མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩ་རླུང་འཕྲུལ་འཁོར་ལ་བརྟེན་ཏེ་ཐར་བའི་ལམ་ཆེན་བགྲོད་པ། (༢)

བོད་ཀྱི་དུས་བབ།
༢༠༡༧/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་་་་་་་་་་་་་་འདོན་ཐེངས་སྔ་མའི་འཕྲོས།

1-TibetTimes

དྲི་བ། དོན་འགྲུབ་བཀྲ་ཤིས། ཁྱེད་ཀྱིས་གོང་དུ་རྩ་རླུང་འཕྲུལ་འཁོར་འདི་རྩེད་ན་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་རེད་གསུངས་སོང་། དེའི་སྐོར་འགྲེལ་བཤད་ཅིག་བསྐྱོན་ན་འགྲིག་གམ།

ལན། སྤྲུལ་སྐུ་བློ་བཟང་། དེ་མ་འགྲིག་པ་ཡོད་པ་མ་རེད། ནང་ཆོས་ལ་མཚན་ཉིད་ཐེག་པ་དང་སྔགས་ཀྱི་ཐེག་པ་ཞེས་པ་ཞིག་ཡོད་པ་རེད། མཚན་ཉིད་ཐེག་པ་དེ་སེམས་ཀྱི་ཐེག་པ་དང་། སྔགས་ཀྱི་ཐེག་པ་དེ་ལུས་ཀྱི་ཐེག་པ་ཡིན་ཟེར་གྱི་ཡོད་པ་རེད། སེམས་ཀྱི་གནས་ལུགས་མདོའི་ནང་ཞིབ་ཏུ་བསྟན་ཡོད་ཀྱང་། ལུས་ཀྱི་གནས་ལུགས་ཕྲ་ཞིང་ཞིབ་པ་སྔགས་ཀྱི་ནང་དུ་བསྟན་ཡོད་སྟབས། སྔགས་ཀྱི་ཐེག་པར་ལུས་ཀྱི་ཐེག་པ་ཟེར་བ་རེད། སྔགས་ཀྱི་རྫོགས་རིམ་དེ་མདོ་བསྡུས་ན་ན་རོ་ཆོས་དྲུག་ནང་མ་འདུས་པ་ཞིག་ཧ་ལམ་ཡོད་པ་མ་རེད། ན་རོ་ཆོས་དྲུག་གི་རྩ་བ་དེ་གཏུམ་མོ་ཟེར་བ་དེ་རེད། གཏུམ་མོ་ཟེར་བ་དེ་རྩ་རླུང་བསྒོམས་ཏེ་ལུས་ལ་དྲོད་འབར་བའི་ནུས་པ་ཞིག་ལ་ཟེར་བ་རེད། སྔགས་ཀྱི་གཞུང་མང་པོའི་ནང་གཏུམ་མོ་ལམ་གྱི་སྲོག་ཤིང་ཡིན་གསུངས་ཡོད་པ་རེད།

གཏུམ་མོ་དང་སྒྱུ་ལུས། གཉིད་ཀྱི་འོད་གསལ། རྨི་ལམ། འདི་དག་བཞི་ལ་རྩ་བའི་ཆོས་བཞི་ཟེར་བ་དང་། བར་དོ་དང་འཕོ་བ་གཉིས་ལ་ཡན་ལག་གི་ཆོས་གཉིས་ཟེར་བ་རེད། དེའི་ཉིང་ལག་ཕོ་ཉ་དང་འཕོ་བ་གྲོང་འཇུག་གཉིས་རེད། འདི་གཉིས་དགེ་ལྡན་པའི་ཕྱོགས་ལ་མཚོན་ན་གསང་བ་བྱེད་པ་ཞིག་རེད། ཕོ་ཉ་ནི་རིག་མ་བསྟེན་པའི་སྐོར་རེད། རིག་མ་བསྟེན་པ་མགྱོགས་ལམ་ཡིན་སྟབས་ཕོ་ཉ་བཏགས་པ་ཡིན་ས་རེད། ཁྱབ་བྱེད་ཀྱི་རླུང་དེ་བསྡུ་བའི་སྐབས་སུ་ཕོ་ཉ་བསྟེན་དགོས། ཁྱབ་བྱེད་ཀྱི་རླུང་ཕྲ་རགས་ཐམས་ཅད་ཚུར་བསྡུ་བ་ལ་བདེ་བ་ཤུགས་ཆེན་པོ་ཞིག་དགོས་པ་དང་། བདེ་བ་ཤུགས་ཆེན་པོ་དེ་ཡོང་ཐབས་ལ་ཕྱི་ཡི་ལས་རྒྱ་དང་ནང་གི་ཏིང་ངེ་འཛིན་གྱི་དམིགས་པ་ལ་བསྟེན་ཏེ། བདེ་བ་ཤུགས་ཆེན་པོ་དེ་འཕེལ་གྱི་ཡོད་པ་རེད། བདེ་བ་ཅི་ཙམ་ཤུགས་ཆེན་པོ་འཕེལ་ན་རླུང་དེ་ཙམ་འགོག་ཐུབ་པ་དང་། རླུང་ཅི་ཙམ་འགོག་ཐུབ་ན་སེམས་ཀྱི་རྣམ་རྟོག་དེ་ཙམ་འགག་པ་རེད། རྣམ་རྟོག་ཅི་ཙམ་འགག་ན་སེམས་གྱི་རང་བཞིན་འོད་གསལ་དེ་ཙམ་མངོན་དུ་འགྱུར་བཞིན་ཡོད་པ་རེད།

སྤྱིའི་ཆ་ནས་གཏུམ་མོ་ལ་དྲོད་ཀྱི་གཏུམ་མོ་དང་བདེ་བའི་གཏུམ་མོ། མི་རྟོག་པའི་གཏུམ་མོ་གསུམ་ཡོད། དྲོད་ཀྱི་གཏུམ་མོའི་གྲོགས་དེ་རླུང་འཛིན་དགོས་པ་དང་། རླུང་འཛིན་པའི་ཐབས་ལ་འཕྲུལ་འཁོར་དང་ལུས་སྦྱོང་རྩེད་དགོས་པ་རེད། གཏུམ་མོ་ལ་བྱེ་བྲག་ཏུ་རྩ་ཡི་གཏམ་མོ་དང་། རླུང་གི་གཏུམ་མོ། ཐིག་ལེ་གཏུམ་མོ་སོགས་ཡོད་པ་རེད། རྩ་རླུང་འཕྲུལ་འཁོར་རྩེད་དེ་ལུས་སྟོབས་རྒྱས་པ་དང་མཉམ་དུ་ཕོ་མོའི་བྱང་སེམས་དཀར་དམར་འཕེལ་བ་དང་། (སྐྱེས་པའི་ཁུ་བ་དཀར་པོ་དང་བུད་མེད་ཀྱི་ཟླ་མཚན་དམར་པོ་ལ་ཟེར།) བྱང་སེམས་དཀར་དམར་ལས་ཡེ་ཤེས་ངང་གིས་འཕེལ་གྱི་ཡོད་པ་རེད། གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་ཆོས་ཐུན་མོང་མ་ཡིན་པའི་ལུས་ལ་རྟེན་འབྲེལ་འགྲིག་ན་སེམས་ལ་རྟོག་པ་འཆར་བ་ཡིན་ཞེས་གསུངས་ཡོད། དེ་བཞིན། སེམས་ཀྱི་ཀག་སེལ་བླ་མའི་རྣལ་འབྱོར་དང་། ལུས་ཀྱི་ཀག་སེལ་རྩ་རླུང་འཕྲུལ་འཁོར་ཡིན་སོགས་གསུངས་ཡོད་པ་རེད།

དྲི་བ། དོན་འགྲུབ་བཀྲ་ཤིས། ནང་པ་སངས་རྒྱས་པའི་ཆོས་དེ་ “བཤད་དང་སྒྲུབ་པ་ཁོ་ནའོ” གསུངས་ཡོད་པ་རེད། རྩ་རླུང་འཕྲུལ་འཁོར་དེ་གཉིས་གང་གི་ཁོངས་སུ་གཏོགས་པ་རེད།

ལན། སྤྲུལ་སྐུ་བློ་བཟང་། ཆོས་གོ་བར་བྱ་བའི་རིམ་པ་དང་ཆོས་ཉམས་སུ་ལེན་པའི་རིམ་པ་ཞེས་བཤད་སྲོལ་ཡོད། ཆོས་གོ་བར་བྱ་བའི་རིམ་པ་དེ་སློབ་སྦྱོང་བྱས་ཏེ་ཆོས་ཀྱི་དོན་གོ་བ་དང་དོན་རྟོགས་ཐབས་བྱེད་རྒྱུ་དེ་རེད། ན་རོ་ཆོས་དྲུག་སོགས་ཆོས་ཉམས་སུ་ལེན་པའི་རིམ་པ་རེད། ཆོས་སྦྱོང་བའི་སྐབས་སུ་སྦྲང་མ་ལྟ་བུ་བྱས་ཏེ་ཕྱོགས་འདྲ་མིན་ནས་སྦྲང་རྩི་གསོག་དགོས་པ་དང་། ཆོས་ཉམས་སུ་ལེན་པའི་སྐབས་སུ་རི་དྭགས་རྨས་མ་ལྟར་གཅིག་པུ་ནགས་ཁྲོད་རི་གསེང་སོགས་སུ་སོང་སྟེ་སྒོམ་རྒྱག་དགོས་པ་རེད། སེ་འབྲས་དགའ་གསུམ་སོགས་གདན་ས་ཁག་ཏུ་འདི་འདྲའི་བཤད་སྲོལ་ཞིག་ཡོད་པ་རེད། ‘བྱ་ཚང་ཡོད་ཡིན་ན་ཚང་ལ་སོང་། བྱ་ཚང་མེད་ཡིན་ན་རི་ལ་སོང་།’ ཟེར་བ་རེད། དེའི་དོན་དག་དགོན་པ་འཛིན་སྐྱོང་དང་ཆོ་ཀ་ཕྱག་ལེན་བྱེད་མཁན་ཡིན་ན་སོ་སོའི་དགོན་པར་སོང་། ཆོས་ཉམས་ལེན་བྱེད་མཁན་ཡིན་ན་རི་མགོར་མཚམས་བསྙེན་པར་སོང་ཟེར་གྱི་ཡོད་པ་རེད། སེ་འབྲས་དགེ་གསུམ་འདི་གཙོ་བོ་ཆོས་ལ་སློབ་སྦྱོང་བྱེད་ས་དང་ཆོས་གོ་བར་བྱེད་ས་ལྟ་བུ་རེད། བོད་པའི་ཆོས་བརྒྱུད་ཁག་ལ་མཚོན་ན། ཁ་ཤས་ཀྱིས་འདོན་པ་དང་ཆོ་ཁ་ཕྱག་ལེན་ལ་འབད་བརྩོན་བྱེད་པ་དང་། ཁ་ཤས་ཀྱིས་རིགས་ལམ་སྦྱངས་ཏེ་མཚན་ཉིད་རྩོད་པ། ཁ་ཤས་ཀྱིས་སྒྲུབ་པ་ཉམས་ལེན་བྱེད་པ་སོགས་འགྲོ་སྟངས་མ་འདྲ་བ་སྣ་ཚོགས་རེད། རྩ་རླུང་འཕྲུལ་འཁོར་ལྟ་བུར་མཚོན་ན་ཆོས་སྒྲུབ་པ་ཉམས་ལེན་གྱི་ཁོངས་སུ་གཏོགས་པ་རེད།

དྲི་བ། དོན་འགྲུབ་བཀྲ་ཤིས། སྒོམ་རྒྱག་པ་དང་འཕྲུལ་འཁོར་རྩེད་བ་གཉིས་ཀྱི་ཕན་ནུས་གཙོ་བོ་ག་རེ་རེད། འདི་གཉིས་ཀྱི་ཕན་ནུས་སོ་སོ་རེད་དམ་གཅིག་པ་རེད།

ལན། སྤྲུལ་སྐུ་བློ་བཟང་། ནང་ཆོས་ཀྱི་བཤད་སྟངས་བྱས་ན། སེམས་དེ་འཁོར་བར་འཁོར་བྱེད་སྡུག་བསྔལ་གྱི་རྒྱལ་བོ་ལྟ་བུ་དང་། རྒྱལ་བོ་དེ་ལ་འདོད་ཆགས་དང་ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་སོགས་བློན་པོ་ལྔ་ཡོད། ད་དུང་དེ་ལ་རྣམ་རྟོག་གི་དམག་མི་གྲངས་མེད་པ་ཡོད་ཟེར་བ་རེད། ང་ཚོ་མི་དཀྱུས་མ་སུ་ཞིག་ཡིན་ཡང་སེམས་དེ་ག་དུས་ཡིན་ཡང་རྒྱ་ཡན་དུ་ཤོར་བསྡད་ཡོད་པ་རེད། སེམས་བཟུང་སྟེ་དབང་དུ་བསྡུ་ཐུབ་ཡོད་མཁན་སུ་གཅིག་ཀྱང་ཡོད་པ་མ་རེད། སེམས་འཛིན་ཐུབ་པ་ཡིན་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་ཡོད་པ་རེད།

སྔགས་ཀྱི་ནང་དུ་སེམས་འཛིན་པའི་ཐབས་ལ་རྒྱལ་བོ་མཁར་ནང་ནས་འཛིན་སྟངས་ཤིག་དང་། རྒྱལ་བོ་འཕྲང་ལམ་ནས་འཛིན་སྟངས། རྒྱལ་བོ་གཡེང་ཡུལ་ནས་འཛིན་སྟངས། རྒྱལ་བོ་རྫས་ཀྱིས་འཛིན་སྟངས་སོགས་བཞི་གསུངས་ཡོད་པ་རེད། རྒྱལ་བོ་མཁར་ནང་ནས་འཛིན་སྟངས་དེ་རྫོགས་པ་ཆེན་པོའི་བཤད་སྟངས་རེད། བློན་པོ་ཉོན་མོངས་ལྔ་དང་། རྣམ་རྟོག་གི་དམག་མི་གྲངས་མེད་པ་དག་ལ་རྒྱག་རེས་བརྒྱབ་ན་རྒྱལ་ཁ་འཐོབ་རྒྱུ་དཀའ་མོ་ཡིན་སྟབས། སེམས་རྒྱལ་བོ་དེ་ཐད་ཀར་འཛིན་པའི་ཆེད་དུ་ལུས་མཁར་ལ་དཔེ་བླངས། མིག་གཉིས་སྐར་ཁུང་ལ་དཔེ་བླངས་ཏེ། སྒོམ་བརྒྱབ་སྟེ་སྐར་ཁུང་ལས་རང་གི་སེམས་ལ་ཁ་ཐུག་གིས་བལྟས་ན། སེམས་ཀྱི་ངོ་བོ་དམར་དམར་རྗེན་རྗེན་དུ་མཐོང་ཐུབ་པ་རེད། འདི་ལ་རིག་པ་གཅེར་མཐོང་ཡང་ཟེར་བ་རེད།

3-TibetTimes

རྒྱལ་བོ་འཕྲང་ལམ་ནས་འཛིན་སྟངས་དེ་རྩ་དབུ་མ་ལ་བརྟེན་དགོས་པ་དང་། རྩ་དབུ་མའི་འཕྲང་ལམ་ནས་བསྒུགས་ཏེ་རྒྱལ་བོ་འཛིན་པར་གཏུམ་མོ་ལ་བརྟེན་དགོས་པ་རེད། རྩ་རླུང་བསྒོམས་ཏེ་གཟུགས་པོའི་ནང་ལ་གཏུམ་མོའི་དྲོད་བསྐྱེད་དགོས་པ་དང་། གཏུམ་མོའི་དྲོད་ལ་བརྟེན་ཏེ་ལུས་ཀྱི་རྩ་ཐམས་ཅད་སྒོ་ཕྱེ་ཡོང་གི་རེད། རྩ་སྒོ་ཕྱེ་བ་ལ་བརྟེན་ཏེ་རྩ་དབུ་མའི་ནང་རླུང་རྒྱུ་བ་དང་། ཐུར་སེལ་གྱི་རླུང་གྱེན་ལ་རྒྱུ་སྟེ་མེ་མཉམ་གྱི་རླུང་གཡོས་ཏེ། སྤྱི་བོའི་གཙུག་ནས་ཁམས་ཀྱི་དྭངས་མ་(སྐྱེས་པའི་ཁུ་བ།)ཐིག་ལེ་བཞུས་ཏེ་རྩ་དཀར་བརྒྱུད་ནས་མར་བཞུར་ཡོང་སྐབས། ཐིག་ལེ་དེ་རྩ་དཀར་གྱི་ངོས་སུ་ཐུག་རེག་བྱས་པའི་བདག་རྐྱེན་གྱིས་ལུས་ལ་བདེ་བ་བསམ་གྱིས་མི་ཁྱབ་པ་ཞིག་བསྟེར་བ་རེད།

ཕོའི་བྱང་སེམས་དཀར་པོ་དེ་གཟུགས་པོའི་རྩ་ལམ་ཐམས་ཅད་ནང་ཁྱབ་ཡོད་ཀྱང་གཙོ་བོ་སྤྱི་གཙུག་ཀླད་པར་གནས་ཡོད་སྟབས། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་ཟེར་བ་རེད། མོའི་བྱང་སེམས་དམར་པོ་དེའང་ལུས་ཀྱི་རྩ་ལམ་ཐམས་ཅད་ལ་ཁྱབ་ཡོད་ཀྱང་བརྟེན་ས་གཙོ་བོ་ལྟེ་བའི་འོག་གི་སོར་བཞིའི་མཚམས་སུ་གནས་ཡོད་པ་རེད། རྩ་རླུང་སྒོམ་ནས་བདེ་བ་ཞིག་འཕེལ་གྱི་ཡོད་པ་དེ་ཕོ་མོ་ཉིས་སྦྱོར་(ཕོ་མོའི་འཁྲིག་སྤྱོད།)སྐབས་ཀྱི་བདེ་ཚོར་དང་འདྲ་བོ་ཡིན་སྟབས། སྔགས་ཀྱི་ནང་དུ་ཕོ་མོའི་སྦྱོར་བ་དེ་གལ་ཆེན་དུ་བརྩིས་ཏེ་ཧ་ཅང་རྒྱས་པ་གསུངས་ཡོད་པ་རེད།

ཐིག་ལེ་དཀར་དམར་དེ་བ་མོའི་འོ་མ་ལྟ་བུ་ཞིག་ཡིན་གསུངས་ཡོད་པ་རེད། བ་མོ་མ་བཞོས་ན་སྐམ་འགྲོ་བ་དང་བཞོ་རྒྱུ་མང་དྲགས་ན་འོ་མ་རྫོགས་འགྲོ་བ་རེད། ཆོས་ཉམས་སུ་ལེན་མཁན་ཡིན་ན་ལུས་སྟོབས་ཉམས་ནས་ཐིག་ལེ་སྐམ་ཉན་གི་མ་རེད། ལུས་ཟུངས་གསོ་བའི་ཆེད་དུ་འཕྲུལ་འཁོར་རྩེད་དགོས་པ་མ་ཟད། ཟ་མའང་ཡག་པོ་ཟ་དགོས་པ་རེད། སྔགས་ཀྱི་ནང་དུ་མཚམས་རེར་ཤ་ཆང་སྤྱོད་ཆོག་པའང་རྒྱུ་མཚན་དེ་ལ་ཐུག་ཡོད་པ་རེད།

དྲི་བ། དོན་འགྲུབ་བཀྲ་ཤིས། ང་ལ་ད་དུང་གསལ་བོ་ཞིག་ཆགས་མ་སོང་། རྩ་རླུང་སྒོམ་པ་དང་འཕྲུལ་འཁོར་རྩེད་པ་གཉིས་ལ་འབྲེལ་བ་ག་རེ་ཡོད་པ་རེད། དེ་གཉིས་ཀྱི་ནུས་པ་གཅིག་པ་རེད་དམ་ཁ་ཁ་རེད། གསལ་བོ་ཞིག་གསུངས་རོགས།

ལན། སྤྲུལ་སྐུ་བློ་བཟང་། ངས་ཁྱེད་ལ་དཔེ་ཞིག་བཞག་ནས་བཤད་ན། ང་ཚོའི་རླུང་དེ་སེམས་ཀྱི་རྟ་ཡིན་ཟེར་གྱི་ཡོད་པ་རེད། སེམས་དེ་རྐང་པ་མེད་པའི་མི་ཞིག་དང་། རླུང་དེ་མིག་མེད་པའི་རྟ་ཞིག་ཡིན་ཟེར་གྱི་ཡོད་པ་རེད། དེ་གཉིས་འཕྲད་པའི་དབང་གིས་ཉེས་པ་མང་པོ་གསོག་གི་ཡོད་པ་རེད། ང་ཚོས་སེམས་འཛིན་པའི་ཆེད་དུ་སྔོན་ལ་སེམས་ཀྱི་རྟ་རླུང་དེ་འཛིན་ཐབས་བྱེད་ཀྱི་ཡོད་པ་རེད། དེ་ལ་སྔགས་ཕྱོགས་ནས་རྩ་རླུང་འཕྲུལ་འཁོར་རྩེད་པ་དང་། མདོ་ཕྱོགས་ནས་སྒོམ་རྒྱག་གི་ཡོད་པ་རེད། སེམས་འཛིན་པའི་ཐབས་ལ་རྣལ་འབྱོར་བ་དེ་ཚོས་ལོ་དང་ཟླ་བ་མང་པོར་རྩ་རླུང་སྒོམ་གྱིན་ཡོད་པ་རེད། དཔེར་ན། རླུང་སྒོམ་པའི་སྐབས་སུ་བུམ་ཆེན་དང་བུམ་འབྲིང་། བུམ་ཆུང་ཟེར་བ་སོགས་ཡོད། ཐོག་མའི་གོ་རིམ་སྐབས་སུ་བུམ་ཆུང་སྐར་མ་གསུམ་ལ་རླུང་འཛིན་དགོས་པ་དང་། བུམ་འབྲིང་སྐར་མ་དྲུག བུམ་ཆེན་སྐར་མ་དགུ་རེད། འུ་ཅག་མྱོང་གོམས་མེད་མཁན་ཞིག་ཡིན་ན་རླུང་སྐར་མ་གཅིག་ལྷག་འཛིན་ཐུབ་པ་མ་རེད། ཚན་རིག་གི་ཐོག་ནས་སྐར་མ་ལྔ་ལ་དབུགས་འབྱིན་རྔུབ་བཀག་ན་ཤི་འགྲོ་བ་རེད་ཟེར་གྱི་ཡོད། རྣལ་འབྱོར་གྱི་ནུས་པ་འཐོན་ཡོད་མཁན་ཞིག་ཡིན་ན། རླུང་ཆུང་བ་ཉིན་གཅིག་དང་འབྲིང་བ་ཟླ་བ་གསུམ། རླུང་ཆེན་པོ་ཟླ་བ་དྲུག་ལ་འཛིན་ཐུབ་པ་རེད། སྤྱིར་བཏང་རླུང་ཕར་གཏོང་བ་དང་ཚུར་རྔུབ་པ། གནས་བ་གསུམ་ཡོད་པ་ལས་འདིའི་སྐབས་སུ་རླུང་གནས་པ་དེ་གཙོ་བོར་འཛིན་པ་རེད། གང་ཡིན་ཟེར་ན། རླུང་འཛིན་ཐུབ་ན་སེམས་རང་བཞིན་གྱིས་བཟུང་ཀྱི་ཡོད་པ་རེད།

4-TibetTimes

སེམས་འཛིན་ཐབས་སུ་སྔགས་ཕྱོགས་ནས་རྩ་རླུང་འཕྲུལ་འཁོར་དང་གཏུམ་མོའི་དྲོད་ལ་བརྟེན་པ་རེད། འདི་ལ་མ་བསྒོམས་པའི་སངས་རྒྱས་པའི་ལམ་ཡང་ཟེར་བ་རེད། སྒོམ་རྒྱག་མ་དགོས་པར་འཕྲུལ་འཁོར་ལ་བརྟེན་ཏེ་སེམས་ཀྱི་རྣམ་རྟོག་རྣམས་རིམ་པ་བཞིན་འགག་སྟེ་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་མཐོང་གི་ཡོད་པ་རེད།

ལུས་སྦྱོང་རྩ་རླུང་འཕྲུལ་འཁོར་ལ་བདེ་བ་ཕབ་པའི་འཕྲུལ་འཁོར་དང་། བདེ་བ་འཛིན་པའི་འཕྲུལ་འཁོར། བདེ་བ་བཀྲམ་པའི་འཕྲུལ་འཁོར་སོགས་ཡོད་པ་རེད། འཕྲུལ་འཁོར་ཤུགས་ཆེན་པོ་རྩེད་རྗེས་ཕྱག་རྒྱ་ཆེན་པོའི་ཐོག་ཉམས་པར་བཞག་ན་སོ་སོའི་སེམས་ངོ་སྟོང་སང་སང་ཡོད་པ་རེད། འཕྲུལ་འཁོར་དེ་གཏུམ་མོའི་འབོགས་འབྱིན་དང་ཀག་སེལ་ལྟ་བུ་རེད།

མདོ་ཕྱོགས་ནས་གཙོ་བོ་སྒོམ་ལ་བརྟེན་པ་རེད། སེམས་ལ་ཐད་ཀར་རྒོལ་ཏེ་ཉེས་པ་ལྔ་དང་སྟོབས་དྲུག ཡིད་བྱེད་བཞི། སེམས་གནས་དགུ། འདུ་བྱེད་བརྒྱད་སོགས་བསྒོམས་ཏེ་སེམས་འཛིན་ཐབས་བྱེད་ཀྱི་ཡོད་པ་རེད། ཐབས་ལམ་མ་འདྲ་བ་རེད་མ་གཏོགས་མདོ་སྔགས་གཉིས་ཀས་སེམས་བཟུང་སྟེ་རྣམ་རྟོག་ཐམས་ཅད་འགོག་རྒྱུའི་དམིགས་ཡུལ་གཅིག་པ་རེད།

དྲི་བ། དོན་འགྲུབ་བཀྲ་ཤིས། སྔགས་ཀྱི་ནང་དུ་ཐིག་ལེ་ཡར་འདྲེན་ཟེར་བ་ཞིག་ཡོད་པ་དེ་སྒོམ་རྒྱག་སྟངས་ཤིག་གམ། སེམས་ཀྱི་དམིགས་པ་འཛིན་སྟངས་ཤིག་ལ་བརྟེན་ཏེ་ཡོང་གི་ཡོད་པ་འདྲ།

ལན། སྤྲུལ་སྐུ་བློ་བཟང་། ཐིག་ལེ་ཕབ་སྟངས་སྣ་ཚོགས་ཡོད་པ་ལས་རིག་མ་བསྟེན་པ་དང་རིག་མ་སྒོམ་པ་གཉིས་གཞན་ལུས་ལ་བརྟེན་པའི་ཐིག་ལེ་ཕབ་སྟངས་དང་། གཏུམ་མོ་སྒོམ་པ་དང་ལག་པའི་ཕྱག་རྒྱ་(ལག་པས་རང་གི་གསང་གནས་ལ་འཕུར་མཉེད་བྱས་ཏེ་བདེ་བ་ཕབ་པ།)གཉིས་རང་ལུས་ལ་བརྟེན་ཏེ་ཐིག་ལེ་ཕབ་སྟངས་རེད། སྐྱེས་པ་སྔགས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་གཏུམ་མོ་སྒོམ་པའི་སྐབས་སུ་རིག་མ་བསྟེན་དགོས་དང་མི་དགོས་རྩོད་པ་རེད། གང་ལྟར། རིག་མ་བསྟེན་ན་མགྱོགས་ལམ་ལྟ་བུ་རེད། དགེ་ལུགས་པའི་གཞུང་དུ་བོགས་འདོན་ཙམ་ལ་མ་གཏོགས་རིག་མ་བསྟེན་མི་དགོས་གསུངས་ཡོད། སྔགས་ཉམས་ལེན་བྱེད་མཁན་མང་ཆེ་བར་གསང་ཡུམ་(བཟའ་ཟླ།)ཡོད་པ་རེད། ཡིན་ནའང་གསང་ཡུམ་ལ་འཁྲིག་པ་སྤྱད་དེ་བདེ་བ་ཐོབ་པ་ཙམ་གྱིས་འགྲིག་གི་མ་རེད། ཐིག་ལེ་ཡར་འདྲེན་བྱས་ཏེ་བདེ་བ་འཛིན་ཐུབ་དགོས་པ་རེད། དང་པོ་བདེ་བ་ཕབ་པ་དང་། དེ་ནས་བདེ་བ་འཛིན་པ། དེ་ནས་བདེ་བ་ཡར་འདྲེན་པ། དེ་ནས་བདེ་བ་བཀྲམ་པ་སོགས་བྱེད་དགོས། བདེ་བ་ལུས་ཀྱི་ཕྱི་ནང་གསང་གསུམ་དུ་ཁྱབ་པའི་སྐབས་སུ་ལུས་སྟེང་ལ་གཟེར་མ་བཏབས་ཀྱང་ན་ཟུག་མི་ཚོར་བ་དེ་འདྲ་ཞིག་ཡིན་ས་རེད། ཐིག་ལེ་མར་འབབ་སྐབས་ཀྱི་བདེ་བ་དེ་ལ་ཕོ་བདེ་དང་། ཐིག་ལེ་ཡར་འདྲེན་པའི་སྐབས་ཀྱི་བདེ་བ་ལ་མོ་བདེ། ཐིག་ལེ་ལུས་ཀྱི་ཕྱི་ནང་གསང་གསུམ་ལ་བཀྲམ་པའི་སྐབས་ཀྱི་བདེ་བ་ལ་མ་ནང་གི་བདེ་བ་ཟེར་བ་རེད། ཕོ་བདེ་ལ་བདེ་བའི་ཟུག་གཟེར་ཆེ་བ་དང་མོ་བདེ་ལ་བདེ་བའི་ཟུག་གཟེར་ཆུང་བ། མ་ནང་གི་བདེ་བ་དེ་བདེ་བ་ཆེ་ཞིང་འཇམ་ཟེར་བ་རེད།

5-TibetTiems

དྲི་བ། དོན་འགྲུབ་བཀྲ་ཤིས། ཁྱེད་རང་གི་གསུང་སྟངས་བྱས་ན། སྐྱེས་པ་སྔགས་ཉམས་ལེན་བྱེད་མཁན་ཡིན་ན་མཐའ་མར་རིག་མ་བསྟེན་དགོས་པ་དང་། བུད་མེད་སྔགས་ཉམས་ལེན་བྱེད་མཁན་ཡིན་ནའང་དེ་བཞིན་དུ་མཐའ་མར་ཁྱོ་ག་བསྟེན་དགོས་ཚུལ་གསུངས་སོང་། རབ་ཏུ་བྱུང་བའི་དགེ་སློང་དང་དགེ་སློང་མ་ཚོས་ལུས་འབྲེལ་བྱས་ན་སྡོམ་པ་ཤོར་ཡོད་པ་མ་རེད་དམ།

ལན། སྤྲུལ་སྐུ་བློ་བཟང་། སྔགས་ཉམས་ལེན་བྱེད་མཁན་ཞིག་ལ་མཚོན་ན། མགོའི་ནང་སྟོང་ཉིད་ཀྱི་མྱོང་བ་དང་། སྙིང་ལ་སྙིང་རྗེ་ཡི་ཚོར་བ། ལུས་རྩ་རླུང་ལ་དབང་ཐོབ་པ་བཅས་ལ་དབང་གསུམ་ཐོབ་པ་ཟེར་བ་རེད། ཚད་གཞི་དེ་ལ་སླེབས་སྐབས་ངེས་པར་དུ་ཕོ་མོའི་སྦྱོར་བ་བྱེད་དགོས་པ་རེད། རྩ་བའི་བླ་མས་ཀྱང་རང་གི་སློབ་མའི་རྟོགས་པ་དང་ནུས་པར་བརྟག་དཔྱད་བཏང་སྟེ་ཚད་བསླེབས་ཡོད་ན་རིག་མ་བསྟེན་དགོས་པའི་བཀའ་གནང་གི་རེད།

རང་གི་ལུས་ལྷ་ཡི་འདུ་ཤེས་དང་ངག་ངག་གི་འདུ་ཤེས། སེམས་ཆོས་ཀྱི་འདུ་ཤེས་བཅས་འདུ་ཤེས་གསུམ་ཡ་མ་བྲལ་བའི་ཐོག་ལ། ཐིག་ལེ་ཕབ་ལ་ལ་མཁས་པ་དང་། ཐིག་ལེ་འཛིན་པ་ལ་མཁས་པ། ཐིག་ལེ་ཡར་འདྲེན་པ་ལ་མཁས་པ། ཐིག་ལེ་བཀྲམས་པ་ལ་མཁས་པ་བཅས་མཁས་པ་བཞི་དང་ལྡན་པའི་སྐབས་ལ་རིག་མ་བསྟེན་ཏེ་སྦྱོར་བ་བྱས་ཀྱང་སྡོམ་པ་ཤོར་ཡོད་པ་མ་རེད། ཡིན་ནའང་སྦྱོར་བ་བྱེད་ས་དེ་སྤྱིར་བཏང་གི་མི་དཀྱུས་མ་དེ་འདྲ་མ་ཡིན་པར། ཕྱི་ནང་གསང་གསུམ་དང་ལུས་ངག་ཡིད་གསུམ་ཚད་ལོན་པ་ཞིག་དགོས་པ་རེད། འཁྲིག་པ་སྤྱོད་སྐབས་ཐིག་ལེ་ཐིགས་པ་གཅིག་ཀྱང་ཕྱི་ལ་འཆོར་ཉན་གི་མ་རེད།

རྗེ་རིན་པོ་ཆེ་མཆོག་ལ་མཚོན་ན་ཡང་གསང་ཡུམ་བསྟེན་ཡོད་དང་མེད་ཀྱི་བཤད་ཚུལ་སྣ་ཚོགས་ཡོད་པ་རེད། རྗེ་རིན་པོ་ཆེ་ཚེ་གཅིག་ལ་སངས་རྒྱས་ཡོད་ཀྱང་། ལུས་གཅིག་ལ་སངས་རྒྱས་པའི་མཛད་པ་བསྟན་ཡོད་པ་མ་རེད། གང་ཡིན་ཟེར་ན། རིག་མ་བསྟེན་ཡོད་པ་མ་རེད་ཟེར་མཁན་ཡང་ཡོད་པ་རེད། སྔགས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་རྟོགས་པ་གང་ལ་གང་འཚམ་ལ་བསླེབས་པའི་སྐབས་སུ་ངེས་པར་དུ་རིག་མ་བསྟེན་དགོས་པ་རེད། རིག་མ་མ་བསྟེན་ན་སྔགས་ཀྱི་དམ་ཚིག་ལ་འགལ་ཡོད་པ་རེད།

སྔགས་ཆོས་ཉམས་སུ་བླངས་ཏེ་འཁྲིག་པ་སྤྱོད་མཁན་སུ་ཞིག་ཡིན་ཡང་ཧ་ཅང་གཟབ་གཟབ་བྱེད་དགོས་ཀྱི་ཡོད་པ་རེད། ཆོས་ཉམས་སུ་ལེན་སྐབས་གང་ཟག་སྒེར་མཚན་དུ་བྱས་ན་འགྲིག་གི་ཡོད་ཀྱང་། བསྟན་པ་སྤྱི་མཚན་ལ་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་གནོད་ཀྱི་ཡོད་ན། རིག་མ་དང་ལྷན་དུ་གནས་དབེན་པ་སུ་གང་གིས་མི་མཐོང་སར་སོང་སྟེ་ཆོས་ཉམས་ལེན་བྱེད་པ་དང་། ཡང་ན་དགེ་སློང་གི་ཆ་བྱད་བསྒྱུར་ཏེ་སྐྱ་བོའི་ཆས་སུ་ཞུགས་ནས་ཉམས་ལེན་བྱེད་དགོས་པ་རེད། དཔེར་ན། སྔོན་ཆད་བྲམ་སེ་(གྲུབ་ཆེན)ས་ར་ཧཱ་དཔལ་ན་ལེན་ཊར་བཞུགས་སྐབས། ཡེ་ཤེས་ཀྱི་ལྷ་མོ་དང་མི་མ་ཡིན་སོགས་ཡོང་སྟེ་ཁོའི་བཞུགས་གནས་སུ་སྐད་རྒྱག་གི་ཡོད་པ་ཕྱི་ལོགས་ནས་ཐོས་ཏེ། ན་ལེན་ཊའི་དགེ་བསྐོས་ནང་དུ་ཡོང་སྐབས་མི་གཅིག་ཀྱང་མཐོང་རྒྱུ་མེད་པ་དང་། རྗེས་ལ་ས་ར་ཧཱ་ན་ལེན་ཊ་ནས་ཕྱིར་འཕུད་བཏང་བའི་སྒྲུང་དེ་འདྲ་ཡོད་པ་རེད། གྲུབ་ཆེན་ས་ར་ཧཱ་ཡིས་རིག་མ་བསྟེན་པའི་རྗེས་ལ། “ང་སྔོན་ཆད་དགེ་སློང་རྣམ་དག་མིན། ད་ལྟ་ང་དགེ་སློང་རྣམ་དག་ཡིན།” ཞེས་གསུངས་པ་རེད་ཟེར་བའི་བཤད་སྲོལ་ཡོད་པ་རེད།

ཡིན་ནའང་གཏུམ་མོ་སྒོམ་པ་དང་ཐིག་ལེ་ཡར་འདྲེན་སོགས་སྔགས་ཀྱི་ནུས་པ་གང་ཡང་མེད་པར། ངས་གསང་སྔགས་ཉམས་སུ་ལེན་གྱི་ཡོད་ཅེས་ཁྱོ་ག་སྐྱེས་དམན་བསྟེན་ཏེ་འཁྲིག་པ་སྤྱད་ན། དེ་ནི་འཇིག་རྟེན་རྒད་པོ་རྒན་མོས་འཁྲིག་པ་སྤྱོད་སྟངས་དང་གཅིག་པ་རེད། དེ་ལ་སྡུག་པ་མ་གཏོགས་དགེ་པའི་ནུས་པ་གང་ཡང་ཡོད་པ་མ་རེད།

6-TibetTimes

དྲི་བ། དོན་འགྲུབ་བཀྲ་ཤིས། གོང་དུ་ཁྱེད་ཀྱིས་ཐིག་ལེ་ཕབ་སྟངས་ལ་གཏུམ་མོ་སྒོམ་པ་དང་རིག་མ་སྒོམ་པ། ལག་པའི་ཕྱག་རྒྱ། དེ་བཞིན། རྫས་དང་སྔགས་སོགས་ལ་བརྟེན་ཏེ་བདེ་བ་ཕབ་ཐུབ་ཀྱི་ཡོད་སྐོར་བརྗོད་བྱུང་། དེས་ན་ངེས་པར་དུ་རིག་མ་བསྟེན་དགོས་དོན་གང་ཡིན་ནམ།

ལན། སྤྲུལ་སྐུ་བློ་བཟང་། འདི་ལ་བཤད་སྟངས་སྣ་ཚོགས་ཡོད་པ་རེད། ཁ་ཤས་ཀྱིས་རིག་མ་མ་བསྟེན་པར་གཏུམ་མོའི་དྲོད་དང་རྩ་རླུང་སྒོམ་པ་སོགས་ལ་བརྟེན་ཏེ་སྟོང་ཉིད་རྟོགས་པ་དང་སངས་རྒྱས་ཀྱི་ས་རུ་བགྲོད་ཐུབ་པ་རེད་ཟེར་མཁན་ཞིག་དང་། ཡང་ཁག་ཅིག་གིས་མཐར་ཐུག་གི་བདེ་སྟོང་ངོ་བོ་དབྱེར་མེད་དུ་འཆར་བ་ལ་བདེ་བ་ཤུགས་ཆེན་པོ་ཞིག་དགོས་པ་དང་། ཕོ་མོའི་འཁྲིག་སྤྱོད་ཀྱི་བདེ་བ་དེ་གཏུམ་མོའི་དྲོད་དང་དམིགས་པ་སྒོམ་པ། ལག་པའི་ཕྱག་རྒྱ་སོགས་ལས་ཀྱང་བདེ་བ་ཤུགས་ཆེ་སྟབས། སྔགས་ཉམས་སུ་ལེན་སྐབས་ངེས་པར་དུ་རིག་མ་བསྟེན་དགོས། གང་ཡིན་ཟེར་ན། ནང་གི་རྣལ་འབྱོར་གྱིས་རྒྱུ་བྱས་ཤིང་། ཕྱིའི་སྦྱོར་བ་བྱེད་པས་རྐྱེན་བྱས་ན་བདེ་བ་ཤུགས་ཆེ་ཤོས་དེ་འཕེལ་བ་དང་། བདེ་བ་ཤུགས་ཆེ་ཤོས་དེས་རླུང་གི་རྒྱུ་བ་ཐམས་ཅད་འཛིན་ཐུབ་པ་དང་། དེ་ལ་བརྟེན་ཏེ་རྣམ་རྟོག་ཐམས་ཅད་རང་འགགས་སུ་སོང་སྟེ། བདེ་སྟོང་དབྱེར་མེད་ཀྱི་ངོ་བོ་མངོན་དུ་འགྱུར་ཐུབ་ཟེར་བ་རེད། རིག་མ་བསྟེན་པའི་བསྟེན་མཚམས་ཐད་དགེ་ལྡན་པ་དང་རྙིང་མ་བ། བཀའ་བརྒྱུད་སོགས་ལ་ཤོད་སྟངས་མ་འདྲ་བ་རེད། དགེ་ལྡན་པ་ལྟ་བུར་མཚོན་ན། རིག་མ་དེ་མཐའ་མའི་བོགས་འབྱེད་ལྟ་བུར་བསྟེན་དགོས་གསུངས་ཡོད་པ་རེད།

ངེད་གཉིས་རིག་མ་རིག་མ་ལབ་པ་མ་གཏོགས་ཕོ་མོ་གཉིས་ཀ་གཅིག་པ་རེད། སྔགས་ཉམས་ལེན་བྱེད་མཁན་ཕོ་ཡིན་ན་སྐྱེས་དམན་བསྟེན་དགོས་པ་དང་། མོ་ཡིན་ན་ཁྱོ་ག་བསྟེན་དགོས་པ་གཅིག་པ་རེད། དཔེར་ན། མ་གཅིག་ལབ་སྒྲོན་ལྟ་བུར་མཚོན་ན། ཐོག་མ་དགེ་སློང་ཡིན་ནམ་དགེ་ཚུལ་ཡིན། གང་ལྟར་སྡོམ་པ་བླངས་ཡོད་ས་རེད། ཡིན་ནའང་རྗེས་ལ་སྔགས་ཉམས་ལེན་བྱས་ཏེ་རྟོགས་པ་གང་འཚམས་ལ་བསླེབས་སྐབས། རྒྱ་གར་གྱི་གྲུབ་ཆེན་ཕ་དམ་པ་བོད་དུ་ཕེབས་པའི་སྐབས་དང་བསྟུན་ཏེ། མོ་རང་གི་རྩ་བའི་བླ་མས་ཕ་དམ་པ་གསང་ཡབ་ལ་བསྟེན་དགོས་གསུངས་སྐབས། ཐོག་མ་མོ་རང་གིས་མོས་མཐུན་གནང་མེད་ཀྱང་རྗེས་ལ་བླ་མའི་བཀའ་བཞིན་ཕ་དམ་པ་གསང་ཡབ་ལ་བསྟེན་པ་རེད། ཁོང་ཡབ་ཡུམ་གཉིས་ཀྱིས་སྦྱོར་བ་བྱེད་སྐབས་ཁྱིམ་མཚེས་ཚོས་མཐོང་ནས་དད་ལོག་བྱས་ཀྱང་རྗེས་ལ་གནམ་མཁའ་ནས་མཇའ་ཤར་བ་སོགས་ཀྱི་རྟགས་མཚན་ཡ་མཚན་དེ་འདྲ་བྱུང་བའི་གཏམ་བརྒྱུད་ཡོད་པ་རེད། རྗེས་ལ་མ་གཅིག་ལབ་སྒྲོན་ལ་བུ་རྒྱུད་ཀྱང་བྱུང་ཡོད་པ་རེད།

དྲི་བ། དོན་འགྲུབ་བཀྲ་ཤིས། བོད་ཀྱི་ནང་ཆོས་ནང་དུ་གསང་སྔགས་ཟེར་བ་ཞིག་ཡོད་པ་དེ་གསང་བ་བྱེད་པ་ལས་ཁྱབ་བསྒྲགས་བྱེད་རྒྱུ་ཞིག་མིན་པ་འདྲ། ཁྱོད་རང་དེའི་ཐད་དགོངས་ཚུལ་གང་འདྲ་ཡོད།

ལན། སྤྲུལ་སྐུ་བློ་བཟང་། གསང་སྔགས་ཟེར་བ་དེ་སྣོད་མིན་ལ་ ‘གསང་བ’ དང་། སྣོད་ལྡན་ལ་ ‘སྔགས་པ’ ཟེར་བའི་དོན་རེད། ཡུལ་དུས་མི་འཚམས་པ་དང་། སྣོད་མི་འཚམས་པ། བློ་མི་འཚམས་པ་སོགས་ལ་གསང་བ་བྱེད་དགོས་པ་དང་། བསླབ་པ་སློབ་གཉེར་གྱི་གནས་ཚད་མཐོན་པོར་བསླེབ་པའི་ཁ་ཐུག་ལ་གསང་བ་མན་ངག་དེ་དག་ལག་ལེན་བསྟར་དགོས་གསུངས་ཡོད་པ་རེད། ད་དུང་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་ཟེར་བ་སོགས་བླ་མ་དང་སློབ་མ་བྱས་ཏེ། ངག་བརྒྱུད་ནས་འགྲོ་དགོས་པ་ལས་ཡིག་ཐོག་ཏུ་མེད་པ་སོགས་མང་པོ་ཡོད་ཀྱང་། ང་རང་གི་ལྟ་སྟངས་བྱས་ན། གསང་སྔགས་ཟེར་བ་དེ་དག་གསང་བ་བྱས་ཏེ་འཇོག་དགོས་པ་ཞིག་མ་རེད་བསམ་གྱི་འདུག ད་ལྟའི་དུས་ཚོད་འདི་ལ་གསང་བ་བྱས་ཏེ་གསང་ཐུབ་པ་ཞིག་ཀྱང་མ་རེད། གསང་སྔགས་ཀྱི་དེབ་ག་རེ་དགོས་ཀྱང་ག་ས་གང་ནས་རེག་གི་ཡོད་པ་རེད།

ཕྱི་རྒྱལ་བ་ཚོར་མཚོན་ན་གསང་བ་ཟེར་བ་དེ་ལ་དགའ་བོ་བྱེད་པ་མ་རེད། སྡུག་ཅག་ཅིག་བྱས་ཡོད་ཀྱང་གསང་བ་མ་བྱས་པར་བཤད་བཞག་ན་ཡག་པོར་རྩི་བ་རེད། ཨེ་ཤ་ཡའི་མི་རིགས་ཚོ་དང་། ལྷག་པར་དུ་བོད་པ་ཚོར་མཚོན་ན། ནོར་འཁྲུལ་རེ་ཤོར་ན་སྦེད་ཅི་ཐུབ་དང་གསང་ཅི་ཐུབ་བྱེད་པ་རེད། བོད་པ་ཚོས་སྐྱོན་དང་ནོར་འཁྲུལ་རིགས་སྦ་གསང་བྱས་ཏེ་གཡོལ་ཐབས་བྱེད་པ་དང་ཕྱི་རྒྱལ་བ་ཚོས་བཤད་ནས་འདག་ཐབས་བྱེད་པ་རེད།

སྤྱིར་བཏང་སྔགས་བཤད་པའི་སྐབས་སུ་ལུས་བཤད་ཀྱི་ཡོད་པ་རེད། ལུས་བཤད་པའི་སྐབས་སུ་ཕོ་མོའི་ཁམས་དཀར་དམར་བཤད་དགོས་པ་རེད། ཁམས་དཀར་དམར་བཤད་སྐབས་དེང་རབས་ཀྱི་བཤད་སྟངས་དང་ཁ་གསལ་བོ་བྱས་ཏེ་ཞུས་ན། ཕོ་མོའི་ལུས་འབྲེལ་དང་ཆགས་སྲེད་རིགས་མ་བཤད་པར་ཡོང་ཐབས་ཡོད་པ་མ་རེད། ཚིག་སྦྱོར་སྤེལ་སྟངས་དང་མིང་འདོག་སྟངས་མ་འདྲ་བ་རེད་མ་གཏོགས། གསང་སྔགས་ནང་དུ་འདོད་ཆགས་སྤྱོད་པ་དང་། འཁྲིག་སྤྱོད་སོགས་འདོད་པའི་བསྟན་བཅོས་ཆ་ཚང་བ་ཞིག་བསྟན་ཡོད་པ་རེད། ད་དུང་ཧ་ཅང་གཏིང་ཟབ་མོ་ཞེ་དྲགས་གསུངས་ཡོད་པ་རེད། ཆགས་སྲེད་འབར་དུ་འཇུག་པ་དང་། མཐའ་ན་མཚན་མ་ལ་བཟོ་ལྟ་བཟོ་སྟངས། འཇིབ་ལྡག་བྱེད་སྟངས་ཚུན་ཆད་ཡོད་པ་རེད། དེང་སྐབས་འཁྲིག་སྤྱོད་སྐོར་གྱི་དེབ་དང་གློག་བརྙན་འདྲ་མིན་ཡོད་ནའང་། བོད་པའི་གསང་སྔགས་ནང་གི་ལུས་སེམས་གཉིས་ཀྱི་བདེ་བ་མྱོང་སྟངས་དེ་ལྟ་བུའི་གཏིང་ཟབ་མོ་ཞིག་ཧ་ལམ་ཡོད་པ་མ་རེད་བསམ་གྱི་འདུག

དཔེར་ན། གཏུམ་མོ་ལ་རང་ལུས་ལ་བརྟེན་པའི་གཏུམ་མོ་དང་གཞན་ལུས་ལ་བརྟེན་པའི་གཏུམ་མོ་རིགས་གཉིས་ཡོད་པ་ལས། རང་ལུས་ལ་བརྟེན་པའི་གཏུམ་མོ་ལ་དམིགས་པ་བསྒོམས་ཏེ་གཏུམ་མོའི་དྲོད་སྐྱེད་སྟངས་ཤིག་དང་། སོ་སོའི་ལག་པས་གསང་གནས་འཕུར་མཉེད་བྱས་ཏེ་གཏུམ་མོའི་དྲོད་སྐྱེད་སྟངས་ཤིག་ཡོད་པ་རེད། གཞན་ལུས་ལ་བརྟེན་པའི་གཏུམ་མོ་དེ་རིག་མ་བསྟེན་པ་སོགས་རེད། རིག་མ་བསྟེན་སྐབས་ཐོག་མ་བུད་མེད་དེ་དང་ཁྱེད་གཉིས་ཀྱི་འབྱུང་ཁམས་མཐུན་མིན་དང་། གསང་གནས་ཆེ་ཆུང་འགྲིག་མིན། དེ་བཞིན། བུད་མེད་རིགས་གང་གི་ཁོངས་སུ་གཏོགས་པ། དེའི་གསང་གནས་ཀྱི་ཟབ་ཚད་དང་། བདེ་བ་འཕེལ་བའི་གནད་རྩ་གང་དུ་ཡོད་པ་སོགས་ལ་བརྟག་དགོས་པ་རེད། དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་ཆོས་ནང་ཁོ་རང་གིས་དངོས་སུ་མྱངས་པའི་ཉམས་མྱོང་དང་རྒྱ་གར་གྱི་འདོད་པའི་བསྟན་ཆོས་ཀྱི་གཞུང་དེ་འདྲ་བཀོད་ཡོད་གསུང་གི་ཡོད་པ་རེད་དེ། མདོ་བསྡུས་ན། དགེ་འདུན་ཆོས་འཕེལ་དང་འཇུ་མི་ཕམ་སོགས་ཀྱི་འདོད་པའི་བསྟན་ཆོས་དེ་དག་ཀྱང་སྔགས་ཀྱི་ནང་གི་ཆ་ཤས་ཙམ་རེད།

དྲི་བ། དོན་འགྲུབ་བཀྲ་ཤིས། ཁྱེད་རང་ལ་མཚོན་ན། རྩ་རླུང་འཕྲུལ་འཁོར་དང་སྔགས་ཉམས་ལེན་གྱི་གནས་ཚད་ག་འདྲ་ཞིག་ལ་བསླེབས་ཡོད་དམ།

8-TibetTimesལན། སྤྲུལ་སྐུ་བློ་བཟང་། ང་རང་ཚད་དང་ནུས་པ་གང་ལའང་བསླེབས་ཡོད་པ་མ་རེད། རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་རེད། ང་རང་ཆུང་དུས་ནས་ལུས་རྩལ་ལ་དགའ་བ་དང་། རིམ་གྱིས་ནང་པའི་གཞུང་ལ་སློབ་སྦྱོང་ཏོག་ཙམ་རེ་བྱས་པ་དང་མཉམ་དུ་རྩ་རླུང་འཕྲུལ་འཁོར་ཏོག་ཙམ་རེ་སྦྱངས་བ་རེད་མ་གཏོགས་རྩ་རླུང་སྒོམ་སྒྲུབ་ཀྱི་རྟོགས་པ་གང་ཡང་ཡོད་པ་མ་རེད། ཡིན་ནའང་འཕྲུལ་འཁོར་གྱི་ཐོག་ནས་ངས་གོང་དུ་ཞུས་པ་ལྟར། མིའི་གཟུགས་པོའི་འཕྲོད་བསྟེན་ཐོག་ལ་ནུས་པ་གང་ལ་གང་འཚམ་འཐོན་པ་ཞིག་དང་། སློབ་མ་དེ་ཚོར་སློབ་ཁྲིད་བྱེད་སྐབས་གཞུང་ལུགས་དང་སོ་སོའི་ཉམས་མྱོང་གང་ཐད་ནས་ཏོག་ཙམ་བཤད་ཐུབ་པ་ཞིག་པ་རེད། དེས་གང་ལ་གང་འཚམ་མི་གཞན་ལ་ཕན་ཐོགས་ཀྱི་ཡོད་པ་ཞིག་ཏན་ཏན་རེད་བསམ་གྱི་ཡོད།

ངས་དེ་རིང་ཁྱེད་ལ་བཤད་པ་འདི་དག་རགས་བཤད་དང་། སྤྱིར་བཏང་གི་ཁ་བརྡ་གནས་སྐབས་སེམས་ལ་གང་དྲན་པ་དེ་རེད། རྩ་བའི་ཆ་ནས་གསང་སྔགས་ཉམས་སུ་བླངས་ཏེ་རྟོགས་པ་དང་ནུས་པ་ཚད་མཐོན་པོར་བསླེབ་རྒྱུ་དེ་ལས་སླ་བོ་ཞིག་རྩ་བ་ནས་མ་རེད། ཕོ་མོའི་སྦྱོར་བའི་རིགས་འདི་དག་ཀྱང་སྔགས་ཀྱི་ནང་གི་ཆ་ཤས་ཙམ་ཞིག་རེད། གསང་སྔགས་དེ་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཞེ་དྲགས་རེད། ཡིན་ནའང་རྩ་རླུང་འཕྲུལ་འཁོར་རྩེད་དེ་གཏུམ་མོའི་དྲོད་ཙམ་སྐྱེད་རྒྱུ་དེ་དཀའ་ལས་ཁག་པོ་གང་ཡང་མ་རེད། དགེ་རྒན་ཡག་པོ་ཞིག་བསྟེན་པ་ཡིན་ན་ཧ་ལམ་བདུན་ཕྲག་གཅིག་གཉིས་ནང་གྲུབ་འབྲས་འཐོན་ཐུབ་པ་ཞིག་རེད། ང་ཚོའི་སངས་རྒྱས་པའི་ཆོས་འདི་དེ་འདྲའི་ཡ་མཚན་ཞིག་ཡོད་པ་རེད། སངས་རྒྱས་ཀྱིས་ངའི་གསང་སྔགས་ཀྱི་ཆོས་འདི་བློ་གཅིག་སེམས་གཅིག་གིས་ཉི་མ་གཅིག་ལ་ཉམས་སུ་བླངས་ཀྱང་གྲུབ་འབྲས་ཏོག་ཙམ་མ་འཐོན་ན་ངས་བཤད་པ་ཐམས་ཅད་རྫུན་ཡིན་གསུངས་ཡོད་པ་རེད། དེ་དངོས་ཡོད་གནས་ཚུལ་རང་རེད།

མཚན་པ་དང་པོ་སྤྲུལ་སྐུ་བློ་བཟང་དམ་ཆོས་ཉི་མ་མཆོག་གི་ལས་དོན་དང་ལོ་རྒྱུས་སྐོར་ཚེས་ ༦ ཉིན་སྤེལ་ཡོད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

གསལ་བཤད།

༡) གུག་རྟགས་ནང་གི་ཡི་གེ་རྣམས་གསར་འགོད་པའི་མཆན་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 16

  1. སྤྲུལ་སྐུ་བློ་བཟང་ says:
    ལོ་ 9 སྔོན།

    བཀུར་བར་འོས་པའི་ཡང་སྟེང་སྤྲུལ་སྐུ་མཆོག་གི་དྲུང་དུ།

    ཞུ་གསོལ།
    ཉེ་སྔོན་བདག་གིས་བོད་ཀྱི་དུས་བབས་གསར་འགོད་པ་བཀྲ་ཤིས་དོན་འགྲུབ་དང་མཉམ་དུ་དྲི་བ་དྲི་ལན་ཀྱི་ལམ་ནས་རྩ་རླུང་འཕྲུལ་འཁོར་ཐོག་ནས་བགྲོ་གླེང་མདོ་ཙམ་བྱས་པའི་སྐོར་ལ་ཉིད་ཀྱིས་དགོངས་འཆར་དང་དྲི་བ་མི་ཉུང་ཞིག་པ་བཏོན་པར་སྙིང་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། འོན་ཀྱང་། དྲི་ལན་དུས་ལྟར་ཕུལ་ཐུབ་མ་སོང་པས་དགོངས་འགལ་མེད་པར་མཁྱེན།
    གནས་སྐབས་ཉིད་ཀྱིས་དྲི་བ་ཞིག་བཏོན་ཡོད་པ་མ་ཤེས་ཤིང་། ཧ་གོ་སྐབས་ང་རང་ས་གནས་གཞན་ལ་ཡོད་པས་དྲི་ལན་ཐད་ཀར་ཁུངས་དང་བཅས་པ་ཞིག་ཕུལ་ཐབས་མ་བྱུང་། ཁ་སང་ཁུངས་དེ་བཙལ་ནས་རྙེད་པས་དགའ་བ་དང་བཅས་ཁྱེད་ལ་ཕུལ་བ་ཡིན།
    དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་ཤིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བཏོན་པ།
    སྟག་ཚང་ལོ་ཙྭ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ་པོད་དྲུག་པའི་ཤོག་གྲངས་༢༦༦ནང་ལ། མདོ་སྡེའི་ཕྱོགས་ནས་ལུས་དྲན་པ་ཉེར་བཞག་གི་སྐབས་སུ། ལུས་ལ་མི་གཙང་བའི་རྫས་སོ་གཉིས་འདུས་ཚུལ་རྒྱས་པ་དང་། དགའ་བོ་མངལ་འཇུག་དང་། མངལ་གནས་མདོར། ལུས་ཀྱི་རུས་པ་དང་ཚིགས་དང་། རྩའི་དབྱེ་བ་སོགས་བཤད་ཀྱང་། ནང་གི་རྩ་འཁོར་དང་ཁམས་ཀྱི་གནས་ཁྱད་པར་ཅན་ལ་སོགས་པ་ཅུང་ཟད་ཀྱང་བཤད་པ་མེད་ལ། བྱ་སྤྱོད་ཀྱི་མེར་གནས་བསམ་གཏན་ལ་སོགས་པའི་སྐབས་སུ། གནས་ཁྱད་པར་ཅན་ཅུང་ཟད་དང་། རྣལ་འབྱོར་རྒྱུད་ཀྱི་སྙིང་གའི་བདག་འཇུག་ལ་སོགས་པར་དེ་བས་ཆེས་གསལ་བ་དང་། འདུས་པ་བདེ་མཆོག་ཀྱཻ་རྡོར་སོགས་སུ་ཇེ་གསལ་དང་། ཁྱད་པར་འདི་ཉིད་དུ་ཆེས་ཤིན་ཏུ་གསལ་ཞིང་རྒྱས་པར་གསུངས་པའི་ཕྱིར་ན། མདོ་སྡེའི་ཕྱོགས་ལ་སེམས་སྦྱོང་བའི་ཐེག་པ་དང་། རྒྱུད་སྡེའི་ཕྱོགས་ལ་ལུས་སྦྱོང་བའི་ཐེག་པ་ཞེས་བྱ་བར་རིགས་ཤིང་། ཞེས་གསུངས་འདུག་ན། དེ་ངས་སྡོམ་ཆེན་མོ་ཞིག་ཏུ་འདོད་ཀྱིན་ཡོད་ལ། གཞན་གྱིས་གོ་བདེ་བོ་དང་། རང་གིས་ཤོད་བདེ་བོ་ཞིག་ཀྱང་འདུག་པས་བདག་གིས་མཚམས་མཚམས་སུ་བཀོལ་སྤྱོད་བྱས་དང་བྱེད་ཀྱིན་ཡོད། ཅེས་སྤྲུལ་སྐུ་བློ་བཟང་ནས་གུས་བས་ཕུལ།། །།

    Reply
  2. བློ་བཟང་དར་རྒྱས། says:
    ལོ་ 9 སྔོན།

    ང་སྔོན་ཆད་རིན་པོ་ཆེ་འདི་ལ་ལྟ་སྟངས་མཐོང་སྟངས་ཡག་པོ་དེ་ཙམ་མེད། དེང་སྐབས་བོད་པའི་རིག་གཞུང་གི་བཀའ་དྲིན་ཐུགས་རྗེ་འོག་ཕྱི་རྒྱལ་མགོ་སེར་ཚོར་མགོ་སྐོར་གཏོང་མཁན་མང་པོ་ཡོད་པ་མ་ཚད། དེ་དག་གིས་བོད་པའི་སྐྱིད་སྡུག་དྲན་པའི་ཡུལ་ནས་བརྗེད་དེ་མི་བཤད་དགུ་བཤད་དང་མི་བཅའ་དགུ་བཅའ་བྱེད་ཀྱི་ཡོད་རེད། སྔོན་ཆད་མི་གཞན་ཞིག་དང་ལྷན་དུ་གཉན་རྩེ་སྤྲུལ་སྐུའི་སྐོར་ལ་ཁ་བརྡ་བཤད་སྐབས་ཁོ་རང་གིས་ཀྱང་སྐྱོན་བརྗོད་བྱེད་པ་ལས་གཉན་རྩེ་ཚང་ལ་འདི་ལྟ་བུའི་ཡོན་ཏན་ཞིག་གླེང་མ་སོང་། ཡིན་ནའང་ད་རེས་རིན་པོ་ཆེ་ཧ་ཅང་གསལ་བོ་དང་བློ་ལ་འབབ་པོ་བྱུང་། ལྷག་དོན་དུ་ང་རང་ཆེས་དགའ་ས་དེ་རིན་པོ་ཆེ་མཆོག་གིས་ངོ་ཚ་དང་འཚེར་སྣང་རིགས་སྤངས་ཏེ་འཛེམ་ཟོན་མེད་པར་ཞལ་སངས་པོའི་གསང་སྔགས་ལ་འགྲེལ་བཤད་གནང་སྟངས་དང་། ཕྱི་རྒྱལ་དུ་ཡོད་པའི་བོད་པ་བཙན་བྱོལ་བ་ཚོ་དང་རྒྱ་གར་ནང་གི་བོད་མི་ཚོར་སོ་སོས་གང་གནང་ཐུབ་པ་དེ་གནང་བ་དེ་བསྔགས་བརྗོད་ཞུ་འོས་པ་ཡིན་པའི་མི་ཚད་རིན་པོ་ཆེ་མཆོག་རང་ཉིད་ལ་མཚོན་ནའང་མ་འོངས་པའི་ལོ་རྒྱུས་ནང་དུའང་གཟི་བརྗིད་ཆེན་པོ་ཞིག་ཆགས་པ་རེད། ཐུགས་རྗེ་ཆེ།

    Reply
  3. རིག་འཛིན། says:
    ལོ་ 9 སྔོན།

    ཁངས་རིལ་རྦབ་ཏུ་སྒྲིལ་གྱིན་སྒྲིལ་གྱིན་ཇེ་ཆུང་། ཞེས་པའི་གཏམ་དཔེ་ལྟར་རྩོད་གཞི་ཇེ་ཆུང་ནས་ཁ་དོག་ཇེ་མོག་རེད། རྩ་བའི་ཆ་ནས་ཀྱང་འདི་ལ་འགལ་བ་ཆེན་པོ་ཞིག་དང་རྩོད་གཞི་གཏིང་ཟབ་ཅིག་ཡོད་པ་མཐོང་མ་སོང་ངོ།།

    Reply
  4. ཡང་སྟེང་སྤྲུལ་སྐུ། says:
    ལོ་ 9 སྔོན།

    ཀརྨ་བསྟན་སྐྱོང་དབང་པོ་ལགས། ༼ ནང་ཆོས་ལ་མཚན་ཉིད་ཐེག་པ་དང་སྔགས་ཀྱི་ཐེག་པ་ཞེས་པ་ཞིག་ཡོད་པ་རེད། མཚན་ཉིད་ཐེག་པ་དེ་སེམས་ཀྱི་ཐེག་པ་དང་། སྔགས་ཀྱི་ཐེག་པ་དེ་ལུས་ཀྱི་ཐེག་པ་ཡིན་ཟེར་གྱི་ཡོད་པ་རེད། ༽ ཅེས་པ་འདི་སྤྲུལ་སྐུ་བློ་བཟང་ཁོང་ཉིད་ཀྱི་ཚིག་རེད། མཚན་ཉིད་ཐེག་པ་དང་ཕར་ཕྱིན་ཐེག་པ་དང་རྒྱུ་ཡི་ཐེག་པ་བཅས་དོན་གཅིག་ཡིན་པ་ཆོས་བརྒྱུད་བཞི་ཀ་གཅིག་གྱུར་རེད། མཆན་འགོད་མཁན་ཚང་མས་ངས་དྲི་བ་དེར་ལན་འདེབས་ན་ལེགས་པ་ལས་ཁ་རྩོད་བརྒྱབ་ན་དོན་དུ་རང་ལའང་ཕན་ཐོགས་མེད། ངས་དྲི་ས་ནི་སྤྲུལ་སྐུ་ཁོང་རང་ལ་ཡིན། གཅིག་སྟེ་ལན་བཏབ་འདོད་པ་ཡོད་ན། མཚན་ཉིད་ཐེག་པ་ལ་སེམས་ཀྱི་ཐེག་པ་ཞེས་སངས་རྒྱས་ཀྱི་རྩོད་མེད་གང་དུ་ཡོད་ཅེས་པ་སོགས་དྲི་བ་མང་པོ་ཁ་སྔོན་ནས་ཕུལ་དེ་དག་ཡིན་པས་དེ་དག་ལ་ཁུངས་འདི་དང་འདི་ཡོད་གསུངས་དཱ་རང་གཞན་ཚང་མ་ལ་ཕན་ཐོགས།

    Reply
  5. ཁུ་བྱུག says:
    ལོ་ 9 སྔོན།

    གསང་སྔགས་ཟེར་བ་དང་། ཐིག་ལེ་ཡར་འདྲེན་ཟེར་བ། གཏུམ་མོ་ཟེར་བ་སོགས་ད་སྔ་མང་པོ་གོ་མྱོང་ཡོད་ཀྱང་ད་བར་དོན་དག་འདི་རེད་བསམ་པ་གཅིག་ཀྱང་སེམས་ངོ་ན་མི་འདུག གོང་གི་བཅར་འདྲི་དེ་ཀློག་ནས་གང་ལ་གང་འཚམ་ཞིག་སེམས་ངོར་འཆར་སོང་བས་རྣམས་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  6. རིག་འཛིན། says:
    ལོ་ 9 སྔོན།

    བཙན་བྱོལ་ནང་གི་གསར་འགྱུར་དམ་དུམ་རིགས་ལ་སྙོབ་ནས་ཡོང་བཞིན་པའི་སྐབས་སུ། དུས་བབ་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་མཆོག་གི་གསར་འགྱུར་རིན་ཐང་ཅན་འདི་དག་ཀློག་ཡོང་སྐབས། བསྐྱར་དུ་གསར་འགྱུར་བ་རེ་བ་དང་ཡིད་ཆེས་སྐྱེ་ཡོང་གི་འདུག

    Reply
  7. ཀརྨ་བསྟན་སྐྱོང་དབང་པོ། says:
    ལོ་ 9 སྔོན།

    ཡང་སྟེང་སྤྲུལ་སྐུ་ཟེར་བ་དེ་དྲ་འབུ་ཞིག་གིས་གཞན་གྱི་མིང་བེད་སྤྱོད་བཏང་བ་རེད། གཅིག་བྱས་ན་སྐྱག་དྲི་ཁ་བའི་གྲུབ་མཐའི་ཕྱོགས་རིས་ཤིག་ཀྱང་ཡིན་སྲིད། མི་འདིས་མགོ་འཚོས་ལ་མ་འཚོས་དང་བཅར་འདྲི་ཞིབ་ཀློག་མ་བྱས་པའི་དྲི་བ་ཉི་ཚེ་བ་འདི་དག་གི་ལན་དམ་ཆོས་ཉི་མ་མཆོག་གི་བཀའ་སློབ་ནང་དུ་གསལ་བོར་བོར་གསུང་འདུག 1. ཁོང་གིས་ནང་ཆོས་ལ་འགྲེལ་བཤད་རྒྱག་སྟངས་ཙམ་གསུངས་ཡོད་པ་ལས་ཕར་ཕྱིན་དྲུག་དང་ཕར་ཕྱིན་ཐེག་པ་ཟེར་བ་ཞིག་མགོ་མཇུག་བར་གསུམ་གང་དུའང་གསུང་མི་འདུག འགྲེལ་བཤད་རྒྱག་སྟངས་ཆོས་ལུགས་ཆོས་བརྒྱུད་གཞན་དག་གི་རྗེས་འཇུག་པ་དང་མཁས་པོ་སོ་སོར་མི་འདྲ་བ་སྣ་ཚོགས་ཡོང་ཆོག་པ་དང་ཡོང་གི་ཡོད་པ་ཆོས་ཉིད་རེད། 2.སྤྲུལ་སྐུ་དམ་ཆོས་ཉི་མ་མཆོག་གི་བཀའ་ལན་ནང་རླུང་ཕྲ་རགས་གསུངས་ཡོད་པ་ལས་སེམས་ཕྲ་རགས་ཟེར་བ་ཞིག་གང་དུའང་གསུང་མི་འདུག སྤྱིར་བཏང་སེམས་ལ་ཕྲ་རགས་ཀྱི་འགྲེལ་ཚུལ་ཡོད། 3. འདི་ནས་དཔེ་ཡི་སྒོ་ནས་བཤད་ན། དོན་ཚན་བཅུ་ཙམ་གསང་བ་ཡིན་ན་གནས་སྐབས་འདི་རུ་གྲངས་ཀ་བཅུ་དེ་དག་ཚང་མ་བགྲང་དངོས་པའི་ངེས་པ་མེད། 4. སྔགས་ཉམས་ལེན་བྱེད་མཁན་ཕོ་མོ་གཉིས་ཀ་ཡིན་པ་དམ་ཆོས་ཉི་མའི་གསུང་གི་མཇུག་ཙམ་ན་གསལ་བོར་གསུངས་འདུག སྐད་ཆ་དེ་ཡང་དང་དབོར་དུ་བསྐྱར་ལྡབ་ཡང་ལྡབ་བྱེད་དགོས་དོན་མེད། 5. གསུང་རྒྱུའི་ཆོས་དང་སྒོམ་རྒྱུའི་ཆོས་དེ་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དང་ཆོས་ཆོས་སུ་ཉམས་ལེན་བྱེད་པ་ཁ་ཁར་འགྲེལ་པ་ཙམ་ལས་གཞན་དེ་གཉིས་ཁ་ཁ་རེད་གང་དུའང་གསུངས་མི་འདུག 6. ཡབ་ཡུམ་གྱི་སྦྱོར་བ་ལ་ངེས་པར་དུ་བསྟེན་དགོས་པ་གྲུབ་མཐའ་གཞན་དུ་འགྲེལ་ཚུལ་ཡོད་པ་ང་རང་གིས་ཀྱང་དེབ་འགའ་རེའི་ནང་དངོས་སུ་མཇལ་མྱོང་ཡོད། ཉམས་ལེན་བྱེད་ཕྱོགས་གྲུབ་མཐའ་སོ་སོར་འགྲེལ་སྟངས་མི་འདྲ་བ་ཡོད་པ་ལོང་པས་ཀྱང་ཁམས་གསུམ་མོ།། མཐའ་དོན་ཡང་སྤྲུལ་སྐུར་ཞུ་རྒྱུར། མཁས་པ་དང་སྤྲུལ་སྐུའི་མིང་གིས་བཏགས་པའི་རྗེས་ལ་གཞན་ལ་དགག་གཞག་སྤང་གསུམ་བྱེད་པར་ཞིབ་འཇུག་ཡག་པོ་དང་སྐབས་དང་དུས་འཚམས་པོ་རེད་དང་མ་རེད་ལ་དགོངས་པ་ཡག་པོ་བཞེས་པར་འཚལ།།

    Reply
  8. ཐབས་མཁས་རྒྱ་མཚོ། says:
    ལོ་ 9 སྔོན།

    བོད་ཀྱི་དུས་བབ་ཚང་ལ་བཀའ་དྲིན་སྐུ་དྲིན་ཆེ་ཞུ་བ་དང་། ང་རང་བོད་ཀྱི་དུས་བབ་ཚང་ལ་དགའ་སའི་གནད་ཀྱང་འདི་ལྟར་དྲི་བ་དྲིན་ཁ་གསལ་གཏིང་ཟབ་ཡོད་པས་ཡིན། ཡི་རངས་ཡོད་ལགས།
    དེ་ནས་ 《ཡབ་ཆོས་རྩ་རླུང་འཕྲུལ་འཁོར་གྱི་ལུས་སྦྱོང་ཐར་བའི་ལམ་ཆེན་བཞུགས་སོ།།》 ཞེས་པ་དང་། 《བདེན་པ་མི་གཙོ་ཕན་པ་གཙོ།》ཞེས་པ་དང་། 《རང་བཤད་ལྟ་བའི་མགུར་དབྱངས།》ཞེས་པ་སོགས་ཀྱི་འཕྲུལ་དེབ་ཡོད་མེད་དང་། ཕྱག་དེབ་འདི་དག་གང་ནས་བླུ་ཐུབ་བམ། གང་ནས་རག་གམ་ཞེས་པ་འདི་ལ་ལན་ཞིག་གནང་བར་འཚལ།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 9 སྔོན།

      ཐབས་མཁས་རྒྱ་མཚོ་ལགས། བཅར་འདྲི་འདིའི་ཚན་པ་དང་པོའི་ནང་གི་ཉིད་ཀྱི་དྲི་བའི་འོག་ཏུ་གསལ་བཤད་བྱས་ཡོད་པས་དེར་གཟིགས་རོགས།

      Reply
  9. ཁྲོ་མོ་སྤྲུལ་སྐུ་བསྟན་འཛིན་མཁས་མཆོག says:
    ལོ་ 9 སྔོན།

    བློ་བཟང་དམ་ཆོས་རིན་པོ་ཆེ་ལགས་བཀའ་དྲིན་ཆེ། ཁྱེད་ལ་བཅར་འདྲི་ཞུས་པའི་ཚན་པ་གཉིས་ཀ་བཀླགས་ཟིན། དཔེ་ཡག་པོ་འདུག མ་ཟད་ཁྱེད་ཀྱིས་བརྩམས་པའི་དེབ་དེ་དག་ཀྱང་ཀློག་རྒྱུའི་འདུན་པ་ཆེན་པོ་ཤར་བྱུང་།།

    Reply
  10. བློ་བཟང་ལུང་རྟོགས། says:
    ལོ་ 9 སྔོན།

    ཡང་སྟེང་སྤྲུལ་སྐུ་ལགས། ཤ་ཚ་བའི་ཁུལ་གྱིས་ཤོད་བཞིན་ཡོད་དམ་ཡང་ན་བོད་པའི་གཤིས་ཀ་ངན་པ་མི་གཞན་འབུར་འཇོམ་གཏོང་འདོད་ཀྱིས་གཞོལ་གྱི་ཡོད། དེ་སྔ་ཁྱེད་རང་གིས་བཀའ་སློབ་གནང་བཞིན་པ་དང་ནང་ཆོས་ངོ་སྤྲོད་བྱེད་བཞིན་པ་མང་པོ་ཐོས་མྱོང་ཡོད། ནོར་འཆུག་དང་ཐལ་ཆ་ཤོར་བ་སོ་སོ་མཁས་མདོག་སྟོན་པ་ལས་ཕར་ཕྱོགས་ལ་གོ་རྒྱུ་ཚོར་རྒྱུ་གང་ཡང་མེད་པ་མང་པོ་ཡོད་པ་ཤེས་ཀྱི་ཡོད། ལྷག་པར་དུ་ལུང་གི་སྟེང་ལ་ལུང་དྲངས་པ་དང་རིགས་པ་ལྟར་སྣང་གི་སྟེང་ལ་ལྟར་སྣང་བཀོལ་ཏེ་གདན་ས་ཁག་གི་དགེ་བཤེས་ཚོས་ཞེད་སྣང་བཀོལ་བ་དང་མི་གཞན་ཧང་སང་དུ་འཇུག་པའི་ཆེད་དུ་ཆོས་བཤད་རྒྱག་སྟངས་ཤིག་ཡོད་པ་དེ་ཙམ་ལས་གོང་གི་སྤྲུལ་སྐུ་བློ་བཟང་གིས་གསུངས་པ་ལྟ་བུའི་ཁ་གསལ་གོ་བདེ། སེམས་ལ་འབབ་རྒྱུ་ཡོད་པ་དང་མིག་ལ་འཆར་རྒྱུ་ཡོད་པ་འདི་ལྟ་བུ་ཞིག་ངས་ད་བར་མཐོང་མ་སོང་ལ་ཐོས་ཀྱང་མ་མྱོང་། ང་རང་ཡང་ནང་ཆོས་ལ་བག་ཆགས་ཙམ་འཇོག་མྱོང་མཁན་ཞིག་ཡིན། གོ་རྟོགས་ཁྱོན་ནས་མེད་མཁན་ཞིག་མིན། སོ་སོས་འདི་ཙམ་འཆད་རྩོད་རྩོམ་གསུམ་བྱེད་མི་ཐུབ་ཀྱང་གཞན་གྱིས་གནང་བཞག་པ་དེའི་ལེགས་ཉེས་དབྱེ་འབྱེད་དོག་ཙམ་བྱེད་ཤེས་ཀྱི་ཡོད། ལྷག་པར་དུ་འདི་ནས་ཐུགས་སྣང་གནང་དགོས་ས་གཙོ་བོ་ག་རེ་རེད་ཟེར་ན། གོང་གི་དྲི་བ་དྲིས་ལན་འདི་གསར་འགྱུར་བརྒྱུད་ལམ་ཐོག་ཏུ་སྤྱིར་བཏང་ཐོལ་བྱུང་གི་དྲན་ཚུལ་ཙམ་བཤད་པ་ལས་གཞུང་རྩོམ་པ་དང་རྩོད་སྤུང་བྱེད་པ་སོགས་མ་རེད། སྤྱིར་བཏང་གི་དྲན་ཚུལ་ཁ་བརྡ་ཙམ་ཞིག་གི་བརྒྱུད་རིམ་ཁྲོད་ནས་འདི་ལྟ་བུར་ཀློག་པ་པོ་ཚོར་གསང་སྔགས་དང་རྩ་རླུང་འཁྲུལ་འཁོར་གཏུམ་མོ་ཐིག་ལེ་སོགས་ནང་ཆོས་དང་གསང་བསྔགས་ནང་གི་ཆ་ཤས་ཕྲ་མོ་ཙམ་ཞིག་གི་ཕྱོགས་ལ་མཛུབ་མོ་རི་སྟོན་གྱི་ཚུལ་དུ་འདིའོ་སྙམ་པ་ཞིག་གི་བག་ཆགས་འཇོག་ཐུབ་པ་འདི་ལ་སྔགས་བརྗོད་དང་རྗེས་སུ་ཡིད་རངས་མི་ཞུ་བར་གཏིང་དུ་བཙུགས་ཏེ་རྩོད་སྤུང་དགག་རྒྱག་དང་མཁས་མདོག་རྫིག་མདོག་བསྟན་ན་དེ་ཡ་རབས་བཟང་སྤྱོད་དང་མཁས་པའི་བྱ་བ་རེད་དམ།

    Reply
  11. ལུགས་བཟང་། says:
    ལོ་ 9 སྔོན།

    ཁ་གསལ་གོ་བདེ་ཧ་ལས་པ་ཞིག་རེད། དགེ་བཤེས་མགོ་རེགས་ཤིག་གི་མདུན་ནས་ཟླ་གཅིག་ལ་དཔེ་ཁྲིད་ཞུ་བ་ལས་བཅར་འདྲི་འདི་ཐེངས་གཅིག་ཀློག་ན་དེས་གོ་རྒྱུ་ཞིག་བསྟེར་ཐུབ།

    Reply
  12. ཐུབ་བསྟན། says:
    ལོ་ 9 སྔོན།

    “ཉལ་རོགས་མེད་པར་ཞག་གཅིག་ཉལ་མྱོང་མེད། ཐིག་ལེ་ཐིགས་གཅིག་ས་ལ་ཟེགས་མྱོང་མེད།” རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་གསུངས།

    Reply
  13. ཡང་སྟེང་སྤྲུལ་སྐུ། says:
    ལོ་ 9 སྔོན།

    སྤྲུལ་སྐུ་བློ་བཟང་ལགས་སུ་དྲི་རྒྱུར། ཕར་ཕྱིན་ཐེག་པ་ལ་སེམས་ཀྱི་ཐེག་པ་དང་། སྔགས་ཀྱི་ཐེག་པ་ལ་ལུས་ཀྱི་ཐེག་པ་ཞེས་རྒྱུད་རྒྱ་གཞུང་གང་དུ ཡོད། མདོ་ལུགས་ལ་སེམས་ཕྲ་རགས་དང་གཉུག་སེམས་སྐོར་གང་དུ་བཤད་ཡོད། དགེ་ལྡན་པས་ཕོ་ཉ་དང་འཕོ་བ་གྲོང་འཇུག་གསང་བ་བྱས་ནས་གཞན་སྒྱུ་ལུས་འོད་གསལ་གསང་བ་མ་བྱས་པ་དགེ་ལྡན་པའི་གཞུང་གང་དུ་ཡོད། ཉིད་ཀྱིས་གསུངས་པ་ལྟར་ན་རིག་མ་བསྟེན་ཞེས་པ་བུད་མེད་བསྟེན་པ་གཅིག་པུར་གོ་བ་བླངས་འདུག་པས་རྒྱུད་རྒྱ་གཞུང་རྣམས་ལས་ཡེ་རྒྱ་གསུངས་པ་དེའི་དོན་ཇི་ལྟར་ཡིན། སྦྱོང་རྒྱུའི་ཆོས་དང་སྒོམ་རྒྱུའི་ཆོས་སོ་སོར་ཡོད་ན་སྒོམ་པའི་སྐབས་སུ་སྔར་སྦྱངས་པའི་དོན་དེ་སྒོམ་པ་ཡིན་ནམ་སྔར་མ་སྦྱངས་པ་ཞིག་སྒོམ་པ་ཡིན། ཐོས་བསམ་སྒོམ་གསུམ་ཟུང་དུ་འབྲེལ་དགོས་པ་རྒྱལ་བའི་བཀའ་ལས་གསུངས་པ་དེ་དག་འདོར་རྒྱུ་ཡིན་ནམ། འདི་དག་གི་སྒྲུབ་བྱེད་དགོས་ན་ཁུངས་དང་བཅས་པ་རེ་རེ་ནས་ཞུ་ཆོག ། སངས་རྒྱས་པ་ལ་བུད་མེད་ངེས་པར་བསྟེན་དགོས་ན་དུས་ཀྱི་འཁོར་ལོར་རང་སྣང་གི་ཡུམ་ཞེས་པ་དེ་བུད་མེད་མཚན་ཉིད་པ་ཡིན་ནམ། སངས་རྒྱས་པ་ལ་བུད་མེད་ངེས་པར་བསྟེན་དགོས་ན་གསང་འདུས་རྩ་རྒྱུད་དང་དུས་འཁོར་སོགས་སུ་སོ་ཐར་སྡོམ་པ་རྟག་ཏུ་སྲུང་དགོས་པར་གསུངས་པ་གང་ཡིན་ནམ།
    རིག་མ་བསྟེན་པ་དགེ་ལྡན་པས་ལམ་གྱོ་བོགས་འབྱིན་བྱེད་དུ་གསུངས་པས་ཆོས་བརྒྱུད་གཞན་དང་མི་འདྲ་ཚུལ་གང་ཡིན་སོགས་དྲི་རྒྱུ་མཐའ་ཡས་པ་ཞིག་འདུག་ཀྱང་དེ་ཙམ་མོ། །མཐའ་དོན་དུ་སྐུ་ཉིད་ལ་ཞུ་རྒྱུར། རབ་ཏུ་བྱུང་བའི་མིང་ཐོག་ནས་སངས་རྒྱས་པའི་ཆོས་ཇི་ལྟར་བཤད་ཀྱང་ཐོག་མ་རང་ཉིད་ནས་རྒྱུས་ཡག་པོ་ཡོད་པར་བྱས་ནས་བཤད་དགོས་པ་དང་། ཐུགས་བསམ་ཏན་ཏན་བཞེས་ནས་གསུངས་པར་འཚལ།།

    Reply
  14. རྒྱ་གར་བ། says:
    ལོ་ 9 སྔོན།

    བླ་མ་རིན་པོ་ཆེས་མཆོག་གིས་འཛེམ་ཟོན་མེད་པར་གསུང་པ་ཐུགས་རྗེ་ཆེ།

    Reply
  15. རྣམ་རྒྱལ། says:
    ལོ་ 9 སྔོན།

    རིན་པོ་ཆེས་འདོད་པ་ཁེངས་པ་ཞིག་གསུངས་འདུག གསར་འགོད་པས་ཡིད་དབང་འཕྲོག་པ་ཞིག་བྲིས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese