དྷ་སའི་ཁུལ་དུ་མཆེད་མུས་ཡིན་པའི་ཆམ་རིམས་ལ་དོགས་ཟོན་དང་སྔོན་འགོག་བྱ་དགོས་པའི་གསལ་བསྒྲགས་ཤིག་སྤེལ་འདུག
དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆོས་འབྲེལ་དང་། སང་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མོན་གྱི་དད་ལྡན་མང་ཚོགས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་སྟབས། ཉེ་ལམ་བཞུགས་སྒར་ཁུལ་དུ་མི་མང་འདུ་འཛོམས་ཇེ་ཆེར་འགྲོ་མུས་ཡིན་པས། ཁ་སང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ལས་ཤོག་ཏུ། དྷ་ས་ཁུལ་དུ་མཆེད་མུས་ཡིན་པའི་ཆམ་རིམས་ལ་སྔོན་འགོག་དང་དོགས་ཟོན་གནང་དགོས་པའི་གསལ་བསྒྲགས་ཤིག་སྤེལ་འདུག
གསལ་བསྒྲགས་དེའི་ནང་། ཆམ་རིམས་དེའི་ནད་རྟགས་ཡོད་པའི་མི་དང་ཐག་རིང་དུ་བསྡད་དགོས། ཁ་ལག་མ་བཟས་གོང་དང་གསང་སྤྱོད་བེད་སྤྱོད་བྱས་རྗེས། གློ་དང་ཧབ་སྦྲིད་བརྒྱབ་པ་བཅས་ཀྱི་རྗེས་ལག་པ་སྨན་ཆུས་དུག་སེལ་བྱ་དགོས། མི་མང་སར་ཁ་རས་གྱོན་དགོས། སྣ་དང་ཁ་མིག་བཅས་པར་ལག་པས་ཡང་སེ་ཕུར་བ་དང་མ་རེག་པ་བྱ་དགོས། གལ་སྲིད་ཁྱེད་རང་གིས་ད་ལོ་ཆམ་རིམས་ཀྱི་སྔོན་འགོག་སྨན་ཁབ་བརྒྱབ་མེད་ཚེ་ངེས་པར་རྒྱག་དགོས། ཞེས་སྔོན་འགོག་དང་དོགས་གཟོན་བྱ་དགོས་པའི་སྐུལ་མ་གནང་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སྤེལ་བའི་གསལ་བསྒྲགས་ལྟར་ན། ཆམ་རིམས་དེའི་ནད་རྟགས་ནི་ཚ་བ་འཕར་བ་དང་། ལུས་པོ་ན་བ། མིད་པ་ན་བ། ཐང་ཆད་པ་སོགས་ཡིན་པའི་ཁར། བགྲེས་སོང་དང་འཕྲོད་བསྟེན་ཞན་པོ་ཡོད་པའི་མི་རྣམས་ལ་ཆམ་རིམས་འདི་ཕོག་ཚེ་གློ་ཚད་དུ་འགྱུར་ཉེན་ཡོད་འདུག
གསར་འགོད་པ། དཔལ་ལྡན།