་འབའ་དེ་བཞིན་ཚོགས་པ་གཅིག་གི་དབང་བསྒྱུར་འོག་གི་གུང་ཁྲན་རིང་ལུགས་ཀྱི་རྒྱལ་ཁབ་ཤིག་ཏུ་འགྱུར་ཡོད་པ་དང་། དེའི་རིང་ཡུལ་དེའི་ཚོང་ལས་དང་བཟོ་ལས་སོགས་ཡོངས་རྫོགས་རྒྱལ་ཁབ་ལ་དབང་བའི་ལམ་ལུགས་འཛིན་ཏེ་ ཁིའུ་འབའ་ཡི་སྤྱི་ཚོགས་ཁྱོན་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་འགྱུར་བཅོས་ལམ་ལུགས་སྤེལ་ནས་རྒྱལ་ནང་གི་དཔལ་འབྱོར་གནས་སྟངས་ཧ་ཅང་དཀའ་ཚེག་འོག་ཡུལ་མི་ཁྲི་སྟོང་མང་པོ་ཐབས་ཟད་འུ་ཐུག་གིས་ཚེ་སྲོག་ཤོར་བར་མི་འཛེམས་པར་ཨ་རིའི་ནང་བཙན་བྱོལ་དུ་ཡོང་ནས་ ཕི་ཌེལ་ ཀས་ཊོ་(Fidel Castro)་དབང་འཛིན་ལ་མི་འདོད་པའི་རྣམ་འགྱུར་བཏོན་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese