མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་བསྡུས།

བོད་ཀྱི་དུས་བབ།
༢༠༢༥/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལར་ཉིན་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་མགོ་འཛུགས་གནང་།

ཕྱི་ཟླ་དང་པོའི་ཚེས་ ༡༥ དང་༡༦ ཉིན་གཉིས་རིང་དྷ་ས་ཨིམ་པེ་རེལ་གསོལ་མགྲོན་ཁང་ (Imperial Heights) དུ་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་མགོ་འཛུགས་གནང་།

དེ་རིང་དང་སང་ཉིན་ཉིན་གྲངས་གཉིས་རིང་དྷ་ས་ཨིམ་པེ་རེལ་གསོལ་མགྲོན་ཁང་ (Imperial Heights) དུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་མགོ་འཛུགས་གནང་སོང་།

ཚོགས་ཆེན་ཐེངས་གཉིས་པའི་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་དང་། དམིགས་བསལ་སྐུ་མགྲོན་ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་ཆེད་ལས་པ་རཱ་དྷ་རཱ་ནི་ (Radharani Thakuria) ལགས་དང་བྷ་ལ་ཀཱ་དྷེ་ (BalakaDey) ལགས། ནང་བསྟན་དཔེ་ཚོགས་ལྟེ་གནས་ (BDRC) ཀྱི་འགན་འཛིན་འབུམ་རམས་པ་ཇེན་རོ་ནི་སི་ (Jann Ronis) ལགས། སྨོམ་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། དགོན་སྡེ་ཁག་དང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ ༥༨ ཀྱི་དཔེ་མཛོད་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་སོགས་ཚོགས་བཅར་བ་ཁྱོན་ ༨༠ ཙམ་མཉམ་ཞུགས་གནང་འདུག

སྐུ་མགྲོན་གཙོ་བོ་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱིས།  གྲངས་འཛིན་དཔེ་མཛོད་ལས་གཞིའི་དམིགས་ཡུལ་ནི་བཀའ་བསྟན་ལ་སོགས་པའི་རྩ་ཆེ་བའི་དཔེ་རྙིང་དང་ཡིག་རིགས། སྒྱུ་རྩལ་དངོས་རིགས་སོགས་རིན་ཐང་བྲལ་བ་ཡོད་དོ་ཅོག་གྲངས་འཛིན་གྱི་ཐོག་ནས་སྐལ་བ་མ་སྟོང་བར་དུ་བདག་ཉར་བྱ་རྒྱུ་དང་། བདག་ཉར་བྱེད་བཞིན་པའི་བཀའ་བསྟན་ལ་སོགས་པའི་ཡིག་ཆ་རྙིང་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་ལ་དོ་དབྱིངས་ཅན་རྣམས་ལ་བཅོས་མའི་རིག་རྩལ་གྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་དྲ་ཚིགས་ཐོག་ནས་ལྟ་ཀློག་ཐུབ་པ་བཟོ་རྒྱུར་དམིགས་ཡོད། ལས་གཞི་འདི་མགོ་བཙུགས་ནས་ད་བར་ཐོག་མའི་དམིགས་ཚད་བཞག་པ་གཞིར་བཟུང་དུས་ཐོག་ཏུ་འགྲོ་ཐུབ་ཀྱི་ཡོད། བཀའ་ཤག་དང་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ཆེད་དུ་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་གྱིས་ཚགས་ཚུད་ཡོང་བར་ཕྱོགས་ཡོངས་ནས་དོ་ནན་བྱས་དང་བྱེད་མུས་ཡིན། ཨ་རིའི་གཞུང་དང་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་འགན་འཛིན་ལྷན་ཚོགས་གཙོས་པའི་ཚོགས་མི་ཡོངས་ནས་ལས་གཞི་འདི་ཚགས་ཚུད་ཡོང་རྒྱུར་མུ་མཐུད་ནས་མཐུན་འགྱུར་རོགས་རམ་གནང་རོགས་ཞུ་རྒྱུ་དང་། ང་ཚོས་ཀུན་སློང་བཟང་པོ་དང་དཀའ་ངལ་ཇི་འདྲ་ཞིག་འཕྲད་རུང་གདོང་ལེན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཚེ། ལས་གཞི་འདི་ཏན་ཏན་ཚགས་ཚུད་པོ་ཡོང་གི་རེད་བསམ་པའི་གདེང་ཚོད་ཡོད། ཅེས་གསུངས་བྱུང་།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་བསྡུས།

ཆོས་རིག་ལས་ཁུངས་ཀྱི་རིག་གཞུང་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས། གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་འདི་ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་འོག བོད་མིའི་སྤྱི་ཚོགས་ནང་རིག་གཞུང་སོར་ཆུད་ནུས་པ་གོང་འཕེལ་ཞེས་ལོ་གསུམ་གྱི་ལས་གཞི་ཞིག་རེད། ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་པའི་ཡིག་ཆ་རྙིང་པ་དང་དཔེ་ཆ་རྙིང་པ་ལ་སོགས་པ་དེང་དུས་དང་འཚམ་པའི་ཉར་ཚགས་དང་བདག་ཉར་ཡག་པོ་བྱེད་ཐུབ་རྒྱུའི་ཆེད་དུ་ཡིན་ཞིང་། ཐོག་མར་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ནང་མགོ་བཙུགས་པའི་སྐབས། ལས་གཞི་འདིར་ཆེད་ལས་མང་པོར་བརྟེན་དགོས་པས་ཨ་རིའི་རོགས་ཚོགས་ཀྱི་ཐད་ཀར་འབྲེལ་བ་ཡོད་པའི་ཐོག་ནས་ (Wadhwani AI) ཞེས་པའི་བཅོས་མའི་རིག་རྩལ་གྱི་ཚོགས་པ་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་། དེ་བཟིན་ནང་བསྟན་དཔེ་ཚོགས་ལྟེ་གནས་སོགས་དང་མཉམ་དུ་ཆེད་ལས་ཀྱི་ཐོག་ནས་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་དཀར་ཆག་གི་མཉེན་ཆས་བཟོ་རྒྱུ་དང་། དྲ་ཚིགས་ཨ་མ་བཟོ་རྒྱུ་ལ་སོགས་པའི་འཆར་གཞི་རིམ་པ་བསྒྲིགས་རེད། དེ་ཡང་། གྲངས་འཛིན་དཔེ་མཛོད་ཀྱི་དྲ་རྒྱ་དང་མཉེན་ཆས་སོགས་སྤུས་དག་པོ་ཇི་ཙམ་ཡོད་རུང་དེའི་ནང་དུ་ཡིག་ཆ་དགོས་པ་གཙོ་བོ་ཆགས་ཀྱི་ཡོད། དེར་བརྟེན་བཙན་བྱོལ་དུ་ཡོད་པའི་བོད་པའི་ཆོས་སྡེ་ཁག་དང་རིག་གཞུང་ལྟེ་གནས་ཁང་སོ་སོའི་ནང་ཡོད་པའི་ཡིག་ཆ་ཁག་བཤེར་འབེབས་བྱས་ཏེ་ལས་གཞི་མགོ་བཙུགས་གལ་ཆེ་བར་མཐོང་སྟེ། ལོ་རེར་ཆོས་སྡེ་ཁག་དང་མཉམ་འཛོམས་ཀྱིས་ཚོགས་འདུ་འཚོགས་ཏེ་ལས་གཞི་ངོ་སྤྲོད་དང་། དགོངས་འཆར་སོགས་གོ་བསྡུར་བྱས་ཏེ་ལས་གཞི་མགོ་བཙུགས་པ་རེད། ཅེས་གསུངས་བྱུང་།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་དང་འབྲེལ་ནས་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས། ལོ་གསུམ་གྱི་ལས་གཞིའི་ནང་རིག་གཞུང་ལྟེ་གནས་ཁང་བརྒྱད་དང་། དགོན་སྡེ་ཁག་ ༥༠ བཅས་ཁྱོན་ ༥༨ ཀྱིས་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། ལོ་གཅིག་གི་ནང་དུ་ལྷོ་ཕྱོགས་དང་དྷ་རམ་ས་ལར་ཡོད་པའི་ཆོས་སྡེ་ཁག་དང་རིག་གཞུང་ལྟེ་གནས་ཁང་ཁྱོན་ ༢༠ ཙམ་ལ་ལས་གཞི་མགོ་བཙུགས་པ་རེད། ལས་གཞི་འདི་མགོ་འཛུགས་སྐབས་དགོན་སྡེ་ཁག་གི་ནང་དུ་འབྲེལ་ཡོད་ཀྱི་ཆེད་ལས་པ་དང་ཝ་ཌི་ཝ་ནི་བཅོས་མའི་རིག་རྩལ་གྱི་ཆེད་ལས་པ་སོགས་ཕྱིན་ཏེ་ཉིན་གྲངས་གཉིས་རིང་སྦྱོང་བརྡར་སྤྲོད་ཀྱི་ཡོད་ལ། ཡིག་ཆ་བཤེར་འབེབས་དང་མཉེན་ཆས་ནང་དུ་བཅུག་པ་སོགས་ཀྱི་ལས་གཞི་འགྲོ་མུས་ཡིན་པ་རེད། འདས་པའི་ལོ་གཅིག་གི་ནང་དུ་དགོན་སྡེ་ཁག་དང་རིག་གཞུང་ལྟེ་གནས་ཁང་ ༢༠ ལ་ལས་གཞི་མགོ་བཙུགས་ཟིན་ཡོད་པ་དང་། ད་ལོར་བྱང་ཤར་ཁུལ་གྱི་དགོན་སྡེ་ཁག་དང་རིག་གཞུང་ལྟེ་གནས་ཁང་ ༢༠ དང་། ལོ་རྗེས་མར་བལ་ཡུལ་དང་དགོན་སྡེ་གཞན་ཁག་ ༡༨ ལ་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་འདི་མགོ་འཛུགས་འཆར་ཡོད། ཅེས་གསུངས་བྱུང་།

ཚོགས་ཆེན་འདིར་མཉམ་ཞུགས་བྱས་པའི་རྒྱུ་མཚན་གཙོ་བོ་གང་ཡིན་པའི་ཐད་གྲངས་འཛིན་དཔེ་མཛོད་ཀྱི་འཕྲུལ་ལས་ཀྱི་འགན་འཛིན་གཞོན་པ་བསྟན་འཛིན་འཕྲིན་ལས་ལགས་ཀྱིས། ད་ལན་ཚོགས་འདུའི་སྟེང་མཉམ་ཞུགས་བྱས་པའི་རྒྱུ་མཚན་གཙོ་བོ་ནི། ང་རང་གྲངས་འཛིན་དཔེ་མཛོད་ཀྱི་འཕྲུལ་ལས་ཀྱི་ཐོག་ནས་འགན་འཛིན་གཞོན་པ་ཞིག་ཡིན། གྲངས་འཛིན་དཔེ་མཛོད་ནང་དུ་གཙོ་བོ་དཔེ་མཛོད་འཛིན་སྐྱོང་མ་ལག་དང་། དཔེ་མཛོད་ཀྱི་སྒྲོམ་གཞི་ཐོག་ལ་ཡར་རྒྱས་གང་འདྲ་གཏོང་དགོས་པར་དམིགས་ཡོད་ལ། ད་ལོ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་ལོ་ཞིག་ཡིན་པས་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་༧མགོན་པོ་གང་ཉིད་མཆོག་གི་འཁྲུངས་སྐར་སྐབས་སུ་དཔེ་མཛོད་འཛིན་སྐྱོང་མ་ལག་དང་དཔེ་མཛོད་ཀྱི་སྒྲོམ་གཞི་སྟོན་རྒྱུའི་འཆར་གཞི་ཞིག་ཡོད། དེ་དང་འབྲེལ་ནས་ཉིན་གྲངས་གཉིས་རིང་ཚོགས་ཞུགས་པ་རྣམས་དང་ལྷན་དུ་དཔེ་ཆ་སོགས་གང་དགོས་པའི་ཐད་གོ་བསྡུར་བྱ་རྒྱུའི་སྡིངས་ཆ་ཡག་ཤོས་ཤིག་ཆགས་ཀྱི་འདུག ཅེས་བརྗོད་བྱུང་།

གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་དངོས་སུ་ལག་བསྟར་བྱེད་དེ་ཕན་ཐོགས་ཇི་ཙམ་བྱུང་ཡོད་པའི་ཐད་ཤུག་གསེབ་བཙུན་དགོན་གྱི་དཔེ་མཛོད་ཀྱི་དོ་དམ་པ་ཆོས་ཉིད་སྒྲོལ་མ་ལགས་ཀྱིས། ཐོག་མར་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་དང་འབྲེལ་ནས་ཆེད་ལས་པ་ཁག་ཅིག་ཕེབས་ཏེ། བདུན་ཕྲག་གཅིག་རིང་ཟབ་སྦྱོང་གནང་བ་དང་ངས་སྦྱོང་བརྡར་བྱེད་པའི་སྐབས། དེང་དུས་ཀྱི་དཔེ་མཛོད་དང་མཐུན་པ་ཆགས་ས་རེད་བསམ་པའི་ཚོར་སྣང་བྱུང་ལ། ལས་གཞི་འདི་ཧ་ཅང་གི་ཡག་པོ་ཡོད་པའི་ཚོར་སྣང་བྱུང་། དེ་སྔ་དཔེ་མཛོད་ནང་དུ་དེབ་འཚོལ་བར་འགྲོ་དགོས་ཀྱི་ཡོད་པ་དང་། ད་ལྟའི་ཆར་ལས་གཞི་འདི་ལ་བརྟེན་ནས་གློག་ཀླད་བརྒྱུད་དེབ་འཚོལ་སླ་བ་སོགས་སྟབས་བདེ་རུ་ཕྱིན་སོང་། ཞེས་བརྗོད་བྱུང་།

ལས་གཞི་འདིས་ཕན་ཐོགས་ཇི་ཙམ་བྱུང་ཡོད་པའི་ཐད་དགའ་ལྡན་ཤར་རྩེའི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས། སྤྱིར་བཏང་ང་ཚོའི་དཔེ་མཛོད་ལ་ཆ་བཞག་ན། དེ་སྔ་དཀར་ཆག་ཡག་པོ་མེད་པ་རེད། དེར་བརྟེན་ལས་གཞི་འདི་བརྒྱུད་དཀར་ཆག་ཡག་པོ་ཆགས་པའི་ཕན་ཐོགས་ཆེན་པོ་བྱུང་། དེ་སྔ་དཔེ་ཆ་གཡར་བའི་སྐབས་དཔེ་ཆ་འཚོལ་བར་དུས་ཚོད་མང་པོ་འགོར་གྱི་ཡོད་ཀྱང་། ད་ལྟའི་ཆར་དཀར་ཆག་ཡག་པོ་ཡོད་པའི་ཐོག་ཁ་པར་དང་གློག་ཀླད་བརྒྱུད་དཔེ་ཆ་འཚོལ་སླ་བ་དང་སྟོན་སླ་བར་ཕན་ཐོགས་བྱུང་། གྲངས་འཛིན་དཔེ་མཛོད་བརྒྱུད་མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་དེ་དག་ཉར་ཚགས་བྱ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་གི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

འདས་ལོའི་ཕྱི་ཟླ་ ༣ ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་དྷ་ས་ཨིམ་པེ་རེལ་གསོལ་མགྲོན་ཁང་ (Imperial Heights) དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོགས་ཡོད་ཅིང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་ཨ་རིའི་རོགས་ཚོགས་ (USAID) ཀྱི་ལས་འཆར་འགན་འཛིན་ (Mission Director) ཝི་ན་རེ་ཌི་ (Venna Reddy) ལགས། ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་སོགས་དང་། དགོན་སྡེ་ཁག་ ༥༤ དང་རིག་གཞུང་གི་ཚོགས་སྡེ་ཁག་ ༡༠ ཡི་སྐུ་ཚབ་སོགས་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 1

  1. Tseten Gyurmae says:
    ལོ་ 1 སྔོན།

    Tibetan Digital Library བོད་ཀྱི་གྲངས་འཛིན་དཔེ་མཛོད།
    བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་བསྡུས། ཞེས་པའི་གསར་བསྒྱུར་དེ་མཇལ་ཀློག་ཞུ་འདོད་ཅིག་བྱུང་། རྒྱུ་མཚན་གཅིག་དེ་གྲངས་འཛིན་ཅེས་པ་རང་ལ་གོ་རྟོགས་མེད་པའི་ཚིག་གམ་མིང་ཚིག་དེ་གང་ཡིན་རྟོགས་ཆེད་ཡིན། ཡིན་ཀྱང་མར་ཙམ་གྱི་དཔར་བྱང་དུ་ Tibetan Digital Library ཅེས་པ་མཐོང་དུས་རོབ་ཙམ་དོགས་ཆོད་གནས་ཀྱང་། ཚང་མ་ཀློག་རུང་གྲངས་འཛིན་ཚིག་ལ་ད་དུང་ཡང་ངེས་པ་མ་ཐོབ། དབྱིན་སྐད་ཚིག་གསུམ་ནས་ Digital དེར་གོ་ཚོད་འདུག་པ་ལས་དེ་མིན་བོད་དང་དཔེ་འཛོད་ཀྱི་དབྱིན་ཚིག་གཉིས་སུ་ཕལ་ཆེར་དོགས་དགོས་ས་མིན་འདུག Digital ལམ་ནས་ལས་དོན་འདྲ་མིན་ཞིག་ཞུ་བའི་ཁོངས་ནས་གྲངས་འཛིན་རྒྱུའམ་གྲངས་ངེས་རྒྱུ་ནི་གཅིག་ཡིན་པ་ལས་དེ་མིན་བྱ་ལས་མང་པོ་ཞུ་ལམ་ཡོད།

    གྲངས་འཛིན་གྱི་དོན་དེ་ཤེས་ཐབས་བྱུང་ན་དགེ་བར་སྙམས་ལགས། ནོར་ཡོད་ན་དགོང་འགལ་མེད་པ་ཞུ།

    རྒྱས་སྤྲོད་པའི་ཚོགས་ཡུལ། གནས་དོན་སྐོར་བསམ་འཆར་རེ་གཉིས་ཞུ་སྐབས་བྱུང་། གལ་པོ་ཆེ་ལ་ནན་གཏན་ཆེད་ད་རེས་ཀྱང་སླར་ཞུ་རྒྱུར། མགྲོན་ཁང་ཆེན་པིའོ་ནང་འཚོགས་ནས་འབྲས་བུ་ཆེིན་པོ་ཐོན་རྒྱུ་ཡོད་པ་ནི་ཆ་མི་ངེས། ཆ་ངེས་པ་ནི་གཞན་རྒྱུ་དཀོར་དང་དེར་སེར་སྣ་ཡོད་ན་ཆོས་འཇིག་གཉིས་སུ་བཟང་མ་ལགས་སམ། བྱ་བ་ལ་རྒྱས་སྤྲོད། མེ་ཚ་བོ་དགོས་པ་ལ་ཐབས་ཆེ་ཨེ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese