༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་སྲིད་འཛིན་ཟུར་བ་ཇིམ་མེ་ཁར་ཊར་དགུང་ལོ་ ༡༠༠ ཐོག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོའི་གསུང་འཕྲིན་བསྩལ།
ཁ་སང་ཕྱི་ཚེས་ ༢༩ ཉིན་ཨ་རིའི་སྲིད་འཛིན་ཟུར་བ་ཇིམ་མེ་ཁར་ཊར་ (Jimmy Carter) མཆོག་དགུང་ལོ་ ༡༠༠ ཐོག་ཇོར་ཇི་ཡ་རུ་ཡོད་པའི་རང་ཁྱིམ་ནས་འདས་གྲོངས་སུ་ཕྱིན་ཡོད་པ་ལྟར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དམ་པ་ཁོང་གི་བུ་ཅིབ་ཁར་ཊར་ (Chip Carter) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཏེ། དམ་པ་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་མཛད་འདུག
ཐུགས་གསོའི་གསུང་འཕྲིན་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། སྲིད་འཛིན་ཟུར་པ་ཁར་ཊར་མཆོག་གིས་དབུལ་ཕོངས་དང་ཉམ་ཐག་རྣམས་ལ་རོགས་སྐྱོར་གནང་བ་མ་ཟད། འཛམ་གླིང་སྟེང་འབྱུང་བཞིན་པའི་རྩོད་རྙོག་ལ་ཞི་བའི་ལམ་ནས་གདོང་ལེན་བྱེད་པ་དང་། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་བར་ལོ་རབས་མང་པོའི་རིང་ངལ་དུབ་མེད་པར་འབད་བརྩོན་གནང་བ་སོགས་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད། ཁོང་གིས་ལོ་ངོ་མང་པོའི་རིང་གཞན་དོན་བསྒྲུབས་བཞུགས་པ་དེས། ང་ཚོ་ཚང་མར་གཞན་དོན་བསྒྲུབས་པའི་ཐོག་ནས་མི་ཚེ་བསྐྱལ་རྒྱུའི་མིག་དཔེ་བཟང་པོ་བསྟན་ཡོད། ཕྱི་ལོ་ ༢༠༠༢ ལོར་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་ཁོང་གིས་འགྲོ་བ་མིའི་བདེ་དོན་ཆེད་དུ་ཕུལ་བའི་མཛད་རྗེས་ལ་ངོས་འཛིན་གནང་བའི་ཐོག་ནས་ཁོང་ལ་ནོ་སྦེལ་ཞེ་བདེའི་གཟེངས་རྟགས་ཕུལ་ཡོད་པ་རེད། ཅེས་གསུངས།
ཡང་༧མགོན་པོ་གང་ཉིད་མཆོག་གིས། ངོས་རང་དང་། ང་ཚོ་བོད་མི་ཡོངས་ནས་སྲིད་འཛིན་ཁར་ཊར་མཆོག་གིས་བོད་ནང་གི་གནས་སྟངས་ཐད་བློ་འཚབ་དང་། ཐུགས་ཁུར་ཆེ་བཞེས་ཀྱིས་བོད་མི་རྣམས་ཀྱི་དཀའ་ངལ་སེལ་ཐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
གཞན་ཡང་། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཡོངས་ནས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་ཨ་རིའི་སྲིད་འཛིན་ཟུར་བ་ཇིམ་མེ་ཁར་ཊར་མཆོག་དང་རྒྱ་གར་གྱི་སྲིད་བློན་ཟུར་བ་མན་མོ་ཧན་སིང་མཆོག་རྣམ་གཉིས་འདས་གྲོངས་སུ་ཕྱིན་པར་མཆོད་འབུལ་སྨོན་ལམ་གསུང་འདོན་དང་། མྱ་ངན་གུས་འདུད་མཚོན་ཆེད་ཉིན་ཕྱེད་རིང་བོད་མིའི་སྒྲིག་འཛུགས་ལས་མཚམས་བཞག་སོང་།
ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་སྲིད་འཛིན་ཟུར་བ་ཇིམ་མེ་ཁར་ཊར་མཆོག་གིས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུས་ཡོད་ཅིང་། ལོ་དེར་ཁོང་རྒྱ་ནག་ནང་ཕེབས་ཏེ་ཕྱིར་ལོག་རྗེས། ལྷ་ས་ནས་བོད་མིའི་ཡར་ལངས་ཆེན་པོ་བྱུང་། སྐབས་དེར་ཁོང་གིས། དུས་རབས་ཉི་ཤུ་བའི་མཇུག་འདིར། མི་ཞིག་གིས་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་པར་བཙོན་འཇུག་བྱས་པ་ནི་བློ་ཡུལ་ལས་འདས་པ་ཞིག་རེད། ཅེས་རྒྱ་ནག་གཞུང་གིས་བོད་ནང་གང་བྱུང་འཛིན་བཟུང་དང་དྲག་གནོན་བྱས་པར་སྐྱོན་བརྗོད་བྱས་ཡོད། ཡང་ཁོང་གིས་ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གིས་བལ་ཡུལ་གཞུང་ལ་གནོད་ཤུགས་སྤྲད་དེ་བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ཚོར་དམ་དྲག་བྱེད་བཞིན་པའི་སྐོར་ལ་སྐྱོན་བརྗོད་གནང་ཡོད་པ་སོགས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་འདུག་ལ། ད་ལྟ་སྐུ་ཞབས་ཇིམ་མེ་ཁར་ཊར་མཆོག་ནི་དགུང་ལོ་ ༡༠༠ དང་ཁོང་གིས་ཕྱི་ལོ་ ༡༩༧༧ ནས་ ༡༩༨༡ བར་ཨ་རིའི་སྲིད་འཛིན་སྐབས་ ༣༩ པ་དེ་གནང་། ཕྱི་ལོ་ ༢༠༠༢ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།