ཉེ་ལམ་རྒྱ་ནག་གཞུང་གིས་གསང་སྟབས་ཀྱིས་བོད་ཀྱི་རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་ཀློད་གྲོལ་བྱས་ཡོད་ཅིང་། འདས་པའི་ཉིན་ཤས་རིང་ཁོང་གིས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་སྐུ་གཟུགས་ལ་བརྟག་དཔྱད་གནང་ཡོད་པ་ལྟར། འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་ཁོང་གི་སྐུ་གཟུགས་བདེ་ཐང་ཡིན་པའི་ཁུངས་ལྡན་གནས་ཚུལ་འབྱོར་བྱུང་།
གནས་ཚུལ་མཁོ་སྤྲོད་པས་འདི་གའི་གསར་འགོད་པར། ཁོང་གི་ནང་མི་དང་གྲོགས་པོ་སོགས་ཁྲིན་ཏུའུ་རུ་སྣེ་ལེན་བྱེད་དུ་ཕྱིན་ཏེ། ཁོང་གིས་ཁྲིན་ཏུའུ་ནས་གཟུགས་གཞི་བརྟག་དཔྱད་གནང་བ་བརྒྱུད། སྐུ་གཟུགས་བདེ་མོ་སྐྱིད་པོ་ཡིན་པ་དང་། ད་ལྟའི་འཆར་ན་རྒྱུ་དང་ཚ་རྒྱུ་ཅི་ཡང་མེད་ཅིང་། ཁོང་མི་འགྱངས་བར་ཕྱིར་ཕ་ཡུལ་དུ་ལོག་རྒྱུ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས། སྤྱིར་རྒྱ་ནག་གཞུང་གིས་ཁོང་ཀློད་གྲོལ་བྱས་ཡོད་ཀྱང་། ཁོང་གི་འགྲོ་འདུག་སྤྱོད་གསུམ་ཚུད་པའི་མི་སྣ་ཁག་ཅིག་ལ་ཐུག་འཕྲད་བྱ་རྒྱུར་ལྟ་སྲུང་དང་དམ་དྲག་ཆེན་པོ་བྱེད་ཀྱིན་ཡོད་པའི་ཁར། ཁོང་གི་ནང་མི་ཉེ་འབྲེལ་སོགས་ཀྱིས་ཁོང་གི་པར་ཡར་མར་བརྒྱུད་སྐུར་བྱ་རྒྱུ་མེད་པའི་བཀོད་མངགས་བྱས་ཡོད་སྐོར་བརྗོད་བྱུང་།
རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་ཕྱི་ལོ་ ༢༠༡༩ ཟླ་ ༦ པའི་ནང་ཁྲིན་ཏུའུ་གྲོང་ཁྱེར་ནས་གློ་བུར་དུ་འཛིན་བཟུང་བྱས་ཏེ། ལོ་གཉིས་ལྷག་ལ་ཁྱིམ་མི་གཉེན་ཉེ་སོགས་ལ་གཏན་ནས་ཐུག་འཕྲད་བྱེད་དུ་མ་བཅུག་པར་བཀག་ཉར་འདྲི་རྩད་བྱས་རྗེས། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༤ ཉིན་ཁོང་གི་ནང་མི་འབོད་སྒུག་བྱས་ཏེ་ཁོང་གི་སྐོར་ལ་སྐད་ཆ་བཤད་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་། ཕྱིས་སུ་གསང་བའི་ཁྲིམས་ཐག་བཅད་དེ་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཡས་མས་སུ་ནང་མི་ཚོར་ཁོང་ལ་ཁྲིམས་ཐག་བཅད་ཟིན་པའི་བརྡ་ལན་སྤྲད་ཡོད་པ་རེད།
རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་ནི་ཕྱི་ལོ་ ༡༩༨༠ ལོར་བོད་མགོ་ལོག་པདྨ་རྫོང་དུ་སྐྱེས་ཤིང་། ལོ་ ༡༡ ཐོག་གསེར་རྟ་བླ་རུང་སྒར་གྱི་ཆོས་སྒོར་ཞུགས་ཏེ་བསླབ་པ་སློབ་གཉེར་གནང་ཡོད་པ་དང་། རང་ལོ་ ༢༨ ཐོག་དབུས་ཀྱི་གདན་ས་འབྲས་སྤུངས་དང་སེ་ར་སོགས་སུ་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། ཕྱིས་སུ་སྐྱ་སར་བབས་ཏེ་གཉེན་སྒྲིག་བྱས་ནས་བྱིས་པ་ཆུང་ཆུང་ཞིག་ཀྱང་ཡོད་པ་རེད།
ཕྱི་ལོ་ ༢༠༠༨ ལོར་ཁོང་གིས་བོད་ཀྱི་ས་ཁུལ་མང་པོར་ཞིབ་འཇུག་གི་འགྲུལ་བཞུད་གནང་སྟེ་སྔ་གཞུག་ཏུ་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བའི་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་དང་། བསྟུན་རྒོལ་ཁྲིམས་གཏུགས་སོགས་བོད་ནང་གི་དངོས་ཡོད་གནས་སྟངས་བྲིས་པའི་དཔེ་དེབ་གསུམ་བཞི་ཞིག་བྲིས་ཡོད་པ་རེད།
English version: Dhi Lhaden is Placed Under Heavy Restrictions
གསར་འགོད་པ། དཔལ་ལྡན།