མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་གི་ཚེ་སྲོག་གཅོད་པའི་ལག་དམར།

བོད་ཀྱི་དུས་བབ།
༢༠༢༠/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྔ་བ་རྒྱལ་ཁམས་པ། 

གཅིག

རྒྱ་ནག་ནང་ཏོག་དབྱིབས་འགོ་ནད་ཞི་འཇམ་དུ་འགྲོ་བཞིན་པ་དང་ཆབས་ཅིག  འགྲིམ་འགྲུལ་གྱི་སྒོ་མོའང་རིམ་གྱིས་ཕྱེས་ཏེ་མི་རྣམས་རྒྱུན་ལྡན་གྱི་འཚོ་བའི་ནང་ཕྱིར་ལོག་བྱེད་ཀྱིན་པ་ནི་ཤིན་ཏུ་དགའ་འོས་པའི་གནས་ཚུལ་ཞིག་རེད།  འོན་ཀྱང་། རྙིང་ན་བའི་གཏམ་ངན་ཞིག་ཐོས་འོང་བ་ནི། བོད་ཡིག་དང་བོད་སྐད་རྩ་མེད་དུ་གཏོང་བའི་མུན་པ་ནག་པོ་ཞིག་སླར་ཡང་འཐིབ་ཡོང་གི་ཡོད་པ་དེ་རེད། དེ་ནི་རྒྱལ་ཁབ་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་ལ་འགན་ཁུར་གཏན་ནས་མེད་པའི་དབང་ཆ་སྒེར་གཅོད་པ་རེ་ཟུང་ཞིག་གི་ལོག་སྤྱོད་ཅིག་ཡིན་པ་ཧ་ཅང་གི་གསལ་བོ་རེད། རྒྱུ་མཚན་ནི། ཀྲུང་གོ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་ཁུལ་རང་སྐྱོང་གི་བཅའ་ཁྲིམས་ཁག་གི་ནང་། མི་རིགས་དེའི་རང་སྐྱོང་དབང་ཆ་དང་། སྐད་ཡིག་བཀོལ་སྤྱོད།  ཆོས་དད་རང་མོས་སོགས་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་དགོས་པའི་ཁྲིམས་རྩ་ནན་བརྗོད་བྱས་ཡོད། ཀྲུང་གོ་གསར་བ་མགོ་ཚུགས་པ་ནས་ད་བར།  རྒྱལ་ཁབ་ཀྱི་རྩ་ཁྲིམས་དེར་བཅོས་སྒྱུར་འགའ་རེ་བཏང་ཡོད་ཀྱང་། གྲངས་ཉུང་མི་རིགས་ཀྱི་གཞི་རྩའི་སྐད་ཡིག་སྲུང་སྐྱོབ་ཐད་ཀྱི་རྩ་དོན་ནི་སྔར་བཞིན་བརྟན་པོར་གནས་ཡོད། གལ་སྲིད་མི་སུ་ཞིག་གིས་དབང་ཚད་ལོག་སྤྱོད་བྱས་ཏེ་ཁྲིམས་ཀྱི་ར་བ་ལས་བརྒལ་བའི་བྱ་སྤྱོད་བརྩམས་ཚེ། རྩ་ཁྲིམས་ཀྱི་གོ་མཚོན་ཐོགས་ཏེ་ཁྲིམས་འགལ་གྱི་རུལ་སུངས་ལ་རྒོལ་རྡུང་གཏོང་རྒྱུ་ནི། ཀྲུང་གོའི་མི་མང་སྤྱི་དང་། ལྷག་དོན་གྲངས་ཉུང་མི་རིགས་དང་དེའི་ཕྲག་པར་བབ་པའི་ལྡོག་ཏུ་མེད་པའི་ལས་འགན་ཞིག་ཡིན་པ་རེད། གནད་དོན་དེ་ལས་དོན་དག་ངན་པ་གང་ཞིག་བྱུང་ཡང་འགན་འཁྲི་མཐའ་དག་སྲིད་དབང་ལོག་སྤྱོད་གཏོང་མཁན་དེར་ཡོད་པ་སྨྲོས་མ་དགོས།

གཉིས།

བོད་ཡིག་ནི་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་སྟེ། དབྱངས་གསལ་གྱི་ཡིག་འབྲུ་སོ་བཞིའི་ནང་ཤེས་བྱ་མཐའ་དག་བརྗོད་ཐུབ་པའི་ཡི་གེ་རྨད་དུ་བྱུང་བ་ཞིག་ཡིན། དེའང་བོད་རང་གི་སྐད་དང་མཐུན་པར་སྤྱི་ལོའི་དུས་རབས་བདུན་པའི་ནང་སློབ་དཔོན་ཐོན་མི་སམ་བྷོ་ཊས་བརྩམས་ཤིང་། དེ་ནས་བཟུང་སྐད་ཡིག་དེས་བོད་རྒྱལ་ཁབ་ཀྱི་དཔལ་ཡོན་གོང་འཕེལ་གཏོང་བར་མཛད་རྗེས་རབ་དང་རིམ་པ་ཞིག་བཞག་ཡོད། བོད་ཡིག་འདི་ཉིད་ཀྱི་ནང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རིག་གི་དཔལ་ཡོན་འབྱམས་ཀླས་པ་ཞིག་བཞུགས་ཤིང་། དེའང་རྨོངས་དད་། གཡམ་རྒྱུག མཁྲེག་འཛིན་སོགས་ལས་བརྒལ་ཏེ་ཚད་མ་རིག་པ་དང་། མཚན་ཉིད་རིག་པ། ཚན་རིག་བཅས། འགྲོ་བ་མིའི་རྣམ་དཔྱོད་དང་། རིགས་ལམ། བརྟག་དཔྱད། ཉམས་མྱོང་སོགས་ལ་བརྟེན་ནས་འཕྲལ་ཡུན་གྱི་བདེ་སྐྱིད་སྒྲུབ་ཐབས་ཀྱི་ལམ་བཟང་ཤ་སྟག་ཡིན།  འབྲས་བུ་སངས་རྒྱས་ཀྱི་ཞིང་ཁམས་རྒྱུ་སློབ་ལམ་ནས་མྱོང་རོལ་བྱས་ཏེ་ཚེ་གཅིག་ལུས་གཅིག་ལ་མཐར་ཐུག་གི་བདེ་སྐྱིད་མངོན་དུ་བྱེད་ཐུབ་པའི་ཆ་རྐྱེན་ལྡན་པ་ནི། འཛམ་གླིང་འདིར་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཁོ་ན་ལས་མེད་པ་རེད། བོད་བརྒྱུད་གསང་སྔགས་པས་སྒོམ་གྱི་རྣལ་འབྱོར་ལ་བརྟེན་ནས་ལུས་རྡུལ་ཕྲན་དུ་དེངས་པ་དང་། གདུང་རུས་ཐོག་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱི་སྐུ་ངོ་མཚར་ཅན་རང་བྱོན་དུ་དོད་པ། ཁ་དོག་སྣ་ཚོགས་པའི་འཕེལ་གདུང་འབབ་པ། འཇའ་འོད་ཀྱི་གུར་འབེབས་ཤིང་རོལ་མོའི་རྣམ་གྲངས་སྣ་ཚོགས་པ་ཐོས་རྒྱུ་ཡོད་པ་ལྟ་བུ་ནི། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཆེ་བའི་མངོན་རྟགས་ཤིག་རེད། དེ་བཞིན་བོད་ཀྱི་བཟོ་རིག་པ་དང་། གསོ་རིག སྒྲ་དང་ཚད་མ་རིག་པ། སྐར་རྩིས། དགག་བཞག་སྤོང་གསུམ་གྱི་རྩོད་པའི་རིགས་ལམ་སོགས་ཀྱང་གཞན་གྱིས་བསྒྲུན་དུ་མེད་པའི་ཤེས་རིག་གི་ནོར་བུའི་བང་མཛོད་ཆེན་པོ་རེ་རེ་ཡིན་ཞིང་། ཤེས་རིག་དེ་དག་རྒྱ་བོད་ཙམ་དུ་མ་ཟད་འཛམ་བུ་གླིང་གི་སྤྱི་ནོར་ཞིག་ཀྱང་ཡིན་ངེས་པ་ནི་ཐེ་ཚོམ་གཏན་ནས་བྱེད་མ་དགོས་པ་ཞིག་ཡིན། རྒྱ་ནག་གཞུང་གིས་འཛམ་གླིང་དཔལ་ཡོན་གྱི་མགོ་ཁྲིད་ཐུབ་པའི་རྨི་ལམ་ཞིག་དུས་རྒྱུན་དུ་གཏོང་གིན་ཡོད། འོན་ཀྱང་། ཐབས་སྐྱོ་བ་ཞིག་ལ། བོད་ཀྱི་སྐད་ཡིག་རིག་གཞུང་དེ་ཁོང་ཚོའི་རྨི་ལམ་མངོན་འགྱུར་གྱི་མཐུན་ཕྱོགས་སུ་འཛིན་པའི་བློ་གྲོས་དང་སྙིང་སྟོབས་ནི་བག་ལ་ཞ་ཞིང་། དེ་ལས་ལྡོག་སྟེ་ཁོང་ཚོའི་ཀླད་རྩའི་སྙིགས་ཟོམ་གྱི་ནང་། བོད་དང་། བོད་མི་རིགས། བོད་ཀྱི་རིག་གཞུང་བཅས་ནི། རྒྱ་ནག་གཅིག་གྱུར་གྱི་འགལ་ཟླ་ཡིན་པའི་སྒྲོ་སྐུར་གྱི་རྫུན་འཁྲུག་སྣ་ཚོགས་སྤུངས་ཏེ། གནས་སྐབས་རང་རང་གི་ཁ་ལྟོ་གསོ་བའི་ཐབས་ཙམ་ལ་བརྩོན་ཞིང། མཐར་ཐུག་ཀྲུང་གོ་གཅིག་གྱུར་གྱི་གོང་བུ་དེ་འཐོར་ཞིག་ཏུ་འགྲོ་བའི་ཆག་སྒོ་ཆེན་པོ་ཞིག་བསུ་བཞིན་ཡོད།

གསུམ།

བོད་པ་རྣམས་ཀྱིས་རང་གི་སྐད་ཡིག་རིག་གཞུང་ནི་རང་གི་ཚེ་སྲོག་ལྟར་གལ་ཆེར་འཛིན་བཞིན་ཡོད། དེ་ནི་ཕྱོགས་གཅིག་ནས་རང་གི་ལས་དབང་ལས་བྱུང་བའི་ཕ་མེས་ཡང་མེས་ཀྱི་སྐད་ཡིག་ལ་མཐོང་ཆེན་བྱེད་པ་དང་། ཕྱོགས་གཞན་ནས་སྐད་ཡིག་འདིར་བླ་ན་མེད་པའི་རིག་པའི་གཞུང་ལུགས་ཤིག་གི་ཚེ་སྲོག་ཞུགས་ཡོད་པས་ཡིན། ཉེ་ཆར་སྲིད་དབང་ལོག་སྤྱོད་པ་རེ་ཟུང་གིས། རྔ་ཡུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་གཙོ་བོ་རྒྱ་སྒྱུར་བྱེད་དགོས་པའི་ལམ་ལོག་ཅིག་སྟོན་བཞིན་ཡོད། གནས་ཚུལ་དེ་ནི་བོད་མི་མང་གི་ཁེ་ཕན་ལ་དམིགས་པ་ཞིག་མ་ཡིན་པར་ཧན་་ཆེན་པོའི་རང་ལུགས་ཀྱིས་གྲངས་ཉུང་མི་རིགས་གཞན་རྩ་མེད་དུ་གཏོང་བའི་བཙན་འཛུལ་ཤུགས་ཇེ་ཆེར་འགྲོ་བཞིན་པའི་རྟགས་མཚན་ཞིག་རེད། ཕྱོགས་ལྷུང་ཅན་དེ་ཚོའི་ངོར་རྒྱལ་ཁྲིམས་ནི་རྩེད་སྤྱད་ཙམ་ལས་བསྲུང་དགོས་པའི་རྩ་ཁྲིམས་ཤིག་ཡིན་པའི་སྡོམ་སེམས་ཤིག་ནམ་ཡང་སྐྱེས་མྱོང་ཡོད་རྒྱུ་མ་རེད། གལ་ཏེ་ཁོང་ཚོས་ནམ་རྒྱུན “རྒྱལ་ཁབ་བརྟན་བརླིང”དང་། “མི་རིགས་མཐུན་བསྒྲིལ”ཅེས་ཡང་ཡང་སྐྱོར་བཞིན་པའི་ཁ་གཡང་དེ་དག་ཁ་ཞེ་གཉིས་མེད་ཅིག་ཡིན་ཚེ། བོད་པའི་ཁ་དཔེར “རྒྱ་ཡིག་ཐོག་དང་བོད་ཚིག་ཐོག”ཅེས་ཤོད་སྲོལ་ཡོད་པ་ལྟར།  རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། གྲངས་ཉུང་མི་རིགས་ཀྱི་རྩ་ཁྲིམས། ས་གནས་རང་སྐྱོང་ས་ཁུལ་གྱི་སྲོལ་ཡིག་སོགས་ལ་བརྩི་འཇོག་བྱ་དགོས་ངེས་རེད། བོད་ཡིག་ནང་རྩིས་དངོས་རྫས་གསུམ་སོགས་སློབ་ཚན་གང་ཞིག་གི་ཆ་རྐྱེན་ལྡང་ངེས་མེད་ཚེ། དེ་ནི་བོད་ཡིག་ནང་སློབ་ཚན་དེ་དག་བསྒྱུར་མེད་པའི་རྒྱུ་མཚན་གྱིས་རེད་མ་གཏོགས། བོད་ཡིག་ལ་བརྗོད་བྱ་དེ་དག་སྟོན་མི་ཐུབ་པའི་གནད་དོན་ཡོད་པའི་རྒྱུ་མཚན་གྱིས་མ་རེད་བསམ། གནད་དོན་དེ་སེལ་ཐབས་ནི་སྐད་གཉིས་སྨྲ་བའི་ཆེད་ལས་ལོ་ཙཱའི་དཔུང་སྡེ་ཞིག་བསྐྱེད་བསྲིངས་བྱས་ནས། སློབ་ཚན་རྣམས་བོད་བསྒྱུར་བྱས་བཞག་ན་དཀའ་ངལ་དེ་ལས་སླ་བོའི་ངང་ནས་ཐག་ཆོད་ཀྱི་རེད། ཉེ་དུས་ལོ་ཆེན་མགོ་ལོག་རྣམ་རྒྱལ་གཅིག་པུས་གནའ་བོའི་རུའུ་ལུགས་དང་། ཏོ་ལུགས། སྤར་རྩིས། ཐང་གི་སྙན་ངག་སུམ་བརྒྱ་བ། བསླབ་ཆེན་གྱི་གཞུང་། སྲི་ཞུའི་གསུང་རབ། སུན་ཙིའི་དམག་ཇུས་སོགས་གནའ་བོའི་རྒྱ་ནག་རྫོགས་ལྡན་དུས་རབས་ཀྱི་བསམ་བློའི་ཤེས་རིག་གི་སྙིང་བཅུད་འཛོམས་པའི་གཞུང་ལུགས་ཕལ་ཆེར་ཞིག་བོད་ཡིག་ཐོག་བསྒྱུར་དང་སྒྱུར་བཞིན་པའང་དེའི་དཔེ་མཚོན་ཡག་ཤོས་ཤིག་ཏུ་བགྲངས་ན་འགྲིགས་སྙམ།

བཞི།

སྐར་ལྔའི་དར་མར་ངོས་ཀྱི་སྐར་ཆུང་རྣམས་ནི་ཁོང་ཚོས་མི་སེར་སྤེལ་ཡུལ་དང་། བཤུ་གཞོག་གཉའ་གནོན་གཏོང་ཡུལ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་དེ་ཚོ་དངོས་འབྲེལ་བདེན་པ་ཞིག་ཡིན་ནམ།  ཉེ་རབས་བོད་ནང་གི་འབྲོག་སྡེ་གྲོང་འབེབས་དང་། སྒེར་ས་བཙན་འཕྲོག བོད་ཀྱི་གྲོང་དང་གྲོང་ཁྱེར་ཕལ་ཆེ་བར་ཧན་རིགས་ཀྱིས་བཟུང་སྟེ། རྒྱ་ལུགས་ཀྱི་འོད་ཁང་དམར་ཐར་ཐོར་དང་། ཤོག་བྱང་དམར་བོའི་ཐོག་བྲིས་པའི་སྒོ་རྒྱན་རྒྱ་ཡིག  བོད་ཀྱི་རི་ཆུ་གཙང་བོ་དག་ལ་རྒྱ་ཡིག་ཁོ་ན་སྤྱད་ནས་མིང་འདོགས་ཚུལ་ལ་བལྟས་ན། ད་ནི་འུ་ཚོར་ནུབ་ཁའི་ཉི་ཟེར་ཞིག་ལས་ཅིའང་ལྷག་གི་མེད་པའི་ཚོར་སྣང་ཞིག་མ་སྐྱེས་རང་སྐྱེས་རེད། འོན་ན།  ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་རང་སྐྱོང་གི་རྩ་ཁྲིམས། གྲངས་ཉུང་མི་རིགས་སྐད་ཡིག་སྲུང་སྐྱོབ་ཀྱི་སྲོལ་ཡིག་བཅས། མདོར་ན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དེ་ མི་རིགས་ཆེན་པོར་ཐུག་ཚེ་བེད་སྤྱོད་མེད་པར་གྱུར་པ་ཡིན་ནམ།  ཡང་ན་འུ་ཚོ་རང་གིས་རྩོད་ལེན་བྱེད་མ་ཤེས་པ་རེད། གཤམ་དུ་གྲངས་ཉུང་མི་རིགས་སྐོར་གྱི་རྩ་ཁྲིམས་ཁག་ཅིག་དྲངས་ཏེ་སྐད་ཆ་འདི་མཇུག་བསྡུ་རྒྱུ་ཡིན།

དོན་ཚན་བཞི་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཚང་མ་འདྲ་མཉམ་ཡིན།  རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་འགན་སྲུང་དང་།  མི་རིགས་ཁག་བར་གྱི་འདྲ་མཉམ་དང་། མཐུན་སྒྲིལ།  རོགས་རེས།  འཆམ་མཐུན་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་གོང་དུ་སྤེལ་རྒྱུ།  མི་རིགས་གང་ཞིག་ལའང་མཐོང་ཆུང་དང་གཉའ་མནོན་བྱེད་པ་གཏན་འགོག་བྱ་རྒྱུ།  མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་བའི་བྱ་སྤྱོད་གཏན་འགོག་བྱ་རྒྱུ། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་སྟེ་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་དཔལ་འབྱོར་དང་རིག་གནས་འཕེལ་ཚད་ཇེ་མགྱོགས་སུ་གཏོང་རོགས་བྱ་རྒྱུ།གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་སྤྱོད་རྒྱུ། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུབ་ཆ་འབྲལ་དུ་མི་རུང་བ་ཞིག་ཡིན། མི་རིགས་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད་པ་དང་།  ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་འཛིན་སྐྱོང་ངམ་སྒྱུར་བཅོས་གང་བྱེད་ཀྱི་རང་དབང་ཡོད། གོང་དུ་དྲངས་པ་ནི་རྒྱལ་ཁབ་ཀྱི་སྤྱིའི་རྩ་ཁྲིམས་ནང་བཀོད་པ་ལྟར་རེད། བྱེ་བྲག་གྲངས་ཉུང་མི་རིགས་རང་སྐྱོང་གི་ས་ཁུལ་ཁག་གི་རྩ་ཁྲིམས་ནང་དེ་ལས་ཀྱང་ཁ་གསལ་བོ་དང་ཞིབ་མོའི་ལུགས་སུ་བཀོད་ཡོད་པ་གཤམ་གསལ་ལྟར་རེད།

ཀྲུང་གོ་ནི་མི་རིགས་མང་ཞིང་། སྐད་རིགས་མང་བ་དང་། ཡིག་རིགས་མང་བ་བཅས་ཀྱི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་འདིར་མི་རིགས་གྲངས་ཉུང་༥༥ཡོད་པ་ལས་ཧུའེ་རིགས་དང་མན་ཇུ་རིགས་ཀྱིས་རྒྱ་ཡིག་སྤྱོད་བཞིན་ཡོད་པ་ཕུད། གཞན་པའི་མི་རིགས་༥༣གྱིས་རང་རང་གི་སྐད་ཆ་སྤྱོད་བཞིན་ཡོད་པ་དང་། བཅིངས་འགྲོལ་མ་བྱས་གོང་དུ་མི་རིགས་༢༡ལ་རང་རང་གི་ཡི་གེ་ཡོད་པ་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཀྲུང་གོའི་སྲིད་གཞུང་གིས་མི་སྟོང་ཕྲག་གཅིག་ཙམ་ཞུགས་པའི་མི་རིགས་སྐད་ཆའི་རྟོག་དཔྱོད་རུ་ཁག་ཤིག་བཙུགས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་༡༦དང་རང་སྐྱོང་ལྗོངས་བཅས་སུ་མི་རིགས་གྲངས་ཉུང་གི་སྐད་ཡིག་ལ་ཁྱབ་ཤིན་ཏུ་ཆེ་བའི་རྟོག་དཔྱོད་བྱས་པ་དང་། གྲངས་ཉུང་མི་རིགས་ཁག་ཚང་མའི་སྐད་ཡིག་གི་སྤྱི་ཁོག་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ཁོང་དུ་ཆུད་པ་རེད། གནས་ཚུལ་འདི་རྒྱབ་རྟེན་དུ་བཅོལ་ཞིང་གནས་ཚུལ་ངོ་མ་གཞིར་བཞག་བྱས་ནས་མི་རིགས་འདྲ་མཉམ་ཡིན་པ་དངོས་སུ་མཚོན་པའི་མི་རིགས་གྲངས་ཉུང་གི་སྐད་ཡིག་གི་སྲིད་ཇུས་བཟོས་པ་རེད། དེའི་བརྗོད་བྱ་གཙོ་བོའི་ཁོངས་སུ་གཤམ་གསལ་གྱི་འདི་དག་གཏོགས་པ་ཡིན་ཏེ། ༡མི་རིགས་གྲངས་ཉུང་གིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ནས་དར་རྒྱས་གཏོང་བར་ཁག་ཐེག་བྱས་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་དོན་ཚན་བཞི་པའི་ནང་དུ། མི་རིགས་ཁག་ཚང་མར་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པ་དང་དར་རྒྱས་གཏོང་བའི་རང་དབང་ཡོད་ཅེས་གཏན་འབེབས་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་བཅའ་ཁྲིམས་》ཀྱི་དོན་ཚན་བཅུ་པའི་ནང་དུ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་དག་གིས་རང་ས་གནས་ཀྱི་མི་རིགས་ཁག་ཚང་མར་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པ་དང་དར་རྒྱས་གཏོང་བའི་རང་དབང་ཡོད་པར་ཁག་ཐེག་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད། མི་རིགས་རང་སྐྱོང་ས་གནས་ཁ་ཤས་ཀྱི་རང་སྐྱོང་ལས་ཁུངས་དག་གིས་མི་རིགས་གྲངས་ཉུང་གི་སྐད་དང་ཡི་གེ་སྤྱོད་པར་འཚམ་པའི་ས་གནས་ཀྱི་ཆེད་དམིགས་ཁྲིམས་སྲོལ་བཟོས་ཡོད་པ་སྟེ། དཔེར་ན་བོད་རང་སྐྱོང་ལྗོངས་ཀྱིས་༡༩༨༨ལོར་《བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་སྐད་ཡིག་ལ་སློབ་གཉེར་དང་བཀོལ་སྤྱོད་དར་རྒྱས་གཏོང་བ་བཅོས་བྱེད་དགོས་པའི་སྐོར་གྱི་གཏན་འབེབས་འགའ་〔ཚོད་ལྟའི་ཚུལ་གྱིས་ལག་བསྟར་བྱེད་པ་〕》ཞེས་པ་པར་དུ་བཏབ་ནས་བཀྲམས་པ་དང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱིས་༡༩༩༣ལོར་《ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་སྐད་དང་ཡི་གེའི་སྐོར་གྱི་ལས་ཀའི་སྲོལ་ཡིག་》བཟོས་པ་དང་།གཞན་ཡང་ནང་སོག་དང་ཡུན་ནན་སོགས་ཞིང་ཆེན་དང་ལྗོངས་རྣམས་ཀྱིས་ཀྱང་དེའི་རིགས་ཀྱི་ཁྲིམས་སྲོལ་བཟོས་པ་ལྟ་བུ་ཡིན།

༡ དེང་སྐབས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སོགས་རྒྱལ་ཁབ་ཀྱི་ཚོགས་ཆེན་གྱི་སྟེང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དེ་ཉིད་གྲོས་ཚོགས་སྤྱོད་པའི་སྐད་ཡིག་རུ་གཏན་ལ་ཕབ་ཡོད། འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ན།མི་རིགས་རང་སྐྱོང་ས་གནས་ཀྱིས་མི་རིགས་གྲངས་ཉུང་གི་སྐད་ཡིག་དང་རྒྱ་ཡིག་གཉིས་མཉམ་དུ་སྤྱོད་བཞིན་ཡོད་ཅིང་།མི་རིགས་གྲངས་ཉུང་ཁག་གིས་ཉིན་རྒྱུན་གྱི་འཚོ་བ་དང་། ཐོན་སྐྱེད་ངལ་རྩོལ། འཕྲིན་གཏོང་འབྲེལ་གཏུག སྤྱི་ཚོགས་འགྲོ་འོང་བྱེད་པ་ལ་སོགས་པའི་སྐབས་སུ་མི་རིགས་རང་གི་སྐད་རིགས་སྤྱོད་པ་གཙིགས་སུ་འཛིན་པར་ཁྲིམས་ཀྱིས་ཁག་ཐེག་བྱས་ཡོད།

༢ མི་རིགས་རང་སྐྱོང་ལས་ཁུངས་ཀྱིས་དབང་ཆ་ལག་ལེན་དུ་བསྟར་བའི་སྐབས་སུ་བཅའ་ཁྲིམས་ལྟར་མི་རིགས་ཀྱི་སྐད་དང་ཡི་གེ་སྤྱོད་བཞིན་ཡོད། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་དབང་ཆ་ཉམས་སུ་བསྟར་བའི་སྐབས་སུ། མི་རིགས་རང་སྐྱོང་ས་གནས་ཀྱི་སྲོལ་ཡིག་ནང་དུ་བཀོད་པའི་གཏན་འབེབས་ལྟར། ས་དེ་གས་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་དང་ཡི་གེ་གཅིག་གམ་ཡང་ན་དུ་མ་ཞིག་བཀོལ་སྤྱོད་བྱེད་དུ་འཇུག་བཞིན་ཡོད། རང་སྐྱོང་ལས་ཁུངས་ཀྱིས་དེ་དང་མཉམ་དུ་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་དུ་མ་ཞིག་བཀོལ་སྤྱོད་བྱེད་དུ་འཇུག་བཞིན་ཡོད། རང་སྐྱོང་ལས་ཁུངས་ཀྱིས་དེ་དང་མཉམ་དུ་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་དུ་མ་ཞིག་སྤྱད་ནས་དབང་ཆ་ཉམས་སུ་བསྟར་བ་ཡིན་ན། ས་ཁོངས་རང་སྐྱོང་བྱས་པའི་མི་རིགས་དེའི་སྐད་དང་ཡི་གེ་གཙོ་བོ་ཉིད་དུ་བྱས་ནས་སྤྱད་ཆོག་པ་ཡིན། རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ཀྱིས་ས་གནས་རང་གི་མི་རིགས་དེའི་སྐད་དང་ཡི་གེ་སྤྱད་ནས་འདེམས་བསྐོའི་ཡིག་ཆ་དང་། འདེམས་མིའི་མིང་ཐོ། འདེམས་མིའི་ལག་འཁྱེར།འཐུས་མིའི་རྗེས་འདེམས་མཁན་གྱི་མིང་ཐོ། འཐུས་མིར་བདམས་པའི་ལག་འཁྱེར།འདེམས་བསྐོའི་ཨུ་ཡོན་ལྷན་ཁང་གི་གཞུང་ཐམ་སོགས་བཟོ་དགོས། མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱལ་ཁབ་ཀྱི་ལས་ཁུངས་དང་། མི་དམངས་ཀྱི་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱིས་དེ་གས་སྤྱི་ཁྱབ་ཏུ་སྤྱོད་པའི་མི་རིགས་ཀྱི་ཡི་གེ་དང་རྒྱ་ཡིག་གཉིས་སྦྲགས་མ་བྱས་ནས་ཡིག་ཆ་འགྲེམས་པ་དང་། དཔང་ཐམ། སྒོ་བྱང་། ཚོང་རྟགས་སོགས་བཟོ་དགོས་ཞེས་གཏན་ལ་ཕབ་ནས་ཁྱབ་བསྒྲགས་བྱས་ཡོད།

༣ འབྲེལ་ཡོད་སློབ་གྲྭ་རྣམས་ཀྱིས་མི་རིགས་གྲངས་ཉུང་གིས་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་དང་ཡི་གེ་བཀོལ་ནས་སློབ་ཚན་ཁྲིད་པའམ་ཡང་ན་སྐད་ཡིག་གཉིས་སྤྱད་ནས་སློབ་ཚན་ཁྲིད་བཞིན་ཡོད། མི་རིགས་གྲངས་ཉུང་གི་སློབ་མ་གཙོ་བོར་བྱས་ཏེ་བསྡུ་བའི་སློབ་གྲྭ་རྐྱེན་ཡོད་པ་རྣམས་ཀྱིས་མི་རིགས་གྲངས་ཉུང་གི་ཡི་གེ་སྤྱད་ནས་བསླབ་དེབ་བསྒྲིགས་པ་དང་། མི་རིགས་གྲངས་ཉུང་གི་སྐད་ཀྱི་སྟེང་ནས་སློབ་ཚན་ཁྲིད་བཞིན་ཡོད། སློབ་ཆུང་གི་ལོ་རིམ་མཐོན་པོའམ་འབྲིང་རིམ་སློབ་གྲྭ་རྣམས་སུ་རྒྱ་ཡིག་གི་སློབ་ཚན་བཀོད་སྒྲིག་བྱས་ནས་རྒྱལ་ཡོངས་ཀྱིས་ཐུན་མོང་དུ་སྤྱོད་པའི་སྤྱི་སྐད་ཁྱབ་གདལ་དུ་གཏོང་བཞིན་ཡོད།

༤ མི་རིགས་ཁག་གིས་ཕན་ཚུན་གྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་པར་རྟིང་སྐུལ་བྱེད་བཞིན་ཡོད། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་རྣམས་ལ་ཕན་ཚུན་གྱི་སྐད་ལ་སློབ་སྦྱོང་བྱེད་དགོས་པའི་སྐོར་གྱི་སློབ་གསོ་བཏང་ནས་རྟིང་སྐུལ་བྱེད་བཞིན་ཡོད་ཅིང་། རྒྱ་རིགས་ལས་བྱེད་པས་རང་ཉིད་གནས་པའི་ས་དེ་གའི་མི་རིགས་གྲངས་ཉུང་གི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་པ་དང་། མི་རིགས་གྲངས་ཉུང་གི་ལས་བྱེད་པ་རྣམས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེར་སློབ་སྦྱོང་བྱས་ནས་བཀོལ་སྤྱོད་བྱེད་པ་དང་ཆབས་ཅིག་རྒྱལ་ཡོངས་ཀྱིས་ཐུན་མོང་དུ་སྤྱོད་པའི་སྤྱི་སྐད་དང་རྒྱ་ཡིག་ལའང་སློབ་སྦྱོང་བྱེད་བཞིན་ཡོད། མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱལ་ཁབ་ཀྱི་ལས་ཀ་བྱེད་མཁན་རྣམས་ཀྱིས་རང་ཉིད་གནས་པའི་ས་དེ་གའི་སྐད་ཡིག་གཉིས་ཡན་ཐོགས་པ་མེད་པར་འཆད་ཐུབ་པ་ཞིག་ཡིན་ན། དེ་ལ་བྱ་དགའ་སྤྲོད་བཞིན་ཡོད།

༥ མི་རིགས་གྲངས་ཉུང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ཏེ་དར་རྒྱས་གཏོང་བར་རོགས་རམ་བྱས་ནས་ཆ་རྐྱེན་ལེགས་པར་བསྐྲུན་ཡོད། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་མི་རིགས་གྲངས་ཉུང་ཁག་རང་མོས་ཡིན་པ་གཞིར་བཞག་བྱས་ནས་བརྟག་དཔྱད་དཔྱིས་ཕྱིན་པ་ཞིག་བྱས་པ་ཡིན། མི་རིགས་གྲངས་ཉུང་བཅུ་ལ་ཡི་གེ་གསར་གཏོད་བྱེད་རོགས་བྱས་ཤིང་། མི་རིགས་ཁ་ཤས་ལ་ཡི་གེ་ཇེ་ལེགས་སུ་གཏོང་རོགས་བྱས་པ་ཡིན། ཀྲུང་དབྱང་དང་ས་གནས་སུ་མི་རིགས་གྲངས་ཉུང་གི་ཡི་གེའི་དཔེ་སྐྲུན་ལས་ཁུངས་དང་། ཡིག་བསྒྱུར་ལས་ཁུངས།གྲངས་ཉུང་མི་རིགས་ཀྱི་སྐད་ཀྱི་རླུང་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ལས་ཁུངས་བཙུགས་ཡོད་མ་ཟད། ད་དུང་མི་རིགས་ཀྱི་ཡི་གེའི་ཚགས་པར་ཡང་ཡོད། དེང་སྐབས་རྒྱལ་ཡོངས་སུ་མི་རིགས་གྲངས་ཉུང་གི་ཡི་གེའི་དཔེ་སྐྲུན་ཁང་༣༠ལྷག་ཡོད་པའི་ཁར། རྩོམ་བསྒྱུར་བྱ་བའི་ལས་ཀྱང་ཡོད་པ་དང་། ལོ་རེར་མི་རིགས་༢༠ལྷག་གི་ཡི་གེའི་དཔེ་དེབ་སྣ་ཚོགས་རིགས༥༩༠༠པར་དུ་འདེབས་བཞིན་མཆིས། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཁོངས་སུ་སོག་པོ་དང་། བོད། ཡུ་གུར། ཧ་ཟག ཁྲའོ་ཞན་སོགས་མི་རིགས་ལྔའི་སྐད་ཀྱི་རླུང་འཕྲིན་ཡོད།མི་རིགས་༢༠ལྷག་གི་སྐད་ཀྱི་སྟེང་ནས་གཏམ་རྒྱུད་ཀྱི་གློག་བརྙན་༣༤༡༠ཕབ་བསྒྱུར་བྱས་ཡོད་པ་དང་། མི་རིགས་གྲངས་ཉུང་གི་སྐད་དང་ཡི་གེར་བསྒྱུར་བའི་གློག་བརྙན་ཁྲི༡.༠༤ཡོད་པ་རེད།

༦ མི་རིགས་ཀྱི་སྐད་ཡིག་གི་ལས་སྒྲུབ་པ་ཅི་ཐུབ་ཀྱིས་གསོ་སྐྱོང་བྱས་ཡོད། སྲིད་གཞུང་གིས་སྔ་ཕྱིར་ཀྲུང་དབྱང་དང་མི་རིགས་རང་སྐྱོང་ས་གནས་ཁག་ཏུ་མི་རིགས་གྲངས་ཉུང་གི་སྐད་ཡིག་ལས་སྒྲུབ་ཁང་དང་ཞིབ་འཇུག་ལས་ཁུངས་བཙུགས་ཡོད། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། མི་རིགས་སློབ་གླིང་ཁ་ཤས། སྐད་ཡིག་ཚན་པ་དང་འབྲེལ་བ་ཡོད་པའི་མཐོ་རིམ་སློབ་གླིང་བཅས་སུ་མི་རིགས་གྲངས་ཉུང་གི་སྐད་ཡིག་སྡེ་ཚན་〔འཛིན་གྲྭ〕ནམ་ཡང་ན་མི་རིགས་གྲངས་ཉུང་གི་སྐད་ཡིག་ཆེད་ལས་རྣམ་པ་སྣ་ཚོགས་བཙུགས་ཏེ་མི་རིགས་གྲངས་ཉུང་གི་སྐད་ཡིག་ལས་ཀ་སྒྲུབ་པའི་ལས་བྱེད་པ་དང་ཞིབ་འཇུག་པའི་དཔུང་སྡེ་ཤིན་ཏུ་མང་པོ་ཞིག་གསོ་སྐྱོང་བྱས་ཡོད་པ་ཡིན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. འདམ་སྐྱེས། says:
    ལོ་ 6 སྔོན།

    ༄། །རྔ་བ་རྒྱལ་ཁམས་པ་ལགས་ཀྱིས་དགོངས་ཚུལ་དོན་དང་ལྡན་ལ་སྐབས་དུས་དང་འཚམས་པ་ཞིག་ཏུ་མཐོང་། དེས་ན་རང་རིགས་ཡོངས་དང་ལྷག་པར་རང་གཞུང་དང་དེ་མིན་ཚོགས་པ་ཁག་བཅས་ཚང་མས་གནད་དོན་འདི། བོད་ནང་འབྲེལ་ཡོད་ཁག་གཅིག་ཙམ་མ་ཡིན་པར་ཚང་མས་རྒྱ་ནད་འདི་ཕྲན་བུའི་ཞི་འཇམ་དང་གནས་ཡུལ་རྒྱལ་ཁབ་ཁག་གི་བཀག་རྒྱ་གྲོལ་བ་དང་གནད་དུ་སྨིན་པའི་ལས་འགུལ་མུ་འཐུད་ནས་སྤེལ་དགོས་ངེས་སུ་མཐོང་།
    མ་ཟད་ང་ཚོ་ནང་ཁུལ་དུ་གཞི་མེད་ཀྱི་འཐེན་ཁྱེར་གླེང་བ་ལས་འདི་ལྟ་བུའི་ལས་དོན་དང་བརྗོད་བྱའི་ཐོག་བསམ་གཞིགས་དང་བྱ་བ་སྒྲུབས་རྒྱུ་ཆེས་ཤིན་ཏུ་གལ་ཆེན་དུ་མཐོང་། མཐའ་དོན་དགོངས་ཚུལ་གནང་མཁན་ལ་ལེགས་བརྗོད་དང་བོད་ཀྱི་དུས་བབ་གསར་ཁང་ནས་གལ་ཆེའིགནས་ཚུལ་རྣམ་མང་སྐབས་དུས་སུ་སྤེལ་དང་སྤེལ་བཞིན་པར་རྗེསུ་ཡི་རང་དང་བཀའ་དྲིན་ཆེ་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese