བོད་ཀྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་སུ་ཕྱི་ལོ་ ༢༠༢༤ ལོའི་པ་རེ་སི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པའི་ཐོབ་ཐང་རག་འདུག
ཉེ་ལམ་ཊེ་ཁེ་རུ་འཚོགས་པའི་ཕྱི་ལོ་ ༢༠༢༤ ལོའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་འཛམ་གླིང་རྒྱལ་ཁབ་སོ་སོའི་ལུས་རྩལ་བ་རྣམས་འདེམས་སྒྲུག་འགྲན་རྒྱུག་བྱས་པའི་ནང་། བོད་ཀྱི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་དངོས་སུ་ཕྱི་ལོ་ ༢༠༢༤ ལོའི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ཐོབ་ཐང་རག་ཡོད་འདུག
ཐེངས་འདིའི་འགྲན་རྒྱུག་སྐབས་། ཆོས་དབྱིངས་སྐྱིད་ཀྱིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཕོ་མོ་མཉམ་བསྲེས་རྣམ་གྲངས་ཁྲོད་ཨང་རིམ་ ༡༡ པ་བླངས་ཤིང་། འགྲན་བསྡུར་དེ་ནི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་མ་འཚོག་གོང་གཉེར་བའི་འཛམ་གླིང་གི་ཚད་གཞི་མཐོ་ཤོས་ཀྱི་འདུར་རྒྱུག་འགྲན་བསྡུར་ཞིག་ཡིན་པ་རེད།
ཆོས་དབྱིངས་སྐྱིད་ལགས་ཀྱིས་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་ལོན་ཊོན་དུ་བསྡུས་པའི་རྒྱལ་སྤྱིའི་བུད་མེད་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་ཨང་གཉིས་བླངས་ཡོད་ཀྱང་། འདས་ལོར་ཆོས་དབྱིངས་སྐྱིད་ལ་ལི་ཊོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ་ ༢༠ ཡི་འདུར་རྒྱུག་འགྲན་བསྡུར་ཐོག་གསེར་གྱི་རྟགས་མ་ཐོབ་པ་གསབ་སྤྲོད་བྱས་པ་དང་། ཕྱི་ལོ་ ༢༠༡༢ ནས་ཆོས་དབྱིངས་སྐྱིད་ཀྱིས་བསྟུད་མར་རྒྱ་ནག་ནང་ལོགས་དང་རྒྱལ་སྤྱིའི་རྩེད་འགྲན་ཁག་མང་པོའི་ནང་ཞུགས་ཏེ་རྒྱལ་ཁ་བླངས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ དང་ ༢༠༡༨ ལོར་རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་བུད་མེད་ཀྱི་འདུར་རྒྱུགས་འགྲན་སྡུར་ཁྲོད་ཨང་རིམ་དང་པོ་བླངས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༣ ཚེས་ ༢༠ ཉིན་རྒྱ་ནག་ཤར་རྒྱུད་ཨན་ཧྭེ་ཞིང་ཆེན་གྱི་ཧང་ཧྲན་གྲོང་ཁྱེར་ (Huangshan, Anhui) དུ་བསྡུས་པའི་རྒྱ་ནག་རྒྱལ་ཡོངས་རྩེད་འགྲན་ཁྲོད་ཨང་དང་པོ་བླངས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ ལོ་ནས་འཛམ་གླིང་གི་བུད་མེད་འདུར་རྒྱུག་མྱུར་ཚད་མཐོ་ཤོས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད་པ་རེད།
ཉེ་བའི་ལོ་ཤས་ནས་བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་དང་སྟོབས་རྒྱལ་སོགས་གཙོ་བྱས་པའི་རྒྱལ་སྤྱི་དང་རྒྱལ་ནང་རང་བཞིན་གྱི་ལུས་རྩལ་བ་མང་པོ་ཞིག་བྱུང་ཡོད་པ་དང་། ཁོ་ཚོས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་བོད་ཁུལ་གྱི་ན་གཞོན་མང་པོར་ལུས་རྩལ་ཐད་རྨི་ལམ་གསར་པ་ཞིག་བསྐྲུན་ཡོད་པ་ལྟར། ད་ལྟའི་ཆར་རྒྱལ་སྤྱིའི་ལུས་རྩལ་གྱི་གར་སྟེགས་ཆེ་ཤོས་ཁག་ན་མཆོང་རྒྱུག་འཕེན་གསུམ་དང་། ཁུ་ཚུར་འགྲན་བསྡུར་སོགས་ལུས་རྩལ་གྱི་རྣམ་གྲངས་མང་པོ་ཞིག་གི་ནང་བོད་རིགས་གཞོན་སྐྱེས་གང་མང་ཡོང་བཞིན་ཡོད་པ་རེད།
བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༡༡ ཉིན་མཚོ་སྔོན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་སྡེ་བ་རུ་སྐྱེས་ཤིང༌། ཆུང་དུས་ནས་ཡུལ་ཚོའི་སློབ་གྲྭར་ཞུགས་ཡོད། ཁོང་མོ་ནི་ཨོ་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་ཐོབ་པའི་བོད་རིགས་ལུས་རྩལ་བ་ཐོག་མ་དེར་གྱུར་ཡོད།