རྩོམ་པ་པོ། ཝེ་ཧུའུ།
(ཟི་ཁྲོན་གཙུག་ལག་སློབ་ཆེན་གྱི་བོད་རིག་པའི་ལྟེ་གནས།)
སྒྱུར་པ་པོ། རྨ་ཀླུང་ལྷ་མོ་སྐྱབས།
[དཔྱད་རྩོམ་སྙིང་བསྡུས།] ཐང་རྒྱལ་རབས་ཀྱི་ཡིག་ཚགས་ནང་དུ་བོད་ཀྱི་གསེར་དངུལ་གྱིས་བྱས་པའི་ལག་རྩལ་དག་འཁོད་ཡོད་པར་མ་ཟད། དེ་ཚོའི་ཁྱད་དུ་འཕགས་པའི་བཟོ་བཀོད་དང་ཁྱད་ཆོས་ལ་བརྟེན་ནས་འཛམ་གླིང་གང་སར་སྙན་གྲགས་ཀུན་ནས་ཁྱབ་ཡོད། འོན་ཀྱང་། [གསེར་དངུལ་ཡོ་བྱད་]དེ་དག་གི་དཔེ་མཚོན་ཉུང་ཉུང་ཞིག་ལས་གསར་རྙེད་བྱུང་མེད། ཉེ་ལམ་བོད་མདོ་དབུས་མཐོ་སྒང་དུ་བོད་ཀྱི་བང་སོ་སྔོག་འདོན་བྱས་པ་ལས་ཐོན་པའི་བོད་ཀྱི་གསེར་དངུལ་གྱི་རྫ་ཆས་དང་ཕྱི་གླིང་དུ་ཉར་ཚགས་བྱས་པ་རྣམས་ཀྱི་ཞིབ་འཇུག་གཞིར་བཟུང་ན། དཔྱད་རྩོམ་འདི་གར་ཡིག་ཐོག་གི་ལོ་རྒྱུས་དང་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་བྱུང་བ་གཉིས་ལ་བརྟེན་ནས་བོད་ཀྱི་གསེར་དངུལ་ལག་རྩལ་གྱི་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་བྱུང་ཡོད་པར་ཆ་འཇོག་བྱེད་ཀྱི་ཡོད། ཨེ་ཤི་ཡ་ནུབ་མ་དང་། ཨེ་ཤི་ཡའི་ཡུལ་དབུས། ཐང་རྒྱལ་རབས་སྐབས་སུ་བཟོས་པའི་གསེར་དངུལ་གྱི་ཅ་དངོས་དག་ལ་བསྡུར་བ་ཡིན་ན་ལག་རྩལ་གྱི་ངོས་ཐད་ནས་བོད་ཀྱི་དངོས་ཟོག་དག་གི་སྙིང་པོའང་ཐོན་རྫས་དེ་དག་དང་མཉམ་དུ་བསྡུར་ཐུབ་པ་ཞིག་ཏུ་སྣང་ལ། སྐབས་དེ་དུས་ནས་བོད་ནི་ཨེ་ཤ་ཡའི་ཤར་ཕྱོགས་སུ་གསེར་དངུལ་གྱི་རྫ་ཆས་ཐོན་བསྐྱེད་བྱེད་སའི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་ཀྱི་གསེར་དངུལ་རྫ་ཆས་དག་གིས་ཉེ་འཁོར་གྱི་མི་རིགས་པར་ཟིག་དང་། སོག་དག དེ་བཞིན་ཐང་རྒྱལ་རབས་བཅས་ནང་ཕན་ཚུན་ལ་རིག་གཞུང་གི་འབྲེལ་འདྲིས་དང་ཤན་ཤུགས་ཡོད་པ་གསལ་པོར་མཚོན་ཐུབ། དེ་ཡང་གསེར་དངུལ་གྱི་རྫ་ཆས་དག་ལ་བརྟེན་ནས་བོད་ཀྱི་མངའ་ཐང་རྒྱ་བསྐྱེད་ནི་རྒྱ་ནག་གི་ནུབ་བྱང་དང་བྱང་ཕྱོགས་ས་ཁུལ་གྱི་རྩྭ་ཐང་གི་འབྲོག་སྡེ་ཚོ་དང་ལྷན་ཅིག་ཏུ་འབྲེལ་བ་དམ་ཟབ་བྱུང་པའི་བརྒྱུད་རིམ་ཞིག་ཀྱང་མངོན་ཐུབ་པར་སྣང་ངོ་།།
[གལ་ཆེའི་ཐ་སྙད།] གསེར་དངུལ་གྱི་རྫ་ཆས། རྒྱ་ནག་དང་རྒྱལ་ཁབ་གཞན་དག་གི་རིག་གཞུང་འབྲེལ་འདྲིས། བོད་ཀྱི་གནའ་རྫས་རྟོག་ཞིབ་རིག་པ།
བརྗོད་དོན་སྐོར་གྱི་ངོ་སྤྲོད་མདོར་བསྡུས།
དཔྱད་རྩོམ་འདིའི་ནང་དུ་བོད་རང་གི་ས་ཁུལ་དང་ཉེ་འཁོར་དག་ནས་བྱུང་བའི་སྣོད་ཆས་བཅས་བོད་ཀྱི་གསེར་དངུལ་རྫ་ཆས་རྣམས་གླེང་སློང་བྱས་ཡོད། བོད་བཙན་པོའི་དུས་སྐབས་ (དུས་རབས་བདུན་པ་ནས་བཅུ་པ་བར།) སུ་བོད་ཀྱི་རིག་གནས་ལ་རྒྱ་ནག་རིག་གནས་ཀྱིས་ཤུགས་རྐྱེན་ཆེས་ཆེར་ཐེབས་ཡོད། དེ་དང་མཉམ་དུ་བོད་ཀྱི་ལྕགས་རིགས་ལག་རྩལ་ལ་ཉེ་འཁོར་གྱི་མི་རིགས་ཚོའི་ཤན་ཡང་ཤུགས་ཡོད། གསེར་དང་དངུལ་གྱི་ལག་རྩལ་ནི་ལག་ཤེས་གཞན་དག་ལས་ཆེས་གལ་འགངས་ཅན་ཞིག་ཏུ་སྣང་། ལོ་རྒྱུས་ཀྱི་ཡིག་ཆ་ལྟར་ན། ཐང་རྒྱལ་རབས་ཀྱི་ཕོ་བྲང་དུ་སྐྱེས་སུ་བཏེགས་པའི་ཆོ་ག་ཕྱག་ལེན་གྱི་དངོས་ཟོག་དག་ནི་བོད་ཀྱི་གསེར་དངུལ་ཡོ་བྱད་ཁྲོད་དུ་དམིགས་བསལ་གྱི་གལ་ཆེན་དུ་མཐོང་། ལོ་རྒྱུས་ཀྱི་ཟིན་ཐོ་དག་ཏུ་བོད་མི་ཚོས་འཚོ་བའི་གྲུབ་ཆ་སྣ་ཚོགས་སུ་དེ་དག་བཀོལ་སྤྱོད་ཤིན་ཏུ་ཆེ་བར་བསྟན་ཡོད། ལོ་རྒྱུས་ཡིག་ཆའི་ཁྲོད་དུ་བོད་ཀྱི་གསེར་དངུལ་གྱིས་བཟོས་པའི་སྣོད་ཆས་ལས་འགའ་ཤས་རྟེན་འབུལ་ཆེད་དུ་བཟོས་པའི་ཆོ་ག་ཕྱག་ལེན་གྱི་ཡོ་བྱད་དཀོན་པོ་དག་ཀྱང་མཆིས། གཞན་དག་ནི་བོད་ཀྱི་མཐོ་རིམ་མི་སྣའི་སྤྱི་ཚོགས་ཀྱི་གནས་བབ་མཚོན་པར་བྱེད་པའི་རྒྱས་སྤྲོས་སླད་དུ་བཟོས་པའི་ཅ་དངོས་ཡིན། དུས་ཡུན་རིང་པོ་ཞིག་ལ་གནའ་བོའི་བོད་ཀྱི་རིག་དངོས་ཁྲོད་དུ་གསེར་དངུལ་གྱི་སྣོད་ཆས་རིགས་ཧ་ཅང་དཀོན་ལ་དེ་དག་ནི་མི་རབས་ནས་མི་རབས་བརྒྱུད་དེ་བྱུང་བ་དང་། གནའ་རྫས་རྟོག་ཞིབ་པ་ཚོས་སྔོག་འདོན་བྱས་པའི་རིགས་ཡིན། དེར་བརྟེན། ང་ཚོས་ལོ་རྒྱུས་ཀྱི་ཡིག་ཆར་འཁོད་པ་ཇི་བཞིན་ཅ་དངོས་ཕུན་སུམ་ཚོགས་པ་དེ་དག་ལ་བསྡུར་ཐབས་མེད། རྒྱ་ནག་དམག་ཤོག་བཙུགས་ཏེ་ཉེ་བའི་བགྲང་བྱ་བཅུ་ཙམ་གྱི་རིང་དུ་བོད་ཀྱི་གནའ་རྫས་རྟོག་ཞིབ་མགྱོགས་མྱུར་ངང་ནས་འཕེལ་རྒྱས་ཕྱིན། མཐའ་མར་དཔྱད་རྩོམ་འདི་ཉིད་འབྲི་བ་ལ་གནའ་ཤུལ་སྔོག་འདོན་ཁྲོད་ནས་བསྐྱར་གསོ་བྱས་པའི་རིག་དངོས་དག་དང་ཕྱི་གླིང་དུ་བསྡུ་རུབ་བྱས་པའི་དཔེར་མཚོན་རྣམས་ལྷག་ཅིག་ཏུ་བསྒྲིལ་ཏེ་ང་ཚོས་གསེར་དངུལ་ལྕགས་རིགས་སུ་གཏོགས་པའི་རིགས་འདང་ངེས་པ་ཞིག་འཚོལ་ཞིབ་བྱས་ཡོད་དོ།།
ཉར་ཚགས་བྱས་པ་དང་གསར་རྙེད་བྱུང་བའི་བོད་ཀྱི་གསེར་དངུལ་རྫ་ཆས།
བོད་ཀྱི་གསེར་དངུལ་གྱི་རྫ་ཆས་ཁྲོད་དུ་ཕལ་ཆེ་བ་བཟོ་བཀོད་ཤིན་ཏུ་ལེགས་པའི་བུམ་པ་དང་། ཇ་ཕོར། ཕོར་པ། སྡེར་མ་བཅས་ཀྱི་རྣམ་པ་འབའ་ཞིག་ཏུ་སྣང་ལ་[དེ་དག་]དཔྱད་རྩོམ་འདིའི་ནང་དུ་གླེང་སློང་བྱ་ཡུལ་གྱི་རྣམ་གྲངས་གཙོ་བོའང་ཡིན།
༡) དངུལ་གྱི་བུམ་པ་ལྔ།
བུམ་པ་དེ་དག་གི་བུམ་མཆུ་ཕྱིར་གུག་ཅིང་སྐེ་དོག་ལ་རིང་བ། དཔུང་ཟླུམ་ལ་གྲོད་པ་འབུར་བ་དང་། ཞབས་སྒོར་སྒོར་ཡིན་པའི་བཟོ་དབྱིབས་དག་[ཕན་ཚུན།]ཀུན་ནས་མཚུངས། གཤམ་དུ་བུམ་པ་དེ་དག་གི་ཁྱད་ཆོས་དམིགས་བསལ་འགའ་བརྗོད་ན། སྤྱིར་བུམ་པའི་སྐེ་དང་ཞབས་སྟོང་པ་དག་མུ་ཏིག་གི་ཕྲེང་བས་བརྒྱན་པ་དང་། བུམ་པའི་ལྟོ་བའང་སེམས་ཅན་དང་རྩི་ཤིང་གི་གཟུགས་བརྙན་དག་བརྐོས་ཏེ་མཛེས་པར་སྤུད་ཡོད།
བོད་ཀྱི་དངུལ་བུམ་དང་ཐང་རྒྱལ་རབས་སྐབས་སུ་ཐོན་པའི་དངུལ་བུམ་རྣམས་ཀྱི་བཟོ་བཀོད་མཚུངས་མོད་ཀྱང་བོད་ཀྱི་དངུལ་བུམ་དག་གི་མཆུ་ཆེར་ཕྱིར་གུག་ཅིང་མུ་ཁྱུད་ཅུང་རྒྱ་ཆེ། ཐང་རྒྱལ་རབས་དུས་ཀྱི་དངུལ་བུམ་ལ་བསྡུར་ན་བོད་ཀྱི་བུམ་པའི་སྐེ་ཅུང་ཙམ་ཐུང་ཞིང་(བུམ་མཆུ།)རྒྱ་ཆེ་བར་མངོན། དེ་བཞིན་བོད་ཀྱི་བུམ་པའི་ཞབས་སྒོར་སྒོར་དེའང་ཕྱིར་ཕྱོགས་སུ་ཅུང་ཟད་གསེག་ནས་ཡོད། དེ་ལས་ལྡོག་སྟེ་ཐང་རྒྱལ་རབས་སྐབས་ཀྱི་དངུལ་བུམ་གྱི་ཞབས་དམའ་ཞིང་ཆུང་བ་དང་། ཕྱོགས་ཚང་མ་དྲང་མོར་བབས་ཡོད། ཁྱོན་ཡོངས་ནས་བལྟས་ན་དེ་གཉིས་ཀྱི་མཚུངས་ཆོས་ལས་ཀྱང་ཁྱད་པར་མང་བ་མཐོང་། ལྷག་པར་དུ་དེ་གཉིས་ཀྱི་མཛེས་རྒྱན་ཁྲོད་ཀྱི་ཁྱད་པར་མངོན་པར་གསལ་ནི་གལ་ཆེས་ཤོས་སུ་འཁུམས། ཐང་རྒྱལ་རབས་ཀྱི་དངུལ་བུམ་དག་ལ་རྒུན་འབྲུམ་དང་། ཆང་རིས་ཀྱི་ཤུལ། བྱ་བྱེའུ་འཕུར་བ་བཅས་ཀྱིས་མཛེས་པར་བརྒྱན། བྱ་བྱེའུ་དང་རྒུན་ཆང་གི་རི་མོ་དང་མཐུན་པར་བྱས་ཤིང་བུམ་པའི་གྲོད་པར་ལྷ་སྒྲུང་ཁྲོད་ཀྱི་སེམས་ཅན་དང་སེང་གེ་བཅས་ཀྱི་སྣང་བརྙན་བཞེངས་ཏེ་བརྐོས་ཡོད། དེ་ལས་ལྡོག་སྟེ་དངུལ་བུམ་གྱི་སྐེ་ལ་བཏབ་པའི་མུ་ཏིག་གི་རྒྱན་དང་ཞབས་སྒོར་སྒོར་ཅན་དག་བོད་ཀྱི་དངུལ་བུམ་དག་གི་ཐུན་མོང་མ་ཡིན་པའི་བཟོ་བཀོད་ཀྱི་ཁྱད་ཆོས་ཤིག་ཏུ་ཟད། ཁྱད་པར་གཞན་ཞིག་ནི་རྩི་ཤིང་བྲིས་པའི་བཟོ་བཀོད་ཀྱི་ཡལ་ཀ་དང་ལོ་མའི་མཐུག་ཚད་དེ་ཡིན་ཞིང་། ལྟོས་ས་ལྟོས་འཇོག་གི་སྒོ་ནས་བཟོ་དབྱིབས་ལ་མ་བཅོས་པའི་རྣམ་པ་ཞིག་ཏུ་མངོན། བོད་ཀྱི་བུམ་པའི་ཁྱད་ཆོས་གསུམ་པ་ནི་བཟོ་བཀོད་ཡ་མཚན་པ་ཞིག་སྟེ། སེམས་ཅན་སྣ་ཚོགས་བྲིས་པ་དང་རྒྱུས་མངའ་མེད་པའི་དབྱིབས་ཅི་རིགས་བཀོད་སྤྱོད་བྱེད་པ་དེ་རེད། དཔེར་ན། ཨ་རིའི་ཆི་ཁ་ཀོའི་ས་ཁུལ་དུ་སྒེར་གྱི་ཉར་ཚགས་བྱས་པའི་བོད་ཀྱི་དངུལ་བུམ་སྟེང་དུ་ (དཔེ་རིས་དང་པོ།) དྲང་ཚུགས་སུ་ལངས་ཤིང་སྐེ་ཕར་བསྐྱོགས་པའི་བྱ་རིགས་ཆ་འདྲ་བ་གསུམ་ཡོད། གཅིག་ལ་ཟེ་བ་ཡོད་པར་མ་ཟད་གཅིག་ཤོས་ལ་རྭ་ཅོ་དང་། མཐའ་མ་དེར་ལྕེ་རིང་ལ་འབུར་དུ་ཐོན་པ་ཞིག་མཆིས། ཁོང་ཚོའི་དབར་དུ་མེ་ཏོག་བཞད་པའི་རྩ་ཤིང་གིས་བཟོ་བཀོད་ལེགས་པར་བྲིས་ཤིང་། དངུལ་བུམ་གྱི་ལྟོ་བར་ལྷ་སྒྲུང་ཁྲོད་ཀྱི་སྲོག་ཆགས་གསུམ་སྟེ། རྟ་དང་། འབྲུག སེང་གེ་བཅས་ཡིན།
༢) དངུལ་གྱི་ཇ་ཕོར་ཡུ་བ་ཅན་དྲུག
ཇ་ཕོར་འདི་ལྟ་བུ་ནི་ཐང་རྒྱལ་རབས་དང་། པར་སིག སོག་དག་བཅས་ཀྱི་གསེར་དངུལ་གྱིས་བྱས་པའི་སྣོད་ཆས་ཁྲོད་དུ་གྲགས་ཆེ་ཞིང་། ཕྱི་ལོ ༡༩༩༩ སྐུ་ཞབས་ཆི་ཏུང་ཧྥང་གིས་དེ་དག་ལ་ཡུ་བ་ཅན་གྱི་ཇ་ཕོར་ཞེས་འབོད་པ་ཡིན། རྒྱུ་མཚན་ནི་ཡུ་བ་གཅིག་ཇ་ཕོར་གྱི་ཁ་ནས་ཞབས་བར་དུ་འབྱར་ནས་ཡོད། ཁོང་གིས་ཐང་རྒྱལ་རབས་སྐབས་སུ་དར་བའི་ཇ་ཕོར་དེ་དག་ནི་རྒྱ་ནག་གི་སྲོལ་རྒྱུན་ལག་རྩལ་ནས་བྱུང་བ་ཞིག་ཏུ་ཆ་འཇོག་མི་བྱེད། ཡིན་ཡང་། [ཇ་ཕོར་དེ་དག་ལ་]ནུབ་ཕྱོགས་ཀྱི་ཤུགས་རྐྱེན་གསལ་པོར་མངོན་ཡོད། ཕྱི་གླིང་གི་ལག་རྩལ་པ་ཚོས་དེ་འདྲ་འགའ་ཞིག་བཟོས་ཡོད་སྲིད་ཀྱང་གཞན་དག་གིས་ཐང་རྒྱལ་རབས་ནས་དཔེ་བླངས་པར་འདོད། བོད་ཀྱི་ཡུ་བ་དང་ལྡན་པའི་ཇ་ཕོར་དག་ཐང་རྒྱལ་རབས་དང་སོག་དག་གི་ཇ་ཕོར་དག་དང་མཚུངས། ཐང་རྒྱལ་རབས་དང་སོག་དག་གི་གསེར་དངུལ་གྱིས་བཟོས་པའི་ཇ་ཕོར་ཡུ་བ་ཅན་རྣམས་ལ་བསྡུར་ན་བོད་ཀྱི་ཇ་ཕོར་དྲུག་གི་ཆེས་ཁྱད་དུ་འཕགས་པའི་ཁྱད་ཆོས་དག་ནི་ཕོར་གཟུགས་སྒོར་སྒོར་ཡིན་ལ་ལྟོ་བ་དམའ་ཞིང་། མཆུ་ནི་ཇ་ཕོར་གྱི་མཐོ་ཚད་ལས་ཀྱང་ཞེང་ཁ་ཆེ་བ་དང་ཇ་ཕོར་གྱི་ཞབས་སྒོར་སྒོར་ཆུང་ཆུང་ཞིག་ཡིན། དེའི་སྟབས་ཀྱིས་ཕོར་བའམ་དཀར་ཡོལ་གྱི་བཟོ་བཀོད་དང་མཚུངས། དེ་ཡང་བོད་ཀྱི་ཇ་ཕོར་དྲུག་ནི་ཟུར་བརྒྱད་དབྱིབས་ཅན་དང་། མདོང་དབྱིབས་ཅན། བུམ་རིས་མ་ལྟ་བུའི་རྒྱ་ནག་གི་བཟོ་བཀོད་ནང་དུ་མི་ཚུད། རྒྱུ་མཚན་དེའི་ཕྱིར་ན། ང་ཚོས་བོད་ཀྱི་ལྕགས་རིགས་བཟོ་མཁན་རྣམས་ཀྱིས་ཐང་རྒྱལ་རབས་དང་སོག་དག་གི་མ་དཔེ་བླངས་ཡོད་པར་རྩོད་པ་ཡོད་ཀྱང་། ཁོང་ཚོས་ཐད་ཀར་[ཐང་རྒྱལ་རབས་དང་སོག་དག་བཅས་ནས།]དཔེ་བླངས་མི་འདུག
༣) ཞབས་མཐོ་བའི་གསེར་གྱི་ཇ་ཕོར།
ཇ་ཕོར་གྱི་མཆུའི་ངོས་འགྲམ་དུ་སེམས་ཅན་སྣ་ཚོགས་ཀྱིས་མཚོན་པར་བྱས་ཡོད་ལ་ཕལ་ཆེར་ལོ་རྟགས་བཅུ་གཉིས་ཀྱི་སེམས་ཅན་དག་ལས་ཕག་དང་། ཡོས། གླང་། སྟག་བཅས་གཡས་ནས་གཡོན་དུ་བྲིས་ཡོད། ཇ་ཕོར་གྱི་ལྟོ་བ་ནི་ཆང་དང་རྩི་ཤིང་སྐྱེ་བ་བཅས་ཀྱིས་སྤྲས་ཡོད། བདུད་རྩི་འབབ་པའི་ངོགས་སུ་འབྲུག་དང་། སེང་གེ རི་དྭགས་བསེ་རུ། དེ་བཞིན་སེམས་ཅན་གཞན་རྣམས་མངོན་པར་བྱས་ཤིང་ཡུ་བའི་སྒང་དང་ཞབས་ཀྱི་མཐའ་རྒྱན་མུ་ཏིག་ཕྲེང་བས་སྤུད། ཐོ་གཞུང་ལྟར་ན་ཇ་ཕོར་དེ་ནི་ཞིན་ཅང་ས་ཁུལ་དུ་སྔོག་འདོན་བྱས་ཏེ་རྙེད་པར་བརྗོད། དེའི་ལོ་ཚིགས་ནི་བོད་བཙན་པོའི་དུས་སྐབས་(དུས་རབས་བདུན་པ་ནས་བརྒྱད་པ།)སུ་འཁེལ།
༤) དངུལ་གྱི་ཡོ་བྱད།
བོད་ཀྱི་དངུལ་ཆས་སུ་གཏོགས་པའི་སྣོད་ཆེན་པོ་དག་མི་རབས་ནས་མི་རབས་བརྒྱུད་ནས་བྱུང་བ་ཞིག་ཏུ་འདོད་ལ་[བུམ་རྫ]འདི་ནི་ལྷ་སའི་ཇོ་ཁང་ནས་བསྡུ་ཉར་བྱས་པ་ཞིག་རེད།(དཔེ་རིས། དགུ་པ། གོང་།) དེའི་བཟོ་བཀོད་ཀྱི་ཐད་ལ་མཁས་པ་རྒན་རབས་པ་རྣམས་ཀྱིས་[བོད་ནས་བྱུང་བར་]མོས་མཐུན་མི་བྱེད་པར་མ་ཟད། དེ་ནི་རྒྱ་ནག་དང་སོག་དག་གི་ལག་རྩལ་འདྲེས་མ་དང་། ཡང་ན་སོག་དག་དང་པར་ཟིག་བཅས་ལས་བྱུང་བ་ཞིག་ཡིན་པར་འགྲེལ། དེ་ཡང་ཁོང་ཚོ་དེའི་ཐོན་བསྐྱེད་བྱེད་ས་ཨེ་ཤ་ཡའི་ཡུལ་དབུས་དང་བོད་ཡིན་པར་ངོས་འཛིན་བྱེད། མཁས་པ་འགའ་ཞིག་གིས་དེའི་ལོ་ཚིགས་དུས་རབས་བདུན་པའི་སྐབས་སུ་འཇོག་ལ། གཞན་དག་གིས་དུས་རབས་བརྒྱད་པ་དང་དགུ་པ་ཙམ་དུ་འདོད། དོན་དངོས་ཐོག་དངུལ་གྱི་ཆུ་སྣོད་འདིའི་ཐད་མཁས་པ་ཚོའི་ཁྲོད་དུ་དགོངས་ཚུལ་མི་མཐུན་སྣ་ཚོགས་བྱུང་བ་ནི་རིག་གནས་ཆིག་རྐྱང་བ་ཞིག་ལས་བྱུང་བ་མ་ཡིན་པར་རིག་གནས་སྣ་མང་གི་གྲུབ་ཆ་ལྡན་པ་མཚོན་ཐུབ། སྣོད་ཆས་སྟེང་དུ་མངོན་པའི་མི་དང་ཆས་གོས་ཀྱི་རི་མོ་དག་ཆེས་ཆེར་རིན་ཐང་སྟེར་རི་བ་ཞིག་ཏུ་སྣང་། གཅིག་ནི་རི་མོ་ཁེར་རྐྱང་ཞིག་སྟེ་སུའུ་ཧྥི་ Sufi བྱ་བའི་གར་འཁྲབ་བཞིན་དུ་སྒྲ་སྙན་རྒྱབ་ཏུ་དཀྲོལ་པ་ཞིག་རེད། (དཔེ་རིས། དགུ་པ། འོག) སྤྱིར་སྣང་བརྙན་དེ་ནི་ཝེ་བྱང་མ་ནས་ཐང་རྒྱལ་རབས་དུས་སྐབས་(༣༨༤ ནས་ ༩༠༧)ནས་རྒྱ་ནག་གི་བྱང་ཕྱོགས་དང་བྱང་ནུབ་ས་ཁུལ་གྱི་རིག་གནས་དང་འབྲེལ་བ་ཡོད། རི་མོ་གཅིག་ཤོས་ནི་ར་བཟི་གཉིས་ཀྱིས་ཕན་ཚུན་རོགས་འདེགས་བྱེད་པའི་རྣམ་པ་བསྟན་ཡོད།(དཔེ་རིས། དགུ་པ། བར་མ།) ཁོང་གཉིས་ཀྱི་གཅིག་ཤོས་ནི་ཆང་གིས་རབ་ཏུ་མྱོས་པར་གྱུར་ཏེ་ལུས་ཀྱི་གྱོན་པ་རིང་པོ་དེའང་ས་ལ་དྲུད་ཅིང་། གཞན་དེ་ཡིས་རང་ཉིད་ཀྱི་དཔུང་པས་སྐྱོར་མ་བྱེད་ཀྱིན་འདུག རི་མོ་འདི་ནི་སོག་དག་དང་པར་ཟིག་གི་གསེར་དངུལ་སྣོད་ཆས་སྟེང་དུ་མཐོང་ཡུལ་དུ་མ་གྱུར། གང་ལྟར། མཚོ་སྔོན་ཞིང་ཆེན་དུ་གསར་རྙེད་བྱུང་བའི་བོད་ཀྱི་ཤིང་གིས་བྱས་པའི་དུར་སྒྲོམ་སྟེང་དུ་བཟོ་བཀོད་ཆ་འདྲ་བ་ཞིག་རྙེད་དུ་ཡོད་ཅིང་བོད་ནང་དུ་དེ་རིགས་གྲགས་ཆེ་བར་སྙམ། དུས་སྐབས་དེའི་བོད་ཀྱི་ཆང་འཐུང་བའི་ཡུལ་སྲོལ་མཚོན་པའང་ཡིན་སྲིད། དེའི་ཕྱིར། སྣོད་ཆས་འདི་ནི་ཨེ་ཤི་ཡའི་ཡུལ་དབུས་དང་ཨེ་ཤི་ཡ་ནུབ་མ་ནས་བྱུང་ཡིན་སྲིད་ཀྱང་འབྱུང་ཁུངས་བོད་མིན་ཞེས་བརྗོད་པར་མི་ནུས།
༥) དངུལ་ཕོར་གཉིས།
དངུལ་གྱི་ཕོར་བ་ཟུང་ནི་མཛེས་རྒྱན་དང་བཟོ་བཀོད་དམིགས་བསལ་བ་ཞིག་རེད། ཨ་རིའི་ཆི་ཁ་གོ་རུ་སྒེར་ཉར་བྱས་པ་དེ་ནི་ཐང་རྒྱལ་རབས་སྐབས་སུ་བཟོ་སྐྲུན་བྱས་པའི་གསེར་དངུལ་གྱི་སྣོད་ཆས་དག་ལས་ཀྱང་མཐོང་དཀོན་པའི་རིགས་ཡིན། དེ་ལ་ཕོར་ཁ་ཕྱིར་གུག་ཅིང་ཞབས་སྒོར་སྒོར་དང་། ཞབས་མདོང་དབྱིབས་ཀྱི་རྣམ་པ་ཅན་དུ་སྣང་། ཕོར་བའི་རིང་ཚད་ལ་སན་ཌ་མི་ཊར་ ༡༦,༤ ཙམ་མཆིས་ཤིང་། ཞབས་ཀྱི་མཐའ་ཟུར་མུ་ཏིག་གི་ཕྲེང་བས་བརྒྱན་པ་ཞིག་ཡིན་ལ་ཕོར་བའི་ལྟོ་བ་ནི་ལོ་མ་དག་གིས་སྤུད་པའི་སྟེང་དུ་ངང་པ་དག་བྲིས་ཡོད། འོག་ཏུ་ཤྭ་བ་ཞིག་གིས་རྐང་པ་གཅིག་ཤོས་མགོ་བོའི་ཕྱོགས་སུ་བཏེགས་པ་ཞིག་སྣང་། མཛེས་རྒྱན་གྱི་བཟོ་བཀོད་འདི་ལྟ་བུ་ནི་བོད་ཀྱི་ཇ་ཕོར་སྟེང་དུ་མཐོང་ཐུབ་ཅིང་སོག་དག་གིས་བྱས་པའི་དངུལ་སྣོད་དག་ཏུ་བཅས་སུའང་མངོན་པར་གསལ་བ་དག་དང་ཧ་ཅང་ཆ་འདྲ། འདྲ་ཆོས་དག་ལ་གཞིར་བྱས་ཚེ་ཕོར་བ་དེ་ནི་སོག་དག་ལ་དཔེ་བལྟས་པར་བརྗོད་སྲིད། ཕོར་བ་དེ་བོད་ནང་དུ་བཟོས་པར་མ་ཟད་དུས་རབས་བརྒྱད་པར་གཏོགས་པ་ཞིག་ཡིན།(དཔེ་རིས། ༤།༤) ཉི་ཧོང་རྒྱལ་ས་ཁྲོ་ཀྱོའི་ཤར་ཕྱོགས་གནའ་བོའི་འགྲེམ་སྟོན་ཁང་དུ་ཉར་བའི་ཕོར་བ་ནི་ཕོར་མཆུ་གུག་པ་དང་ཕོར་བའི་གཏིང་ཚད་དམའ། ཕོར་བའི་ཞབས་སུ་ཉ་མོ་དང་རྦ་རླབས་ཀྱིས་བརྒྱན་པ་དང་། ཞབས་མཐའ་མུ་ཏིག་གི་ཕྲེང་བས་སྤུད། ཕོར་བའི་ནང་ངོས་སུ་མི་དང་སེམས་ཅན་དག་ཀྱང་བྲིས་ཡོད།(དཔེ་རིས། བཅུ་པ།)
༦) རྟའི་སྒ་ཆས་དང་མཛེས་རྒྱན།
ཨ་རིའི་ཆི་ཁ་གོ་རུ་སྒེར་ཉར་བྱས་པའི་རིག་དངོས་ཁྲོད་དུ་བོད་ཀྱི་རྟ་ཆས་ཆ་གཅིག་མཆིས།(འཚོལ་བསྡུ་བྱེད་མཁན་གྱིས་ ༨༠ ནས་ ༢༠ ཙམ་གྱི་ཐོ་བཀོད་འདུག) དེའི་ཁྲོད་དུ་གསེར་ཤོག་གིས་སྤུད་པའི་རྟ་སྒ་(དཔེ་རིས། ༡༡ ནས་ ༡༤) ཞིག་ཉར་ཚགས་བྱས་ཡོད་ཅིང་སྒ་ཆས་དང་འབྲེལ་བའི་ལྕགས་རིགས་སྣ་ཚོགས་ཀྱི་མཛེས་རྒྱན་ཡང་ཡོད། འདི་ནི་ད་ལྟ་བར་དུ་བོད་ཀྱི་སྒ་ཆས་ཉར་ཚགས་བྱུང་བའི་ནང་དུ་ཆ་ཚང་ཤོས་ཤིག་ཏུ་སྣང་ལ་དེ་ཡིས་ང་ཚོ་ཞིབ་འཇུག་དང་དཔྱད་ཞིབ་བྱེད་པ་ལ་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་མཁོ་སྤྲོད་བྱས་ཡོད།༧) མཛེས་རྒྱན།
བོད་ཀྱི་གསེར་དངུལ་གྱིས་གྲུབ་པའི་ཅ་དངོས་དག་ལས་བྱུང་བ་ནི་མཛེས་རྒྱན་དང་ལྕགས་ཤོག་བཅས་ཡིན། དེའི་ཁྲོད་དུ་རྣ་རྒྱན་དང་། མཛུབ་དཀྲིས། སྦུ་གུའི་དབྱིབས་ཅན། ཕྲེང་རྡོག སྐ་རགས་ཀྱི་རྒྱན་ཆ། བྱང་བུ་བཅས་ཡོད།(དཔེ་རིས། ༡༥ ནས་ ༢༢) དེ་ཚོ་ཚང་མའི་འབྱུང་ཁུངས་གསལ་པོར་སྣང་། དེ་བས་ང་ཚོས་དེ་དག་གི་ལོ་ཚིགས་དང་མི་རིགས་གང་ལས་བྱུང་བ་སོགས་གཏན་འཁེལ་བྱེེད་ཐུབ། [མཛེས་རྒྱན]དེ་དག་བོངས་ཆུང་ནའང་རིག་དངོས་དེ་དག་གི་བཟོ་བཀོད་ལས་བོད་ཀྱི་གསེར་དངུལ་ལག་རྩལ་གྱི་ཁྱད་ཆོས་མང་པོ་ཞིག་ཕྱིར་རྟོག་བྱེད་ཐུབ་པ་ཡིན། དེ་ཚོའི་ནང་ནས་ལྕགས་རིགས་ཀྱིས་གྲུབ་པའི་བྱང་བུ་ཆུང་བ་རིགས་གཉིས་མཆིས་ཏེ། རྒྱབ་ཕྱོགས་སུ་བཟོས་པའི་འཛིན་ལྕགས་ལ་ཟུར་བཞི་དང་མཐའ་གདོང་དུ་ཡོད་པའི་བུ་ག་དག་ལ་གཞིགས་ན་ང་ཚོས་ཆས་གོས་དང་སྐ་རགས་བཅས་ཀྱི་མཛེས་རྒྱན་ཡིན་པར་བཤད་ཐུབ། [གསེར་དངུལ་གྱི་]བྱང་བུ་དེ་དག་ནི་ཕལ་ཆེར་གྱོན་མཁན་སྐུ་དྲག་དང་གཞུང་ཞབས་སོགས་ཀྱི་ཐོབ་ཐང་མཚོན་བྱེད་དུ་བེད་སྤྱོད་བཏང་ཡོད་པར་སྙམ། ལོ་རྒྱུས་ཀྱི་ཡིག་ཚགས་རྣམས་སུ་བོད་ཀྱི་མི་དྲག་དང་གཞུང་ཞབས་ཀྱི་འབྲེལ་བའི་སྐོར་ལ་གཞུང་ཞབས་ཀྱི་གནས་བབ་དང་ཐོབ་ཐང་གི་སྒྲིག་གཞི་སོགས་འཁོད་ཡོད། ལོ་རྒྱུས་ཀྱི་ཡིག་ཆར་མཚོ་སྔོན་ས་ཁུལ་དུ་གནས་སྡོད་བྱས་པའི་བོད་ཀྱི་ཚོ་བ་རྣམས་གསེར་གྱི་རྒྱན་ཆ་ལ་དགའ་མོས་ཡོད་པའི་སྐོར་གསལ་ལ། ཁོང་ཚོས་མཛེས་རྒྱན་དེ་ལྟ་བུ་དུར་སྦས་ཁྲོད་དུའང་བེད་སྤྱོད་བྱས་འདུག དུར་སྒོམ་ནང་དུ་རྙེད་པའི་མཛེས་རྒྱན་དེ་དག་ཀྱང་བོད་ཀྱི་དུར་སྦས་བྱེད་པའི་ཆོ་ག་དང་འབྲེལ་བ་ཡོད་པ་རྟོགས། གཞན་ཡང་གསེར་ཤོག་དང་དངུལ་ཤོག་ཁག་ཅིག་སེམས་ཅན་དང་རྩི་ཤིང་གིས་བརྒྱན་པ་དང་། སྐ་རགས་ཀྱི་མཛེས་རྒྱན་སླད་དུ་བེད་སྤྱོད་བྱས་པ་ཞིག་ཏུ་སྣང་། དེ་དག་ལས་མང་པོ་ཞིག་ཆེ་ཆུང་དང་བཟོ་བཀོད་ཀྱང་མཚུངས། ང་ཚོས་དེ་དག་ལ་སྐ་རགས་ཀྱི་རྒྱན་ཆ་ཞེས་འབོད་ཀྱི་ཡོད། མཛེས་རྒྱན་གྱིས་སྤྲས་པའི་སྐ་རགས་ཀྱི་རྒྱན་ཆ་རྣམས་ཕལ་ཆེར་ཨེ་ཤ་ཡའི་ཡུལ་དབུས་ནས་རྒྱ་ནག་ཏུ་དར་བར་སྣང་། ཐང་རྒྱལ་རབས་ཀྱི་དུས་སུ་མི་རྣམས་ཀྱིས་དེ་ལ་ “Diexie 蹀躞” ཞེས་ཟེར་བ་ཡིན། གྱོན་མཁན་གོམ་པ་སྤོ་བའི་ཚེ་དེ་དག་རྗེས་སུ་འགུལ་བསྐྱོད་བྱེད་པ་ཡིན། བོད་ཀྱི་གསེར་ལས་བྱས་པའི་རྒྱན་ཆ་དག་ཀྱང་རྒྱ་ནག་བྱང་ཕྱོགས་ཀྱི་རྩྭ་ཐང་དུ་འཚོ་སྡོད་བྱེད་པའི་འབྲོག་པ་རྣམས་ཀྱི་ཆས་དང་འདྲ་བར་མཐོང་། དཔེར་ན། བོད་ཀྱིས་ལྕགས་ཆས་དུས་ནས་རྒྱ་ནག་བྱང་ཕྱོགས་ས་ཁུལ་དུ་དར་ཁྱབ་ཆེ་བའི་བཞུ་རྡུང་གི་ལག་རྩལ་བེད་སྤྱད་བྱས་འདུག་པ་དང་རིག་གནས་འདི་གཉིས་སེམས་ཅན་ལ་དགའ་བར་སྣང་། དེ་བཞིན་བོད་ཀྱི་རྒྱན་ཆའི་ཁྲོད་རྟ་ཡི་དབྱིབས་ཅན་གྱི་བྱང་བུ་དག་བྱང་ཕྱོགས་རྩྭ་ཐང་གི་མི་རྣམས་ཀྱིས་བཟོས་པ་དང་མཚུངས། བོད་ཀྱི་ལག་རྩལ་པ་རྣམས་ཀྱིས་ལག་ཤེས་དེ་དག་བོད་བཙན་པོའི་དུས་སྐབས་སུ་མཐོ་སྒང་དུ་སླེབས་དུས་དཔེ་བླངས་པ་རེད། དཔྱད་རྩོམ་འདིར་བོད་ཀྱི་གསེར་དངུལ་ལས་བྱས་པའི་ཅ་དངོས་དག་གི་སྔོན་འགྲོའི་དཔྱད་ཞིབ་ལྟར་ན། བོད་ཀྱི་ལག་རྩལ་པ་རྣམས་ལ་ངར་ལྕགས་རྡུང་བ་དང་། ཚ་གསེར་རྒྱག་པ། ལྕགས་རྩི་གཏོང་པ། རྡོ་ཡིས་མཛེས་རྒྱན་སྤུད་པ། ཚ་ལ་རྒྱག་པ། ཁྲ་རྒྱན་འཛུགས་པ། གཟོང་རྒྱག་པ། གསེར་གྱིས་ཁྲ་རྒྱན་འཛུགས་པ། གསེར་ཤོག་གིས་བཏུམ་པ་ལ་སོགས་བཟོ་སྐྲུན་བྱེད་པའི་ལག་རྩལ་དང་ལྡན་པ་ཡིན།
བཟོ་སྐྲུན་དང་མཛེས་རྒྱན་གྱི་ཁྱད་ཆོས། ད་དུང་རིག་དངོས་དེ་དག་ལས་རིག་གནས་ཕན་ཚུན་འདྲེས་ཡོད་པ་ཕྱིར་མངོན་པའི་སྐོར།
ལོ་རྒྱུས་ཀྱི་ཡིག་ཚགས་དང་གནའ་རྫས་རྟོག་ཞིབ་ཀྱི་ཞིབ་འཇུག་ལ་བརྟེན་ནས་གསེར་དང་དངུལ་གྱི་ཅ་དངོས་དེ་དག་དུས་རབས་བདུན་པ་ནས་དགུ་བའི་བར་བོད་ནང་དུ་བཟོ་སྐྲུན་བྱས་ཡོད་པར་བསྟན། དེ་བཞིན་བཟོ་བཀོད་དང་། མཛེས་རྒྱན། ལག་རྩལ་བཅས་ཀྱི་ཆ་ནས་ཀྱང་རྒྱུ་སྤུས་ཚད་གཞི་ངེས་ཅན་ཞིག་ཏུ་སླེབས་ཡོད། ཐང་རྒྱལ་རབས་དང་། ཨེ་ཤི་ཡ་ནུབ་མ། ཨེ་ཤི་ཡའི་ཡུལ་དབུས་བཅས་ནས་ཐོན་པའི་ཅ་དངོས་དག་བསྡུར་ན་བོད་ནས་ཐོན་བསྐྱེད་ལེགས་པར་བྱས་པའི་དངོས་ཟོག་རྣམས་སྤུས་ཚད་ཧ་ཅང་མཐོ་བར་སྣང་། དུས་སྐབས་འདི་ཙམ་ལ་ཨེ་ཤི་ཡ་ཤར་མའི་ཡུལ་དབུས་སུ་བོད་ནི་གསེར་དངུལ་ཡོ་བྱད་ཀྱི་བཟོ་སྐྲུན་བྱེད་སའི་ལྟེ་བ་ཞིག་ཏུ་གྲུབ་པ་བསྟན་ཡོད། བོད་ཀྱི་གསེར་དངུལ་ཅ་དངོས་ཁྲོད་དུ་རྒྱུན་སྤྱོད་ཡོ་བྱད་ཇ་ཕོར་དང་། སྡེར་མ། ཕོར་བ། རྫ་བུམ་ཙམ་དུ་མ་ཟད། ད་དུང་རྟའི་སྒ་ཆས་དང་ཆས་གོས་བཅས་ཀྱི་ཆེད་དུ་བཟོས་པའི་རྒྱན་ཆ་ཅི་རིགས་མཆིས། དུས་ཕྱིེས་རྣ་རྒྱན་དང་། མཛུབ་དཀྲིས། གསེར་ཤོག་སོགས་ཀྱང་ཚུད་ཡོད། དངོས་ཟོག་གང་མང་ཞིག་ལ་གསེར་ཤོག་བེད་སྤྱོད་གཏོང་བའི་དར་སྲོལ་ཆེས་ཆེར་བྱུང་ཡོད། དར་ཁྱབ་ཤིན་ཏུ་ཆེ་བའི་བཟོ་བཀོད་ཀྱི་མཚོན་དོན་སེམས་ཅན་དག་ནི་སེང་གེ་དང་། ཤྭ་བ། བྱ། བསེ་རུ། སེམས་ཅན་དགོ་བ། འགྲེང་པོར་གནས་པའི་བྱ་མེ་ལྕེབས། འཁྲི་ཤིང་། མེ་ཏོག་དང་ལྡན་པའི་ཆང་རིས་བཅས་ཀྱི་རྣམ་པ་བཅས་ཡོད། བོད་ཀྱི་སྣོད་ཆས་དག་ཏུ་ཡར་ལངས་ཤིང་སྐེ་ཕར་བསྐྱོགས་པའི་བྱ་རིགས་དང་། གཤོག་པ་ཐོགས་པའི་སེམས་ཅན། མིའི་གདོང་ཅན་གྱི་བྱ་རིགས། ཡང་ན། བྱ་རྐང་ཅན་གྱི་མི། ཆང་གིས་མྱོས་པའི་མི། ཁ་ཆེའི་ཆོས་ཀྱི་ཞབས་བྲོ་སོགས་རི་མོའི་སྙིང་དོན་གཙོ་བོར་སྣང་། བོད་ཀྱི་གསེར་དངུལ་ཡོ་བྱད་དག་བཟོ་སྐྲུན་བྱ་བ་ལ་ལག་རྩལ་ཐབས་ལམ་འདྲ་མིན་སྣ་ཚོགས་མཆིས་ཏེ། ངར་ལྕགས་རྡུང་བ་དང་། གསེར་རྒྱན་སྤྲས་པ། ཚ་ལ་རྒྱག་པ། གསེར་ཤོག་རྒྱག་པ། ཁྲ་རྒྱན་རིགས་སྣ་མང་འཛུགས་པ་བཅས་ཡོད། ཐབས་རྩལ་རིགས་ཕུན་སུམ་ཚོགས་པ་འདི་དག་ལ་བརྟེན་ནས་བོད་ཀྱི་མགར་བ་ཚོས་མཛེས་རྒྱན་གྱིས་རབ་ཏུ་སྤུད་ཅིང་ཐུན་མོང་མ་ཡིན་པའི་གསེར་དངུལ་ལས་གྲུབ་པའི་སྣོད་ཆས་དག་བཟོ་ཐུབ་པར་གྱུར།
བོད་ཀྱི་གསེར་དངུལ་ལས་བྱས་པའི་ཡོ་བྱད་མང་ཞིག་ད་ལྟ་ཡང་མཐོང་དུ་ཡོད་པ་བཞིན་དཔྱད་རྩོམ་འདི་གར་འགྲེལ་བཤད་བྱས་པའི་སྣོད་ཆས་དག་ནི་ཡིག་ཐོག་ཏུ་བཀོད་མེད་ཀྱང་མི་རབས་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཡོང་བ་ཞིག་རེད། ཡིན་ཡང་། ང་ཚོས་ཐང་རྒྱལ་རབས་སྐབས་སུ་བཟོས་པའི་ཡོ་བྱེད་དག་ལ་གཤིབ་བསྡུར་བྱས་ན། བོད་བཙན་པོའི་རྒྱལ་རབས་སྟོབས་ཤུགས་ཀྱི་ཡང་རྩེར་སོན་པའི་སྐབས་དུས་རབས་བདུན་པ་ནས་དགུ་པའི་དཀྱིལ་ཙམ་ཞིག་ལ་[གསེར་དངུལ་གྱི་སྣོད་ཆས་དག]བཟོས་པའམ་བེད་སྤྱོད་གཏོང་མྱོང་ཡོད་པ་གསལ་པོར་སྣང་། གསེར་ལས་བྱས་པའི་ཅ་དངོས་འགའ་ཞིག་ལག་སོན་བྱུང་ཡོད་པ་དེ་ཚོ་[ཡོ་བྱད་གཞན་དག་ལས]བྱུང་སྔ་བར་མཐོང་།
ཡོ་ར་ཤི་ཡའི་ལོ་རྒྱུས་ Eurasian history ཁྲོད་དུ་དུས་འདི་ཙམ་ལ་ཨེ་ཤི་ཡ་ནུབ་མ་དང་། ཨེ་ཤི་ཡ་ཡུལ་དབུས། ཐང་རྒྱལ་རབས། བོད་བཅས་ཀྱི་བར་དུ་གསེར་དངུལ་བཟོ་སྐྲུན་གྱི་ལག་རྩལ་བརྗེ་ལེན་བྱས་ཏེ་རིག་གནས་ཕན་ཚུན་འབྲེལ་འདྲིས་དང་ཁྱབ་བརྡལ་བྱུང་ཡོད་པར་སྙམ། ད་ལྟའི་རྒྱ་ནག་བྱང་ཕྱོགས་དང་བྱང་ནུབ་ས་ཁུལ་དུ་འཚོ་སྡོད་བྱས་པའི་རྩྭ་ཐང་གི་མི་རྣམས་དང་འབྲེལ་བ་ཟབ་པའི་ཚུལ་ལ་གཞིགས་ཚེ། ཕྱོགས་གཅིག་ནས་བོད་ཀྱི་གསེར་དངུལ་སྣོད་ཆས་དག་ཏུ་ཐང་རྒྱལ་རབས་དང་། སོག་དག དེ་བཞིན་པར་ཟིག་བཅས་ཀྱི་ལྕགས་རིགས་བཟོ་ལས་ཀྱི་ཤན་ཤུགས་ལྡན་པ་རྟོགས་ནུས། ཕྱོགས་གཞན་ཞིག་ནས་བལྟས་ན། ང་ཚོས་བོད་རང་གི་ལྕགས་རིགས་སྲོལ་རྒྱུན་ཁྱད་པར་བ་ཞིག་རིམ་བཞིན་དུ་གྲུབ་ཡོད་པའང་མཐོང་ཐུབ། དུས་སྐབས་དེར་བོད་བཙན་པོའི་རྒྱལ་རབས་ཀྱི་མངའ་ཐང་རྒྱ་བསྐྱེད་བྱུང་བ་ལ་བརྟེན་ནས་འབྲེལ་བ་དེ་དག་གྲུབ་པ་རེད། བོད་ཀྱི་གསེར་དངུལ་སྣོད་ཆས་དག་ནི་གནའ་བོའི་རྒྱ་ནག་ཏུ་མི་རིགས་སྣ་མང་ལས་བྱུང་བའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྲུབ་པ་དང་། [བོད་ཀྱི་གསེར་དངུལ་ཡོ་བྱད]དེ་དག་དུས་ཡུན་རིང་པོ་ཞིག་ལ་སྣང་མེད་དུ་ལྷག་པས་ད་ལྟ་དེ་ལུགས་རྟོགས་ཤིང་རིན་ཐང་བསྐྱར་དུ་གཞལ་དགོས་པར་མཐོང་ངོ་།།
གསལ་བཤད། དཔྱད་རྩོམ་འདི་ཉིད་ཐད་བསྒྱུར་དང་དོན་བསྒྱུར་ཟུང་གི་ཐབས་ལ་བརྟེན་ནས་མ་ཡིག་གི་ནང་དོན་ཇི་བཞིན་ཡོང་ཐབས་བྱས་ཤིང་། དེ་བཞིན་གོ་བ་ལོག་པར་མི་ལེན་པར་ཚིག་དོན་བདེ་བླག་ཏུ་རྟོགས་ཕྱིར་གུག་རྟགས་[ ]འདིའི་ནང་དུ་མ་ཡིག་ཏུ་མ་འཁོད་ཀྱང་སྐབས་དོན་གང་ལ་གོ་བར་བྱའི་ནང་དོན་དག་བཀོད་ཡོད།
ཁུངས་བཅོལ་ཡིག་ཆ།
Heller, Amy. 2003. The Silver Jug of the Lhasa Jokhang: Some Observations on Silver Objects and Costumes from the Tibetan Empire (7th-9th Century). Silk Road Art and Archaeology (Journal of the Institute of Silk Road Studies) 9: 213–37.
[Japan] Kuwayama, Shoshin 桑山正进 . 1977. Ichikugoroku Nen rai Shudō no Todai Kinginki to Sono Hennen 一九五六年来出土の唐代金銀器とその編年 (Tang Dynasty gold and silver unearthed since 1956 and their chronology). Shirin 史林 (Journal of history) 60(6):840– 78.
Luo, Feng 罗丰. 2004. 北周李贤墓中亚风格的鎏金银瓶 (A Gilt Silver Vase of Central Asian Style Found in the Northern Zhou Dynasty Tomb of Li Xian). In his 胡汉之間 : “ 丝绸之路 ” 與西北历史考古 (Between Han and Non- Han: the Silk Road and historical archaeology of China’s northwestern regions). Beijing: Wenwu Chubanshe. Figure 5:23.
Qi, Dongfang 齐东方. 1999. 唐代金银器研究 (Research on Tang gold and silver). Beijing: Zhongguo Shehuikexue Chubanshe.
Su, Bai 宿白. 1996. 西藏发现的两件有关古代中外文化交 流的重要文物 (Two important cultural relics discovered in Tibet related to the cultural exchange between ancient China and other countries). In 十世纪前的丝绸之路和 东西文化交流 (Land routes of the Silk Roads and the cultural exchanges between the East and West before the 10th century). Beijing: Xin Shijie Chubanshe. pp. 405–11.
ཐུགས་སྣང་།
དཔྱད་རྩོམ་འདི་ནི་ཕྱི་ལོ་ ༢༠༠༩ ལོའི་འདོན་ཐེངས་དང་པོའི་གནའ་རྫས་རྟོག་ཞིབ་ཀྱི་དུས་དེབ་སྟེང་སྤེལ་ཟིན་པ་དང་། ཁེ་ཧིལ་ Suzanne Cahill དང་ཡེ་ཝ་ Ye Wa གཉིས་ཀྱིས་དབྱིན་ཡིག་ཏུ་བསྒྱུར།