མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱངས་གསལ་སོ་བཞི་དང་། བོད་མིའི་ལས་དབང་།

བོད་ཀྱི་དུས་བབ།
༢༠༢༣/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

དེ་རིང་ངས་བཤད་འདོད་པ་ནི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྐོར་ཡིན་ཞིང་། ད་ལྟའི་དུས་སྐབས་འདིར་བོད་གཞིས་བྱེས་གཉིས་སུ་གནས་དགོས་པའི་ལོ་རྒྱུས་ཀྱི་སྐྱོ་གར་འདི་འདྲ་ཞིག་འོག་ཏུ་དཀའ་སྡུག་དུ་མར་གདོང་ལེན་གྱིས་གནས་དགོས་ཐུག་ཡོད། ཡིན་ནའང་དཀའ་སྡུག་ཁག་ལ་ཞུམ་མེད་ཀྱིས་གདོང་ལེན་གནང་བཞིན་མདུན་སྐྱོད་བྱེད་བཞིན་ཡོད། རྒྱལ་ཁབ་གཅིག་ལ་མཚོན་ན་སྐད་ཡིག་ནི་མེད་དུ་མི་རུང་བ་ཡིན་པ་ནི་འགྲེལ་བརྗོད་ག་ལ་དགོས། ང་ཚོའི་མི་རིགས་ལ་མཚོན་ན་སྔོན་བྱོན་ལོ་པཎ་ཚོའི་བཀའ་དྲིན་ལས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་སྐད་ཡིག་ཕུན་སུམ་ཚོགས་པ་ཡོད་པས། ང་ཚོའི་དེ་དག་ཕུན་སུམ་ཇེ་ཚོགས་སུ་གཏང་སྟེ་མདུན་སྐྱོད་གནང་དགོས་པ་དེ་རེད་སྙམ།

ད་རེས་བོད་ཡིག་སྐོར་དང་དེ་དང་འབྲེལ་བའི་ལོ་རྒྱུས་ཁག་གཞི་རྩར་འཛིན་ནས་ཚིག་ཉུང་ངུ་ཞིག་བཤད་པར་འདོད་ཅིང་། དེ་ཡང་བོད་ཡིག་བྱུང་ཚུལ་གྱི་ཐད་བཞེད་པ་མི་མཐུན་པ་ཡོད་ནའང་གང་ལྟར་དུས་རབས་བདུན་པའི་ནང་དུ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱལ་སྲིད་སྐྱོང་བའི་དགའ་སྟོན་ཉིན་མོར་མཐའ་བཞིའི་རྒྱལ་ཕྲན་ཚོ་འཚམས་འདྲི་འབྱོར་བ་དང་། དེ་དག་གི་ལན་ལ་རྒྱལ་ཁབ་སོ་སོའི་ཡི་གེ་ཐོག་ཏུ་ལན་འབུལ་དགོས་བྱུང་བས། སྲོང་བཙན་སྒམ་པོས་ཐུགས་ལ་ང་ཚོའི་རྒྱལ་ཁབ་ལ་ངེས་པར་དུ་སྐད་དང་མཐུན་པའི་ཡི་གེ་ཞིག་དགོས་ཀྱི་འདུག་དགོངས་ནས་བློན་པོ་ཐོན་མི་སཾབྷོ་ཊ་ཞེས་བྱ་བའི་ཁྱེའུ་རང་ཚུགས་བརྟན་ལ། བློ་གྲོས་གསལ་བ། དཀའ་སྡུག་ཁག་ལ་གདོང་ལེན་ཐུབ་པའི་ན་གཞོན་སྙིང་སྟོབས་ཅན་ཞིག་ཡོད་པ་རྟོགས་ནས་ཁོང་ལ་གསེར་བྱེ་བྲེ་གང་ལ་སོགས་པའི་རྫོངས་པ་བཅས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བར་གྲགས། དེ་ཡང་རྒྱལ་རབས་གསལ་བའི་མེ་ལོང་ལས། “དེ་ནས་ཐོན་མི་ཨ་ནུའི་བུ། ཐོན་མི་སམྦྷོ་ཊ་ཞེས་པའི་ཡིད་གཞུངས་པ་དབང་པོ་རྣོ་བ། ཡོན་ཏན་དུ་མ་དང་ལྡན་པ་ཅིག་ཡོད་པ་ལ། གསེར་མང་པོ་བསྐུར་ནས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་ངོ་།” ཞེས་གསལ་བ་དང་། དེ་བཞིན་ཐོན་མིའི་ཞལ་ལུང་ལས། “དེ་ལྟར་ཐོན་མི་སམྦྷོ་ཊས་རྒྱ་གར་གྱི་སྒྲ་རིག་པ་དང་ལེགས་སྦྱར་གྱི་ཡི་གེ་འབྲི་ཀློག་ལ་མཁས་ཤིང་ནང་བྱང་ཆུད་པར་བྱས་པ་དང་། བོད་རང་གི་སྐད་ཀྱི་ཐ་སྙད་སོ་སོ་དང་གདངས་ཀྱི་ང་རོ་རྣམས་ལ་ཐུགས་གཞིག་ལེགས་པར་བཅུག་པའི་མཐར་བོད་ཡིག་གསར་དུ་བཟོ་བའི་གཞི་ལེགས་པར་བཏིངས་པ་སྟེ།” ཞེས་གསལ་བ་སོགས་ཡིན་པས། ཐོན་སམྦྷོ་ཊ་ནི་བོད་མི་རིགས་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཞིག་ཡིན་པ་ནི་བརྗོད་ག་ལ་དགོས།

ལྷག་དོན་སྐབས་དེ་དུས་ད་ལྟ་ནང་བཞིན་རླངས་འཁོར་ཟེར་བ་མཐོང་རྒྱུ་ཕར་བཞག་རྣ་བར་ཐོས་མྱོང་ཙམ་ཡང་ཡོད་ཀྱི་མ་རེད། ལེ་བར་སྟོང་གི་སར་ཞབས་ཐང་དུ་ལ་ལུང་མང་པོ་བརྒལ་ནས་ངལ་བ་ཁྱད་བསད་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས། ཐོན་མིས་རྒྱ་གར་གྱི་མཁས་པ་བྲམ་ཟེ་ལི་བྱིན་གྱི་ཞབས་ལ་བསྟུག་སྟེ་གསེར་གྱི་མཆོད་པ་དང་བཅས་རིག་གནས་ཁག་ལ་ངོ་ལོ་བཞི་ཙམ་རིང་དུ་སྦྱངས་པ་མཐའ་ཕྱིན་པ་མཛད་ནས་ཕྱིར་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་ནས་ད་ལྟ་ང་ཚོའི་ལོངས་སུ་སྤྱོད་བཞིན་པ་ཡི་གེ་འདི་ཉིད་གསར་བཏོད་མཛད་པར་གྲགས།

དེ་ཡང་རྒྱལ་པོ་སྲོང་བཙན་སྒམ་པོ་རང་ཉིད་ཀྱང་ཐོན་མི་སློབ་དཔོན་དུ་བསྟེན་ཏེ་ལྷ་སའི་སྐུ་མཁར་ཕ་བོང་ཁའི་མ་རུ་ཞེས་བྱ་བར་མཚམས་བཅད་ནས་ཡི་གེ་འབྲི་ཀློག་ལ་མཁས་པར་སྦྱངས་ཚུལ་ཞེས་གྲགས་པ་དང་། དེ་བཞིན་བློན་འབངས་ཀུན་ཀྱང་རྒྱལ་པོའི་བཀའ་བཞིན་སྒྲ་དང་ཡི་གེ་ལ་སྦྱངས་བརྩོན་ལྷོད་མེད་མཛད། སྐབས་དེ་དུས་བློན་པོ་ཐོན་མི་ཉིད་ཀྱིས་བོད་ཡིག་གསར་བཟོ་དང་བརྡ་སྤྲོད་པའི་བསྟན་བཅོས་རྣམས་ཀྱང་མཛད་པར་གྲགས་སོ།

ལྷག་པར་དེ་དུས་རྒྱལ་པོ་སྲོང་བཙན་སྒམ་པོས་བློན་མོ་ཐོན་མི་ཧ་ཅང་གུས་བཀུར་དང་ཆེ་མཐོང་གནང་གི་ཡོད་པས་ནང་བློན་འགའ་ཤས་ཀྱིས་མ་འདོད་པའི་རྣམ་འགྱུར་སྟོན་པས། ཐོན་མིས་བློན་པོ་དེ་དག་འགྲན་སེམས་གཅོག་པའི་ཕྱིར་དུ་མགུར་འདི་ལྟར་གསུངས་སོ།

ང་དྲིན་ཆེན་གྱི་བློན་པོ་ཐོན་མི་ངས། ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ།།

ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད། །ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ།།

ཡིད་གུས་པའི་ཚུལ་དུ་མོས་གུས་བྱས། །ནོར་ཆེན་གསེར་གྱི་ཕྱག་རྟེན་ཕུལ།།

དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན། །བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས།།

ཚིག་དབྱངས་ཡིག་རྣམས་ལ་མཁས་པར་བསླབས། །རྒྱ་ཡིག་སུམ་ཅུར་ཕ་དེ།།

བོད་ཡིག་སུམ་ཅུར་གཏན་ལ་ཕབ། །རང་མཁས་པའི་ངེས་ཤེས་བློ་ལ་ཤར།།

ཞེས་གསུང་པ་ལྟར་ཐོན་མི་སམྦྷོ་ཊའི་བཀའ་དྲིན་ཆེན་པོ་ཡིན་པ་དང་། བོད་མི་རིགས་འདི་ཉིད་ཀྱི་སྐད་དང་མཐུན་པའི་གཞུང་ལུགས་འདི་འདྲ་གཏན་འབེབས་མཛད་གནང་ཡོད།

དེ་ནས་རིམ་གྱིས་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་གསུང་རབ་མདོ་རྒྱུད་མན་ངག་དང་བཅས་པ་རྣམས་ཕབ་སྒྱུར་གནང་འགོ་བཙུགས་པ་དང་། དུས་ད་ལྟའི་བར་སྐྱ་སེར་ཕོ་མོའི་རྒྱལ་བའི་གསུང་རབ་དེ་དག་ལ་དད་བརྩོན་བྱས་དང་བྱེད་བཞིན་ཡོད་པ་དེ་རེད། མི་ལོ་དག་གི་རིང་དུ་དུས་ཚོད་ལ་འཕོ་འགྱུར་སྣ་ཚོགས་ཤིག་ཕྱིན་ཡོད་རུང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་གསོན་པོར་གནས་ཐུབ་པ་བྱུང་ཡོད། དེ་དག་ནི་བཀའ་དྲིན་ཅན་གྱི་སྔོན་བྱོན་ལོ་པཎ་ཁོང་རྣམ་པ་ཡིན་པ་རེད། མི་རབས་གོང་མ་ཚོས་འབུད་འབུང་ལས་བསྐྲུན་པའི་རིན་ཐང་བྲལ་བའི་ཤེས་རིག་དེ་དག་ངེས་པར་ང་ཚོའི་སྦྱོང་བརྩོན་བྱེད་དགོས་པ་ཞིག་དང་། བྱེད་འོས་པ་ཞིག་ཀྱང་རེད། སྦྱོང་ན་རིན་ཐང་ཡོད་པ་ཞིག་ཀྱང་ཡིན་པ་རེད། ང་ཚོའི་ཤེས་རིག་འདི་དག་ནི་ང་ཚོའི་མི་རིགས་གཅིག་པུ་མ་ཡིན་པ་འགྲོ་བ་རིག་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཡོད་པའི་ཤེས་རིག་ཅིག་ཡིན། དེ་དག་ལ་ངེས་པར་དུ་གནས་སྐབས་ཀྱི་འཚོ་གོས་ཙམ་ལ་བསམ་བློ་མ་ཡིན་པ་ཕུགས་རྒྱངས་རིང་པོར་དགོངས་པ་བཞེས་ནས་ང་ཚོའི་ཤེས་རིག་ང་ཚོའི་གཅེས་འཛིན་གནང་ནས་སྲུང་སྐྱོབ་བྱེད་དགོས་པ་ཞིག་རེད་མ་གཏོགས་གཞན་སུ་ཞིག་གི་གཅེས་འཛིན་བྱེད་ཀྱི་མ་རེད་སྙམ།

ལྷག་པར་ཕྱི་ལོ་ ༡༩༤༩ ལོར་ནས་རྒྱ་དམར་སྲིད་གཞུང་བོད་ཤར་གྱི་ས་མཚམས་ཁག་ནས་དྲག་དམག་རིམ་གྱིས་བཙན་འཛུལ་བྱ་འགོ་བཙུགས་ཏེ་མཐར་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་དྲག་པོའི་བཙན་འཕྲོག་བྱས་ཏེ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་བསམ་ཡུལ་ལ་མེད་པའི་ཉམས་ཆགས་ཚད་མེད་བཏང་ཡོད་ལ། ཕྱི་ལོ་ ༡༩༦༦ བོད་དུ་རིག་གནས་གསར་བརྗེ་སྐབས་”རྙིང་བཞི་” (རིག་གནས་རྙིང་པ། ལུགས་སྲོལ་རྙིང་པ། གོམས་བཤིས་རྙིང་པ།) རྩ་གཏོར་ཞེས་པའི་ཆེས་གདུག་རྩུབ་ཅན་གྱི་ལས་འགུལ་སྤེལ་ཏེ། བོད་ཀྱི་སྔོན་བྱོན་མཁས་དབང་རྣམ་པས་ངལ་བ་བརྒྱ་ཕྲག་དང་དུ་བཞེས་ནས་འབད་འབུང་ལས་བསྐྲུན་པས་རྒྱལ་བའི་བཀའ་བསྟན་སོགས་རྙིང་བཞི་རྩ་གཏོར་ཞེས་ཁ་དབྱངས་སྒྲོག་ནས་ལོ་རྒྱུས་ཡུན་རིང་ལྡན་ལ་དོན་སྙིང་ཕུན་སུམ་ཚོགས་པའི་གནའ་བོའི་དགོན་རྙིང་བྱིན་ཅན་དང་། དེའི་ནང་དུ་བཞུགས་པའི་སྐུ་གསུང་ཐུགས་རྟེན་ཆེས་རིན་ཐང་ལྡན་པ་གྲངས་མེད་གཏོར་བཤིག་བཏང་བ་དང་། མེར་བསྲེགས་པ། ཆུར་དབྱུགས་པ་སོགས་བསམ་ཡུལ་ལས་འདས་པའི་གཏོར་བཤིག་ཚད་མེད་བཏང་ཡོད་ལ། དེ་བཞིན་བོད་མི་སྤྱི་ཚོགས་ནང་གི་མི་སྣ་གཙོ་ཁག་ལ་ཉེས་མིང་སྣ་ཚོགས་བཏགས་ནས་འཐབ་འཛིང་དྲག་པོ་བཏང་ནས་མི་པགས་གསོན་པོ་བཤུས་པ་དང་། མིག་འབྲས་འདོན་པ། ལུང་པོར་ལྕགས་གཟེར་བརྒྱབས་ཏེ་གསོད་པ། གསོན་པོ་སར་སྦས་པ། བུད་མེད་བཙན་གཡེམ་བྱེད་པ་སོགས་མི་སྤྱོད་ལས་འདས་པའི་བྱ་ངན་མང་པོ་བརྩམས་ཡོད་པ་རེད། དེང་སྐབས་རྒྱ་གཞུང་གིས་བོད་ལ་ཡར་རྒྱས་ཆེད་དུ་འགྲོ་གྲོན་འཕང་མེད་བཏང་རབས་བརྗོད་པ་ཙམ་ལས་བོད་དུ་རིག་གནས་བརྗེའི་ལས་འགུལ་གདུག་རྩུབ་ཅན་སྤེལ་ནས་བོད་མི་རིགས་ལ་གྱོང་གུས་ག་ཚད་བཏང་ཡོད་པ་ལབ་གླེང་མི་བྱེད་ཅིང་། གདུག་རྩུབ་ཅན་གྱི་ལས་འགུལ་དེ་དག་ནི་དམར་ཤོག་གཙོ་འཛིན་མའོ་ཙེ་ཏུང་རང་གིས་བོད་མི་རིགས་མེད་པ་བཟོ་རྒྱུའི་ཕུགས་དམིགས་ངན་པ་འཛིན་ནས་ལས་འགུལ་དེ་དག་སྤེལ་བ་ཞིག་རེད། དེ་ཡང་་གསར་བརྗེ་ཞེས་པའི་དེབ་ལས། “ཕྱི་ལོ་ ༡༩༦༦ ལོའི་ཟླ་ ༥ ཚེས་ ༡༦ ཉིན་མའོ་ཙེ་ཏུང་ནས་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་སྤེལ་དགོས་པའི་སྐུལ་བརྡ་བཏང་ཡོད།” ཅེས་གསལ་བ་དང་།  ལྷག་དོན་རྒྱལ་བ་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་དུས་མའོ་ཙེ་ཏུང་གིས་བོད་དང་སོག་པོ་གཉིས་ལ་དུག་ཆེན་པོ་ཞིག་ཁྱབ་འདུག་ན་དེས་སྤྱི་ཚོགས་ཡར་རྒྱས་དང་མི་རིགས་འཕེལ་རྒྱས་བཀག་འགོག་ཆེན་པོ་བྱེད་ཀྱི་རེད་ཅེས་བརྗོད་ཡོད་པ་རེད། དེ་ཡང་མཛད་རྣམ་ལས། “ཁྱེད་རང་གི་མཐོང་ཚུལ་དང་གནས་ཚུལ་ཧ་གོ་སོང་། འོན་ཏེ། ཆོས་ནི་དུག་རེད། དེ་ལ་སྐྱོན་ཆེན་པོ་གཉིས་པོ་ཡོད། མི་རིགས་འཕེལ་རྒྱས་དང་ཡུལ་གྱི་ཡར་རྒྱས་ལ་བཀག་འགོག་བྱེད་ཀྱི་རེད། བོད་དང་། སོག་པོ་གཉིས་ཀར་ཆོས་ཀྱི་དུག་དེ་འབྱམས་པ་རེད།” ཅེས་བརྗོད་ཡོད་པས། མའོ་ཙེ་ཏུང་གིས་མཐའ་ཐུག་གི་དམིགས་ཡུལ་གང་འདྲ་འཛིན་གྱི་ཡོད་པ་རྟོགས་ཐུབ་པ་ཞིག་རེད་ལ། ལས་འགུལ་དེ་དག་དངོས་སུ་བོད་ཁུལ་དུ་སྤེལ་ནས་གཏོར་བཤིག་ཚད་མེད་བཏང་ཡོད་པ་རེད།  དུས་ད་ལྟ་ཡིན་ནའང་རྒྱ་གཞུང་གིས་ལས་འགུལ་གདུག་རྩུབ་ཅན་དེ་དག་བོད་ནང་དུ་དངོས་གསལ་འདོད་པོ་མེད་པའི་ཐོག་ནས་སྤེལ་དང་སྤེལ་བཞིན་ཡོད། རྒྱ་དམར་གུང་ཁྲན་ཏང་གིས་བོད་ཡུལ་དེ་ཉིད་ཞི་དྲག་གཉིས་ཀྱི་ཐོག་ནས་བཙན་འཕྲོག་བྱས་པ་ཞིག་རེད། དེ་ཡང་རྒྱལ་བ་རིན་པོ་ཆེའི་གསུམ་བཅུ་དུས་དྲན་ཐེངས་དང་པའི་ཐོག་སྩལ་བའི་བཀའ་སློབ་ལས། “དེ་ནས་ཐོག་མའི་ཆར་རྒྱ་དམར་གྱིས་བརྗོད་ཚིག་ཏུ་ང་ཚོ་རྒྱ་བོད་མི་རིགས་སྤུན་ཟླ་ཡིན། རྒྱ་རིགས་རྣམས་ནི་བོད་མི་མང་གི་ཞབས་ཞུ་ཡིན་ཟེར་བ་སོགས་སྙན་པའི་གཏམ་བཤད། འཛུམ་པའི་བཞིན་དང་། དཀར་བའི་སོ་བསྟན་ནས་བློ་ཁྲིད་སྣ་ཚོགས་བྱས།” ཞེས་དང་། ཡང་”མཐར་ཞེ་སྡང་གི་རླུང་ནག་དྲག་པོས་བཅོས་མའི་གདོང་འབག་བུད་དེ་མི་སྡུག་པའི་རང་གདོང་རྗེན་པ་དངོས་སུ་བསྟན་ནས་ཆོས་བྱེད་དགེ་འདུན་གྱི་སྡེ་ལ་སྡང་དགྲའི་གཙོ་བོར་བཟུང་སྟེ་སྟོན་པ་སངས་རྒྱས་དང་བཅས་པ་ཆོས་བྱེད་མཆིས་སོ་ཅོག་ལ་སྐྱོན་བརྗོད་དང་། ངན་སྨྲས། དགོན་ཁག་བླ་གྲྭ་གཏོར་བཅོམ། སེར་སྐྱ་བསམ་ཡོད་ཕལ་ཆེར་གསོད་བཟུང་། ཉམ་ཆུང་རྒྱ་ཆེའི་མི་མང་ལ་མིང་འདོགས་ཀྱིས་ལས་དུད་འགྲོ་བའི་བཀོལ་སྤྱོད།” ཞེས་བཀའ་སློབ་གནང་དོན་ལྟར་དང་ཐོག་རྒྱ་དམར་གྱིས་ང་ཚོ་རྒྱ་བོད་སྤུན་ཟླ་ཡིན་ཚུལ་དང་། རྒྱ་རིགས་ནི་བོད་མི་མང་གི་ཞབས་ཞུ་བ་ཡིན་སོགས་ཁ་སྙན་པོ་སོགས་ཀྱི་ཐོག་ནས་བོད་དུ་བཙན་འཕྲོག་བྱས་པ་རེད།

ལྷག་པར་སྐབས་དེ་དུས་བོད་ཀྱི་སྐད་ཡིག་རྗེས་ལུས་ཡིན་ཚུལ་སྣ་ཚོགས་ཤིག་བརྗོད་དེ་སྔོན་བྱོན་མཁས་པ་ཚོས་ངལ་བ་ཁྱད་བསད་ཀྱིས་མཛད་བཞག་པའི་བརྡ་སྤྲོད་ཀྱི་ལུགས་དང་ཁྱོན་ནས་མ་མཐུན་པ་བཟོས་ནས་གཏོར་བཤིག་ཚད་མེད་བཏང་ཡོད། དེ་ཡང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ལས། “ལོ་ངོ་ཆིག་སྟོང་ལྷག་གི་རིང་སྔོན་བྱོན་མཁས་པ་ཁྲི་ཕྲག་གིས་འབད་འབུངས་ཀྱིས་གསར་བཏོད་མཛད་དེ་ཤུལ་དུ་བཞག་པའི་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་བཅས་གང་ཐད་ནས་མི་དམན་པའི་བོད་ཡིག་དེ། རྒྱུ་མཚན་མེད་པར་ཝ་སྐྱེས་སེང་གེར་རློམས་མཁན་གྱིས་རང་འདོད་ལྟར་རྩེད་མོ་བརྩེས་པ་ནི་ཧ་ཅང་མ་འོས་པ་ཞིག་རེད།” ཅེས་སྐབས་དེ་དུས་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ག་འདྲ་བྱས་ནས་གཏོར་བཤིག་བཏང་ཡོད་པ་གོང་གི་བཀའ་སློབ་དེ་དག་ལ་རྟོགས་ཐུབ་པ་ཞིག་རེད།

དེ་ནས་རིམ་པས་གཞིས་བཞུགས་མཁས་དབང་རྣམ་པས་རང་སྲོག་ལ་མ་བལྟོས་པའི་ནུས་ཤུགས་ཡོད་ཚད་བསྟན་ནས་བོད་ཀྱི་རིག་གནས་སྐྱོབ་ཐབས་སུ་འབད་བརྩོན་ལྷོད་མེད་གནང་དང་གནང་མུ་ཡིན་པ་རེད། ཁོང་རྣམ་པས་སྐུ་དྲིན་ལས་འཆི་ལམ་ནས་བསྐྱབས་ཐུབ་ཙམ་བྱུང་ཡོད། ཡིན་ནའང་དེང་སྐབས་རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཤེས་ཡོན་འཕེལ་རྒྱས་གཏོང་རྒྱུར་ཁ་བཏགས་ནས་བོད་ཕྲུག་དུ་མ་ཞིག་ཕ་མ་དང་ཁ་བྲལ་ཏེ་རྒྱ་ནག་ཏུ་ཁྲིད་ནས་བོད་ཕྲུག་རྣམས་རྒྱ་ཕྲུག་ཅན་དུ་བསྒྱུར་རྒྱུའི་ཐབས་ཤེས་བྱས་དང་བྱེད་མུ་ཡིན་པ་རེད་ལ། བོད་ཀྱི་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཚན་ཁྲིད་མི་ཆོག་པའི་བཙན་བཀའ་བཏང་དང་གཏོང་བཞིན་པ་དེ་རེད། ད་ནི་བོད་འདི་ཉིད་དངོས་པར་མི་གསལ་བའི་རྒྱ་ཡུལ་ཞིག་ཏུ་བསྒྱུར་ཐབས་བྱེད་བཞིན་ཡོད་ལ།

བོད་ནང་ལ་རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་ཏུ་ལག་བསྟར་བྱེད་སྟངས་དེ་དག་འགྲིགས་མིན་གྱི་རང་རེའི་ལྷག་བསམ་དང་སྙིང་སྟོབས་ཅན་གྱི་མི་སྣ་འགའ་ཤས་ཀྱིས་བསམ་ཚུལ་སྟོན་པ་ཙམ་ལ་ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་བཏགས་ཏེ་བཙོན་འཇུག་བྱེད་པ་དང་། མནར་གཅོད་སྣ་ཚོགས་བཏང་སྟེ་བཙོན་གྲོལ་ཐོབ་རྗེས་སུ་རིགས་འཚོ་མ་ཟིན་པ་འགྱུར་བཞིན་ཡོད། རྒྱ་གཞུང་གིས་ཁ་ནས་སྤུན་ཟླ་ཡིན་ཚུལ་སྒྲོག་གི་ཡོད་རུང་དོན་དུ་བོད་མི་རིགས་དགྲ་བོ་ངོ་མ་ཞིག་ཏུ་ངོས་འཛིན་ནས་དྲག་གནོན་བྱེད་བཞིན་ཡོད་པ་དེ་རེད།

ལྷག་པར་རྒྱལ་བ་རིན་པོ་ཆེ་གཙོས་སྐུ་འཁོར་ཧྲག་བསྡུས་ཤིག་བཙན་བྱོལ་དུ་ཕེབས་མ་ཐག་ཤེས་ཡོན་ནི་གལ་ཆེ་རང་བཞིན་ཅན་ཞིག་ཏུ་ངོས་འཛིན་གནང་སྟེ་དང་ཐོག་མ་སུ་རི་སློབ་གྲྭ་གསར་འཛུགས་གནང་བ་རེད། དེ་ནས་ ༡༩༦༡ ལོ་མགོ་དེར་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྒྱ་གར་སྲིད་བློན་ནེཧ་རུ་མཆོག་ལ་བོད་མི་ན་གཞོན་དེ་དག་གི་ཤེས་ཡོན་གྱི་འགན་དེ་རྒྱ་གར་གཞུང་གིས་བཞེས་གནང་ཡོང་བ་ཞེས་ཞུས་དོན་ལྟར། རྒྱ་གར་སྲིད་བློན་ནཧེ་རུ་མཆོག་གིས་དགའ་པོའི་ཐོག་ནས་འགན་བཞེས་མཛད་ནས་བོད་སློབ་འཛིན་སྐྱོང་ཚོགས་པ་གསར་དུ་བཙུགས་གནང་མཛད་ཡོད་པ་རེད། བཀའ་དྲིན་ཆེན་པོའི་ཐོག་ནས་རྒྱ་གར་དབུས་གཞུང་གིས་བོད་ཕྲུག་རྣམས་ལ་ཤེས་ཡོན་གྱི་མཐུན་འགྱུར་གནང་བ་ལ་བརྟེན་བོད་ཕྲུག་རྣམས་གསོ་སྐྱོང་གནང་ཐུབ་པ་བྱུང་བ་དེ་རེད། རྒྱ་གར་གཞུང་མང་གཉིས་ནི་བོད་མི་རིགས་ལ་མཚོན་ན་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པ་ནི་བརྗོད་མ་དགོས།

དང་ཐོག་ཤེས་ཡོན་གལ་ཆེ་ཞིག་ཏུ་ངོས་འཛིན་གནང་བའི་དྲིན་ལས་དེང་སྐབས་བོད་རིགས་ན་གཞོན་རྣམས་ལ་གནའ་དེང་གི་སློབ་སྦྱོང་བྱ་སའི་ཁོར་ཡུག་བཟང་པོ་སྐྲུན་ཐུབ་པ་བྱུང་ཡོད། དེ་ཡང་ཤེས་ཡོན་དང་འབྲེལ་བའི་གལ་ཆེ་ཡིག་ཆ་ཕྱོགས་བསྒྲིགས་ལས། “ང་རང་ཚོ་རྒྱ་གར་ལ་འབྱོར་ནས་བཙན་བྱོལ་པ་ཆགས་པའི་ལས་ཀ་དང་པོ་ཤེས་ཡོན་དང་། གཞིས་ཆགས་ཀྱི་ལས་ཀ་གཉིས་པོ་དེ་གལ་ཆེ་ཤོས་སུ་བརྩིས་ནས་སློབ་གྲྭའི་ལས་ཀ་འདི་དག་ད་ལྟ་བར་ཡག་ཐག་ཆོད་བྱུང་ཡོད།” ཅེས་བཀའ་སློབ་གནང་ཡོད། འོན་ཀྱང་རྒྱལ་བ་རིན་པོ་ཆེའི་དགོངས་པ་རླབས་ཆེན་བཞེས་ནས་བཙུགས་པའི་གཞིས་སྒར་ཁག་ཏུ་དེང་སྐབས་བོད་མི་སྡོད་མཁན་ཉུང་རུ་འགྱུར་བཞིན་ཡོད།

ད་ནི་ང་ཚོ་མི་ཡུལ་ལུང་པར་བཙན་བྱོལ་ལ་སླེབས་ནས་མི་ལོ་རེ་བཞི་ཙམ་འགྲོ་བཞིན་ཡོད། ད་དུང་ང་ཚོའི་བདེན་པའི་མཐའ་སེལ་ཐུབ་མེད་ན། ང་ཚོ་ཚང་མའི་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་བོད་རིགས་ཚང་མས་རྣམ་རིག་བསྒྲིམ་ནས་མདུན་སྐྱོད་གནང་དགོས་པ་ཞིག་ལས། ལེ་ལོ་དང་རྣམ་གཡེང་བྱེད་པའི་དུས་ཚོད་ཅིག་གཏན་ནས་མ་རེད་སྙམ། ནང་ཁུལ་གྱི་ལབ་གླེང་ཆུང་ཚག་འདོར་ནས་ང་ཚོ་ཚང་མ་མཉམ་རུབ་ཀྱིས་བོད་དོན་བདེན་སེལ་ཐབས་སུ་མདུན་སྐྱེད་གནང་བ་ཡིན་ན་ནུས་སྟོབས་ཆེ་ལ། འགྲུབ་འབྲས་ཆེ་བ་མཐོན་གྱི་ཡོད་པ་ནི་འབྲེལ་བརྗོད་མ་དགོས་པ་ཞིག་རེད་སྙམ། ད་ལྟའི་དུས་སྐབས་སུ་ང་ཚོ་ཚང་མ་གཞན་དབང་སྟབས་བསྟུན་འོག་གནས་དགོས་དུས་ཕྱི་ནང་གང་ཅི་ཐད་ནས་དཀའ་ངལ་ཡོད་རུང་། དཀའ་ངལ་དེ་དག་ཐོག་ཏུ་གདོང་ལེན་གནང་ནས་བརྩོན་པ་རྒྱུན་བསྲིང་གནང་དགོས་པ་ཞིག་ལས་ཉིན་མ་དང་ཟླ་བ་ཁ་ཤས་ནང་དུ་ང་ཚོའི་རྩ་དོན་འགྲུབ་འབྲས་སྨིན་པ་དེ་འདྲ་ཞིག་མ་རེད། ང་ཚོའི་ཐབས་རྩོད་ནི་མི་རིགས་ཀྱི་འཐབ་རྩོད་ཡིན་དུས་མི་ཡུལ་ལུང་པར་ག་ཚོད་གནས་དགོས་བྱུང་རུང་། གནས་སྐབས་ཀྱི་བསམ་བློ་་མ་ཡིན་པ་ཕུག་རྒྱངས་རིང་པོའི་དགོངས་པ་བཞེས་ནས་འཆར་གཞི་གོ་རིམ་སྒྲིག་ནས་རྩ་དོན་རྩོད་གླེང་གནང་དགོས་པ་ཞིག་རེད་སྙམ།

ལྷག་པར་ང་ཚོའི་སྐད་ཡིག་ནི་ང་ཚོའི་ཕན་ཚུན་བར་བཀོལ་སྤྱོད་གནང་དགོས་པ་གཞན་གྱི་བཀོལ་སྤྱོད་ག་ལ་བྱ། དེར་བརྟེན་ང་ཚོ་ནང་ཁུལ་ལ་ངེས་པར་བོད་སྐད་དང་བོད་ཡིག་བཀོལ་སྤྱོད་གནང་ཚེ་རྒྱུན་གནས་ཐུབ་ངེས་སྙམ། དེ་མ་གཏོགས་ང་ཚོའི་སྐད་ཡིག་ག་ཚད་ཡག་རབས་བརྗོད་རུང་རིམ་གྱིས་འཇིག་འགྲོ་རྒྱུ་ཡིན་པ་ནི་འགྲེལ་བརྗོད་མ་དགོས་སོ། དེང་སྐབས་རྒྱ་དམར་སྲིད་གཞུང་གིས་བོད་ཅེས་མིང་ཚིག་འདི་ཉིད་མེད་པ་བཟོ་ཐབས་ཀྱིས་འབད་བརྩོན་སྣ་ཚོགས་ཤིག་བྱེད་བཞིན་ཡོད། ང་ཚོས་དེ་དག་ངེས་པར་ཤེས་དགོས་པ་ཞིག་རེད། གལ་ཆེ་ལས་ཁུངས་ཆེ་ཁག་གི་སྒོ་བྱང་ཚུན་ཆད་བོད་ཅེས་པ་མིང་འདི་ཉིད་འདོར་ནས་བྲིས་བསྡད་ན། ཉིན་གཅིག་ཨ་ཁ་བསམ་པའི་དུས་ཚོད་གཅིག་སླེབས་དུས་དེ་དུས་འཕྱིས་ཟིན་པ་རེད་སྙམ། ད་ལྟ་ནས་ཡིད་གཟབ་གནང་དགོས་པའི་དུས་ལ་སླེབས་འདུག་པ་ལས་གནས་སྐབས་ཀྱི་དགོས་མཁོ་དང་བསྟུན་ནས་གནང་བསྡད་ཚེ་མཐའ་མཇུག་ང་ཚོའི་མི་རིགས་ལ་གྱོང་གུད་བྱུང་ན་དེ་ནི་ཡིད་ཕམ་དགོས་པའི་གནད་དོན་ཞིག་རེད་སྙམ།  དེ་དག་ནི་མི་ཆུང་ཁ་ནས་གཏམ་ཆེན་འདྲ་ཆགས་སོང་ན་སེམས་ཀྱི་མ་བཟོད་ནས་ཤོར་སོང་བས་འབྲེལ་ཡོད་རྣམ་པ་དགོངས་པ་མ་ཚོམས་རོགས།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༡༦ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༡༨ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese