མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་སྒོ་བརྒྱབ་པས་སུ་ལ་ཁེ་ཕན་དང་སུ་ལ་གྱོང་གུན་རེད་དམ།

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། རྒྱལ་མཚན་ཆོས་གྲགས། ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གསར་འགོད་པ།

སྔོན་གླེང་།

ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚབ་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན། པར་དུས་བབ་ཀྱིས་བསྒྲིགས།

ཕྱི་ལོ་ ༢༠༢༥ ་ཟླ་ ༣ ཚེས་ ༡༤ ཉིན།ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རམ་ཕ་ཡིས་གཞུང་གི་འགྲོ་གྲོན་གཅོག་འཕྲི་ཆེན་པོ་གཏོང་རྒྱུའི་སྲིད་འཛིན་གྱི་འཛིན་སྐྱོང་བཀོད་ཁྱབ་ཞིག་བཏང་བ་བརྒྱུད་རང་དབང་ཅན་གྱི་ཨ་རིའི་མངའ་འོག་ལས་ཁུངས་མང་པོའི་ནང་ཡོད་པའི་ཨ་རིའི་འཛམ་གླིང་བརྒྱུད་ལམ་ལས་ཁུངས་(USAGM)ཀྱི་ལས་དོན་ཉུང་དུ་གཏོང་ཆེད་ལས་ཁུངས་མང་པོའི་ཡན་ལག་མེད་པར་བཟོས་པ་དང་། ལས་བྱེད་མང་པོར་དགོངས་པ་སྤྲད། དེའི་རྐྱེན་པས། ཨ་རིའི་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པའི་ཨ་རིའི་དབྱིན་སྐད་རླུང་འཕྲིན་ཁང་(VOA) དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་(RFA)ཡང་ཚུད་པའི་རྒྱལ་སྤྱིའི་རྒྱང་སྲིང་ཁང་ལྔའི་མ་དངུལ་མཚམས་འཇོག་བྱས་པ་དང་རྒྱང་སྲིང་ལས་དོན་མཚམས་འཇོག་བྱས། བོད་མི་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཨ་རིའི་རླུང་འཕྲིན་ཁང་ VOA དངཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ RFA གཉིས་ཀའི་བོད་སྐད་སྡེ་ཚན་ཡང་མ་དངུལ་གཅོག་འཕྲི་བྱས་པའི་ཤུགས་རྐྱེན་འོག་ཚུད་དེ། ཕྱི་ཟླ་ ༣ ཚེས་ ༡༤ ནས་བཟུང་ལས་དོན་སྒྲུབ་མ་ཐུབ་པར་གྱུར་ཡོད།  རྩོམ་ཡིག་འདིའི་ནང་། ངས་བོད་མི་མང་དང་རླུང་འཕྲིན་ཁང་གཉིས་ཀྱི་དབར་གྱི་ལོ་རྒྱུས་ཀྱི་འབྲེལ་བ་དང་། དེ་དག་གིས་བོད་མི་རྣམས་ལ་བསྐྲུན་པའི་ཁེ་ཕན། དེ་དག་སྒོ་བརྒྱབ་པ་ལས་བྱུང་བའི་གྱོང་གུན་སྐོར་གྱི་ངའི་ཉམས་མྱོང་དང་མཐོང་ཚུལ་རྣམས་གླེང་རྒྱུ་ཡིན།

བོད་མི་དང་ཨ་རིའི་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་(VOA)དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ (RFA) བོད་སྐད་སྡེ་ཚན་གཉིས་ཀྱི་འབྲེལ་བ།

ཨ་རིའི་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་(VOA)ནི་ཕྱི་ལོ་ ༡༩༩༡ ལོར་དབུ་བརྙེས་པ་དང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་(RFA)ནི་ ༡༩༩༦ ལོར་དབུ་བརྙེས་པ་རེད། རླུང་འཕྲིན་ཁང་གཉིས་ཀའི་དམིགས་ཡུལ་གཙོ་བོ་ནི་རང་དབང་ལྡན་པའི་གསར་འགྱུར་དང་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུ་དེ་ཡིན། ལྷག་པར་དུ་བོད་ནང་གི་བོད་མི་རྣམས་ལ་ཕྱི་ཕྱོགས་ཀྱི་གནས་ཚུལ་དང་། འཛམ་གླིང་གི་གནས་བབ། བཙན་བྱོལ་བོད་མིའི་གནས་ཚུལ་སོགས་མཁོ་སྤྲོད་བྱེད་ཀྱི་ཡོད།

ང་རང་ཚུད་པའི་བོད་དོན་ལ་དོ་སྣང་ཡོད་མཁན་བོད་མི་ཚོ་དང་རླུང་འཕྲིན་ཁང་གཉིས་པོ་དེའི་དབར་བརྗོད་མི་ཚར་བའི་དགའ་སྐྱོ་ཆགས་སྡང་གི་ལོ་རྒྱུས་རིང་པོ་ཞིག་ཡོད། སྙིང་སྟོབས་སྐྱེད་པ་དང་རེ་བ་སྐྲུན་པའི་གསར་འགྱུར། བློ་སྐྱེད་ལྡན་པའི་བགྲོ་གླེང་། ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས། སྐད་ཡིག་མི་ཉམས་རྒྱུན་འཛིན་སོགས་ཀྱི་ལས་རིམ་དེ་དག་ནི་བོད་མིའི་སེམས་ཁམས་སུ་བརྩེ་སེམས་ཀྱིས་ཁྱབ་པའི་མེ་ཏོག་ཞིག་དང་འདྲ་བར་བོད་མིའི་འཚོ་བའི་ནང་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད།

བོད་མི་མང་ཆེ་བས་རླུང་འཕྲིན་ཁང་གཉིས་ཀྱི་ལས་དོན་ལ་བསྔགས་བརྗོད་ཞུ་བཞིན་ཡོད་ནའང་། རེ་ཟུང་གིས་སྐྱོན་བརྗོད་བྱེད་པའང་ཡོད། སྐྱོན་བརྗོད་གཙོ་བོ་ནི་ཕྱོགས་ལྷུང་ཆེ་དྲགས་པ་དང་།  ཆབ་སྲིད་ཀྱི་ལྟ་བའི་ཐད་དྲང་བདེན་མིན་པ་སོགས་བརྗོད་ཀྱི་ཡོད།

འོན་ཀྱང་སྤྱི་ཡོངས་ནས་བལྟས་ན། བོད་མི་མང་ཆེ་བས་རླུང་འཕྲིན་ཁང་གཉིས་ཀྱི་ལས་དོན་ལ་ཡིད་ཆེས་དང་གདེང་འཇོག་བྱེད་ཀྱི་ཡོད། ལྷག་པར་དུ་བོད་ནང་ཉེན་ཁའི་ཁྲོད་ནས་རླུང་འཕྲིན་ཉན་མཁན་བོད་མི་རྣམས་ཀྱིས། རླུང་འཕྲིན་ཁང་གཉིས་ནི་ཕྱི་ཕྱོགས་ཀྱི་གནས་ཚུལ་དང་། ༸གོང་ས་མཆོག་གི་བཀའ་སློབ། བཙན་བྱོལ་བོད་མིའི་གནས་སྟངས་སོགས་ཤེས་རྟོགས་ཐུབ་པའི་ཐབས་ལམ་གལ་ཆེ་ཞིག་ཏུ་བརྩི་བཞིན་ཡོད་ལ་རླུང་འཕྲིན་ཁང་གཉིས་ནི་བོད་མི་རིགས་ཀྱི་སྙིང་སྟོབས་དང་རེ་བ་མི་ཉམས་སྲུང་སྐྱོབ་བྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཏུའང་གྱུར་ཡོད།

ངའི་རྒན་ལགས་ཀྱིས་གསང་བའི་སྒོ་ནས་ཕྱིའི་རླུང་འཕྲིན་ཉན་པའི་ལོ་རྒྱུས།

ང་རང་ཆུང་དུས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་ཀྱི་སེ་ར་དགོན་པར་ནང་ཆོས་སློབ་གཉེར་བྱེད་ཆེད་ལོ་ཁ་ཤས་བསྡད། སེ་ར་དགོན་པའི་གཞུང་སྒོ་ནས་ཡར་ནང་དུ་འཛུལ་བ་ན་དགོན་པའི་ཚོང་ཁང་དུ་སླེབས། ང་ཚོའི་གྲྭ་ཤག་ནི་ཚོང་ཁང་གི་ཐོག་རྩེག་གཉིས་པ་དེར་ཡོད། ཚོང་ཁང་ཡོད་ས་དེ་ནི་སེར་སྨད་གྲྭ་ཚང་གི་གཞུང་པ་ཁང་ཚན་རེད། ང་ཚོའི་ཤག་གི་སྒེའུ་ཁུང་ནས་བལྟས་ན་དགོན་པར་མཆོད་མཇལ་ཞུ་མཁན་དད་ལྡན་མང་ཚོགས་དགོན་པའི་གཞུང་སྒོ་བརྒྱུད་ནས་ནང་དུ་འགྲོ་བ་དང་ཕྱིར་ཐོན་པ་མཐོང་ཐུབ།

༡༩༥༡ ལོར་རྒྱ་ནག་གཞུང་གིས་བོད་བཙན་བཟུང་མ་བྱས་གོང་ངའི་རྒན་ལགས་ཁོང་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་སུ་ཡོད་པའི་སེ་ར་བྱེས་གྲྭ་ཚང་གི་ཧར་གདོང་ཁང་ཚན་གྱི་དྲུང་ཡིག་གནང་འདུག ཁོང་ནི་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་སྒྱུ་རྩལ་དང་སྤྱི་ཚོགས་ཡིག་བཟོའི་རིགས་ལ་བྱང་ཆུབ་པ་ཞིག་རེད། རྒྱ་མིས་བོད་བཙན་བཟུང་བྱས་རྗེས་བོད་ནང་དགོན་སྡེ་ལྷ་ཁང་སྟོང་ཕྲག་མང་པོ་རྩ་གཏོར་བཏང་བ་དང་གྲྭ་བཙུན་རྣམས་ཀྱང་དགོན་པ་ནས་ཕྱིར་ཕུད་བཏང་། ངའི་རྒན་ལགས་ཀྱང་རང་གི་འཁྲུངས་ཡུལ་གྲོང་གསེབ་ཏུ་ལོག་ནས་ལོ་བཅུ་ཕྲག་ཁ་ཤས་རིང་དཀའ་ཚེགས་ཆེ་བའི་ཞིང་པའི་འཚོ་བ་བསྐྱལ། ཕྱི་ལོ་༡༩༧༨ རྗེས་སུ་རྒྱ་ནག་གཞུང་གིས་བོད་དུ་ཆོས་ལུགས་སྲིད་ཇུས་ཅུང་ཟད་གུ་ཡངས་སུ་བཏང་རྗེས་ཁོང་རང་གི་འཁྲུངས་ཡུལ་གྲོང་གསེབ་ནས་སླར་ཡང་སེ་ར་དགོན་པར་ཕྱིར་ལོག་གནང་སྟེ་དྲུང་ཡིག་གི་ལས་འགན་བསྐྱར་དུ་བཞེས། ཁོང་གི་ལས་འགན་གཙོ་བོ་ནི་དགོན་པའི་རྒྱུ་དངོས་ཀྱི་བདག་གཉེར་གནང་མཁན་(ནོར་རྫས་གཉེར་བ)གནང་གི་འདུག

ངའི་དྲན་པ་གསལ་ཤོས་ཞིག་ནི་དགོང་མོའི་ཆུ་ཚོད་དགུ་པ་ནས་བཅུ་པའི་བར་ནི་ངའི་རྒན་ལགས་ཁོང་གི་དུས་ཚོད་ཆེས་གལ་ཆེ་ཤོས་དེ་ཡིན། དེ་ནི་ཁོང་གིས་ཕྱི་རྒྱལ་ནས་བཏང་བའི་བོད་སྐད་རླུང་འཕྲིན་ལེ་ཚན་ལ་གསན་པའི་དུས་ཚོད་རེད། ཐོག་མར་ཁོང་གིས་སྒོ་དང་སྒེའུ་ཁུང་ཚང་མ་ནན་ཏན་གྱིས་བརྒྱབ་ནས། གྲྭ་ཤག་གི་མཐའ་འཁོར་རམ་སྒེའུ་ཁུང་གི་འོག་ཏུ་མི་ཡོད་མེད་ཞིབ་ཕྲ་བརྟག་དཔྱད་གནང་རྗེས། རླུང་འཕྲིན་གྱི་ཨང་གྲངས་ཡར་མར་སྤོས་ཏེ། སྒྲ་གདངས་དམའ་མོ་བཟོས་ནས། སྒྲ་སྡུད་འཕྲུལ་ཆས་དེ་རང་གི་རྣ་བ་དང་ཉེ་པོར་བཟུང་སྟེ་ཧ་ཅང་གི་ཐུགས་སྣང་ཆེན་པོས་གསན་གྱི་རེད། དེ་དུས་ང་ཚོ་དགེ་ཕྲུག་རྣམས་ཀྱང་ཁུ་སིམ་མེར་སྡོད་དགོས་པ་ལས་ཁོང་ལ་བར་ཆད་གཏོང་མི་ཆོག

དེའི་སྐབས་སུ་ངས་ཁོང་གིས་རླུང་འཕྲིན་ཉན་རྒྱུ་དེ་ཅིའི་ཕྱིར་གལ་ཆེན་པོར་བརྩིས་པ་དང་། ཁོང་གིས་ག་རེ་ཉན་གྱི་ཡོད་མེད་ཀྱང་མ་ཤེས། སྐབས་རེར་ཁོང་གི་བཞིན་རས་ལ་འཛུམ་དང་སྤྲོ་སྣང་མངོན་པའི་གནས་སྟངས་ཡོང་གི་ཡོད་པ་དེ་ནི་གསར་འགྱུར་བཟང་པོ་ཐོས་པའི་རྟགས་མཚན་ཞིག་ཡིན་ངེས། རྗེས་སུ་ངས་ཁོང་གིས་ཉན་བཞིན་པའི་རླུང་འཕྲིན་ལེ་ཚན་གྱི་ཐོག་དོ་སྣང་བྱུང་།

ངས་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་གིས་ཉན་བཞིན་པ་དེ་ནི་ཨ་རིའི་བོད་སྐད་རླུང་འཕྲིན་ལེ་ཚན་རེད་འདུག རྗེས་སུ་ངས་ཀྱང་རྒན་ལགས་མཉམ་དུ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགྱུར་ལ་ཐེངས་མང་ཉན་མྱོང་ཡོད། དགོན་པའི་ནང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་ཚན་པའི་གསར་འགྱུར་ལ་ཉན་མཁན་ངའི་དགེ་རྒན་གཅིག་པུ་མིན་པར་དགེ་འདུན་པ་གཞན་མང་པོས་ཀྱང་ཉན་གྱི་ཡོད་པ་ངས་རྗེས་སུ་ཤེས་བྱུང་།  རླུང་འཕྲིན་འདི་དག་བརྒྱུད་ནས་གཤམ་གྱི་གནས་ཚུལ་རྣམས་ཤེས་ཐུབ་ཀྱི་ཡོད།

  • ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན།
  • བོད་དང་འབྲེལ་བའི་གནད་དོན་ཁག
  • ཕྱི་རྒྱལ་ནས་བོད་དོན་ཐད་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐོར།
  • རྒྱལ་སྤྱིའི་གསར་འགྱུར་སོགས།

སྐབས་རེར་ཨ་རིའི་སྲིད་འཛིན་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་བ་དང་བོད་སྐོར་གསུང་བཤད་ཀྱང་ཐོས་ཐུབ། ༸གོང་ས་མཆོག་དང་བོད་དོན་སྐོར་གྱི་གསར་འགྱུར་གལ་ཆེན་ཤོད་སྐབས་རྒྱ་ནག་གཞུང་གིས་ཆེད་མངགས་རོལ་མོའི་སྒྲ་དང་སྐད་སྒྲ་ཤུགས་ཆེན་པོ་བཏང་ནས་གསར་འགྱུར་ལས་རིམ་ཉན་མ་ཐུབ་པའི་བར་ཆད་བཟོ་ཡི་ཡོད།

བོད་དང་འབྲེལ་བའི་གསར་འགྱུར་གལ་ཆེན་ཞིག་ཐོས་པའི་སྐབས་སུ་ངའི་རྒན་ལགས་ཀྱི་ཡིད་ཆེས་འཕེར་བའི་དགེ་འདུན་པ་རྒན་གྲས་དེ་འདྲ་ང་ཚོའི་གྲྭ་ཤག་ཏུ་ཕེབས་གནང་གི་ཡོད་ལ། ཁོང་ཚོས་མཉམ་དུ་གསར་འགྱུར་གྱི་ནང་དོན་ལ་གྲོས་བསྡུར་གནང་བ་དང་མྱོང་ཚོར་བརྗེ་རེས་བྱེད་པ། བོད་ཀྱི་མ་འོངས་པའི་མདུན་ལམ་ལ་སྤོབས་པ་དང་རེ་བ་ཡོད་པའི་སྐད་ཆ་ཤོད་པ་རྣམས་ཡང་ཡང་དྲན་གྱི་འདུག

ང་རྒྱ་གར་ནང་ཆབ་སྲིད་ཀྱི་བཙན་བྱོལ་དུ་འབྱོར་ནས་ལོ་ཁ་ཤས་སོང་བའི་རྗེས་སུ། ངའི་རྒན་ལགས་ཁོང་སྐུ་ཚེའི་འཕེན་པ་རྫོགས་སོང་། ཁོང་སྐུ་མ་གཤེགས་ཀྱི་བར་དུ་ཁོང་གིས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་ཁང་གཉིས་པོ་དེར་ཉན་རྒྱུ་ནམ་ཡང་མཚམས་བཞག་མི་འདུག

དུས་སྐབས་དེའི་ནང་རྒྱ་ནག་དམར་ཤོག་གཞུང་གི་དམ་དྲག་ཆེན་པོ་ཡོད་མིན་ལ་མ་ལྟོས་པར་བོད་ས་ཡོངས་ཀྱི་དགོན་པ་ཁག་དང་། ཞིང་པ་དང་འབྲོག་པ་བཅས་ཀྱི་ཁྲོད་དུ་ཨ་རིའི་རླུང་འཕྲིན་གྱི་བོད་སྐད་ཚན་པ་ཙམ་མ་ཟད་ད་དུང་རྗེས་སུ་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་དང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བཅས་ལ་གསང་བའི་ངང་ནས་བོད་དང་འབྲེལ་བའི་གསར་འགྱུར་ལ་ལྟ་ཉན་བྱ་རྒྱུ་ཁྱབ་ཆེན་པོ་ཡོད་འདུག་ལ། གསར་འགྱུར་ལྟ་ཉན་པའི་ཉམས་མྱོང་ཡང་གཅིག་པ་ཡིན་པ་འདྲ།

 རླུང་འཕྲིན་ཁང་གཉིས་ཀྱི་ལས་དོན་མཚམས་འཇོག་བྱས་རྗེས་བོད་ནང་གི་བོད་མི་ཚོའི་སེམས་འཚབ།

ཨ་རིའི་རྒྱལ་སྤྱིའི་བརྒྱུད་ལམ་ལས་ཁུངས་USAGM གྱི་ཐད་ཀའི་ལྟ་རྟོག་འོག་ཡོད་པའི་ཨ་རིའི་རླུང་འཕྲིན་VOA དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་RFA ནི་ཨ་རིའི་འཇམ་པོའི་སྟོབས་ཤུགས་ཀྱི་རྨང་གཞི་ཡིན་ཞིང་། དམངས་གཙོའི་རིན་ཐང་གོང་སྤེལ་གཏོང་བ་དང་། རྒྱ་ནག་(CGTN) དང་། ཨུ་རུ་སུ་(RT/Sputnik)། ཨི་རཱན་(PressTV) ལྟ་བུའི་སྲིད་གཞུང་གི་དྲིལ་བསྒྲགས་ལ་ཁ་གཏད་གཅོག་ཐབས་ཆེད་དུ་ཡིན་པ་རེད།

ཡིན་ན་ཡང་ད་རེས་གློ་བུར་དུ་རླུང་འཕྲིན་ཁང་དེ་དག་གི་ལས་དོན་མཚམས་འཇོག་བྱེད་དུ་བཅུག་པའི་ཁྲོད་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་དབར་ཟམ་པ་དང་མགྲིན་ཚབ་པའི་ཚུལ་དུ་གནས་པའི་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་ཀྱང་ལས་དོན་སྒྲུབ་མི་ཐུབ་པའི་ཤིན་ཏུ་ཛ་དྲག་པོའི་གནས་ཚུལ་བོད་ནང་ཁུལ་དུ་ཁྱབ་རྗེས། བོད་ནང་གི་བོད་མི་མང་པོའི་སེམས་ནང་སྡུག་བསྔལ་དང་སེམས་འཚབ་ཆེན་པོ་བྱུང་འདུག།

ལྷ་ས་ནས་ཡིན་པའི་བོད་མི་ཞིག་གིས་བདེ་འཇགས་ཀྱི་ཉེན་ཁར་བསམ་ཤེས་ཀྱིས་མིང་མ་བརྗོད་པར་ང་ལ་བཤད་དོན། “རླུང་འཕྲིན་ཁང་འདི་གཉིས་ནི་ང་ཚོར་མཚོན་ན་སྒེའུ་ཁུང་ཆུང་ཆུང་ཞིག་བརྒྱུད་ནས་འཛམ་གླིང་ཆེན་པོ་མཐོང་ཐུབ་པའི་ཐབས་ལམ་གཅིག་པུ་དེ་ཡིན། འདི་མེད་ན་ང་ཚོ་མུན་ནག་ནང་ལྟ་བུར་ལུས་ངེས་རེད།” ཅེས་བཤད་བྱུང་།

ཡང་བོད་ཤར་ཕྱོགས་ཀྱི་ས་ཁུལ་ཞིག་ནས་གཞོན་སྐྱེས་ཤིག་གིས་ཀྱང་ཁོང་གི་སེམས་ཚོར་འདི་ལྟར་བརྗོད་དོན། “ཨ་རིས་རོགས་སྐྱོར་གནང་བའི་བོད་སྐད་རླུང་འཕྲིན་ཁང་དེ་གཉིས་ཡོད་པ་ལ་རྟེན་ནས་བོད་ནང་གི་གནས་ཚུལ་རྒྱལ་སྤྱིའི་ཐོག་སྤེལ་ཐུབ་པ་དང་ཕྱིའི་གནས་ཚུལ་བོད་ནང་ཤེས་རྟོགས་ཐུབ་ཀྱི་ཡོད། ད་ཆ་གློ་བུར་དུ་རླུང་འཕྲིན་ཁང་སྒོ་བརྒྱབ་པ་ནི་ཡིད་མི་ཆེས་པ་ཞིག་རེད།” ཅེས་གསུངས་བྱུང་།

            ངའི་མྱོང་ཚོར་དང་གསར་འགོད་པའི་ཉམས་མྱོང་།

ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས།

ང་རང་རྒྱ་གར་ནང་ཆབ་སྲིད་ཀྱི་བཙན་བྱོལ་དུ་འབྱོར་རྗེས། གནས་སྟངས་དང་ངའི་དོ་དབྱིངས་ལ་བརྟེན་ནས། ཕྱི་ལོ་ ༢༠༠༩ ནས་ ༢༠༡༨ བར་དུ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ (Voice of Tibet) རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གསར་འགོད་པའི་ལས་ཀ་བྱེད་པའི་གོ་སྐབས་ཐོབ་བྱུང་། དེ་རྗེས། ༢༠༡༨ ནས་༢༠༢༥ བར། ལོ་བདུན་རིང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ས་གནས་གསར་འགོད་པའི་འགན་འཁུར་བླངས།

རླུང་འཕྲིན་ཁང་གཉིས་ཀའི་ནང་ངའི་འགན་འཁྲི་གཙོ་བོ་ནི་བོད་ནང་གི་གནས་ཚུལ་བསྡུ་རུབ་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱང་སྲིང་བྱེད་རྒྱུ་དེ་ཡིན། དུས་ཡུན་ལོ་ངོ་ ༡༧ ཙམ་དེའི་རིང་ལ། ངས་གཤམ་གྱི་བོད་ནང་གི་གནས་ཚུལ་གལ་ཆེན་མང་པོ་སྤེལ་ཐུབ་ཡོད།

  • བོད་མི་ ༡༥༥ ལྷག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ།
  • ཞི་བའི་ངོ་རྒོལ་ལས་འགུལ་སྣ་ཚོགས།
  • ཆོས་དད་རང་དབང་མེད་པའི་གནས་སྟངས།
  • ཁོར་ཡུག་གཏོར་བཤིག་གི་དཀའ་ངལ།
  • འབྲོག་པ་དབང་ཤེད་ཀྱིས་གནས་སྤོ་བྱེད་དུ་བཅུག་པའི་གནད་དོན།
  • ས་ཞིང་འཕྲོག་བཅོམ་གྱི་གནས་ཚུལ།
  • བོད་མི་འཛིན་བཟུང་དང་བཙོན་འཇུག སྲོག་ཐོག་ཁྲིམས་ཆད་བཅད་པའི་སྐོར།
  • ས་གནས་དགོན་པ་ཁག་སྒོ་རྒྱག་པའི་བྱ་སྤྱོད།
  • སྒེར་གྱི་ཁྱིམ་ཚང་ནང་༸གོང་ས་ཏཱ་ལའི་བླ་མའི་སྐུ་པར་ཉར་མི་ཆོག་པའི་བཀག་སྡོམ།
  • བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཐད་བཀག་འགོག་བྱེད་པའི་སྲིད་བྱུས་སོགས།

ཁྱོན་བསྡོམས་བོད་ནང་གི་གནས་ཚུལ་༡༩༠༠ ལྷག་རྒྱལ་སྤྱིའི་ཐོག་སྤེལ་ཐུབ་ཡོད།

དུས་ཡུན་དེར་ཕྱིར་མིག་བལྟས་ན། ངའི་ལས་ཀས་བོད་པའི་སྤྱི་ཚོགས་དང་བོད་དོན་ལ་ཞབས་འདེགས་ཕྲན་བུ་བསྒྲུབས་ཐུབ་ཡོད་སྙམ་པའི་སྤོབས་པ་སྐྱེ་བཞིན་ཡོད། འོན་ཀྱང་། ལས་ཀ་འདིའི་རྐྱེན་པས་རྒྱ་ནག་གཞུང་གིས་བོད་ནང་གི་ངའི་ཕ་མ་དང་ནང་མི་ཚོར་བསུན་བཙིར་དང་འདྲི་གཅོད་བྱས་ཏེ་དཀའ་ངལ་མང་པོ་བཟོས་པ་ངས་ཤེས་རྟོགས་བྱུང་།

རྒྱ་ནག་དབང་འཛིན་པས་ངའི་ནང་མི་ཚོས་ཕྱི་རྒྱལ་ལ་ཡོད་པའི་ང་དང་འབྲེལ་བ་བྱེད་མི་ཆོག་པའི་དམ་བསྒྲགས་ནན་པོ་བཟོས་པར་བརྟེན། ལོ་བཅུ་ཕྲག་ལྷག་རིང་ང་དང་ངའི་ནང་མི་ཚོའི་དབར་འབྲེལ་བ་ཡོངས་སུ་ཆད་དེ། ཁོང་ཚོའི་གནས་སྟངས་ཇི་ཡིན་ང་ལ་ཤེས་རྟོགས་མེད་པར་གྱུར། འདི་ནི་ངའི་སྒེར་གྱི་གནས་སྟངས་ཙམ་མ་ཡིན་པར། བཙན་བྱོལ་དུ་ཡོད་པའི་གསར་འགོད་པ་དང་བོད་མི་མང་པོར་འཕྲད་བཞིན་པའི་སྤྱི་མཐུན་གྱི་དཀའ་ངལ་ཞིག་ཡིན།

རླུང་འཕྲིན་ཁང་གཉིས་ཀྱི་ལས་དོན་མཚམས་འཇོག་བྱས་པར་རྒྱ་ནག་གཞུང་གི་དགའ་སྤྲོ།

ཨ་རིའི་རླུང་འཕྲིན་ཁང་ལས་མཚམས་བཞག་པའི་གནས་ཚུལ་ཐོན་པའི་ཉིན་གཉིས་པ་དེར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནས་དགའ་བསུ་ཞུས་ཡོད། དཔེར་ན། རྒྱ་ནག་གོ་ལའི་དུས་བབ་ (China Global Times) དང་པེ་ཅིན་ཉིན་རེའི་ཚགས་པར་(Beijing Daily) ཐོག་ཨ་རི་གཞུང་གི་ཐག་གཅོད་ལ་དགའ་སྤྲོའི་ངང་བསྔགས་བརྗོད་ཀྱི་རྩོམ་ཡིག་སྤེལ་ཡོད།

ཁོང་ཚོས་ཨ་རིའི་རླུང་འཕྲིན་ཁང་ལ་ ‘རྫུན་གཏམ་གྱི་བཟོ་གྲྭ་’ ཞེས་མིང་འདོགས་བྱས་པ་དང་། དེ་ནི་ཕྱི་རྒྱལ་ནས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེ་ཤོས་བྱེད་མཁན་གྱི་གྲས་ཡིན་པའི་ཉེས་འཛུགས་བྱས་ཡོད། ཁོང་ཚོའི་དགའ་སྤྲོ་དེས་རླུང་འཕྲིན་ལས་དོན་མཚམས་འཇོག་བྱས་པའི་ཐག་གཅོད་འདིས་སུ་ལ་ཁེ་ཕན་ཐོབ་མིན་དང་སུ་ལ་གྱོང་གུད་ཕོག་མིན་གསལ་སྟོན་བྱས་ཡོད།

 རླུང་འཕྲིན་ཁང་གི་ལས་དོན་མཚམས་འཇོག་བྱས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མི་ཚོའི་རྣམ་འགྱུར་དང་སེམས་འཚབ།

བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྐུ་ཞབས་མགོ་ལོག་འཇིགས་མེད་ལགས་ནི་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཉན་པ་དང་བཅར་འདྲི་སྤྲད་པའི་རྐྱེན་གྱིས་བོད་ནང་བཙོན་འཇུག་བྱས་ཤིང་ད་ལྟ་སུད་སིར་བཞུགས་མུས་ཡིན་པ་ཁོང་གིས་གསུངས་དོན། “ངས་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་བོད་མི་ཚོར་རླུང་འཕྲིན་ཁང་དེ་གཉིས་ཇི་འདྲའི་གལ་ཆེན་ཡིན་མིན་དངོས་སུ་ཤེས་ཀྱི་ཡོད། དེ་དག་གིས་འཇིགས་སྣང་དང་རྫུན་གཏམ་དྲིལ་བསྒྲགས་ཀྱི་ཁོར་ཡུག་ནང་དུ་རེ་བ་དང་བདེན་པའི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད།” ཅེས་ནན་བཤད་གནང་ཡོད།

བོད་ནང་བཞུགས་པའི་བུད་མེད་རྩོམ་པ་པོ་སྙན་གྲགས་ཅན་ཚེ་རིང་འོད་ཟེར་ལགས་ཀྱིས་གལ་ཏེ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་ཚན་པ་སྒོ་བརྒྱབ་ན། “བོད་མིའི་སྐད་སྒྲ་འཛམ་གླིང་འདི་ནས་མེད་པར་འགྱུར་ངེས་རེད།” ཅེས་གསུངས་འདུག

ཕྱི་ཟླ་གསུམ་པར་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་རྡ་རམ་ས་ལར་ཛ་དྲག་གི་གནད་དོན་འདིའི་ཐོག་གྲོས་བསྡུར་གནང་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱང་སྲིང་དེ་དག་བསྐྱར་གསོ་གནང་ཆེད་འབད་བརྩོན་གནང་རྒྱུའི་ཁས་ལེན་གནང་བ་དང་། དེ་དག་མཚམས་འཇོག་བྱེད་པ་དེ་”བོད་མིའི་འཐབ་རྩོད་ལ་གྱོང་གུན་ཆེན་པོ་ཞིག་ཡིན་ཚུལ་གསུངས་ཡོད།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་གསལ་བཤད་གནང་དོན། རླུང་འཕྲིན་ཁང་གཉིས་ཀྱི་ལས་དོན་གློ་བུར་དུ་མཚམས་འཇོག་བྱེད་བཅུག་པ་ནི་ཧ་ཅང་གི་བློ་ཕམ་ཆེན་པོ་ཡིན་པ་དང་དེས་བོད་ནང་གི་བོད་མི་རྣམས་འཛམ་གླིང་ལ་ལྟ་བའི་སྒོ་མོ་བརྒྱབ་པ་ཞིག་རེད་ཅེས་གསུངས་ཡོད།

ཡོ་རོབ་རང་དབང་རླུང་འཕྲིན་ཁང་གི་གཙོ་འཛིན་སྐུ་ཞབས་བསྟན་ཕན་ཁེ་པ་སིས་(Stephen Capus) རླུང་འཕྲིན་ཁང་གཉིས་ཀྱི་རྒྱང་སྲིང་མ་དངུལ་བཀག་པ་དེ་ནི་ཨ་རིའི་དགྲ་བོ་རྣམས་ལ་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཞིག་ཡིན་པ་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་ནང་ཕྱིའི་རླུང་འཕྲིན་ཁང་ཁག་ལ་ཁ་གཏད་གཅོག་པའི་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་བའི་འབད་བརྩོན།

རྒྱ་ནག་གཞུང་གིས་ཕྱིའི་གནས་ཚུལ་དང་དྲིལ་བསྒྲགས་ལ་ཁ་གཏད་གཅོག་པ་དང་བོད་ནང་གི་བོད་མི་ཚོས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་སོགས་ཕྱིའི་བརྒྱུད་ལམ་ལ་དོ་སྣང་བྱེད་པ་དང་ལྟ་ཉན་བྱེད་པར་ཚོད་འཛིན་བྱེད་ཆེད། བོད་ས་ཁུལ་ཡོངས་ལ་རྒྱ་ནག་གཞུང་རང་གི་སྟངས་འཛིན་འོག་ཡོད་པའི་རླུང་འཕྲིན་དང་བརྙན་འཕྲིན་ཁང་མང་པོ་གསར་འཛུགས་བྱས་ཏེ་ཁ་གཏད་གཅོག་གི་ཡོད།

ཉེ་བའི་ལོ་ངོ་བཅུ་ཕྲག་ནང་འདི་ལྟ་བུའི་བརྒྱུད་ལམ་ཁང་གི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་པ་དང་། དེ་དག་གི་བརྒྱུད་ལམ་གྱི་ནུས་པའང་ཇེ་ཆེར་འགྲོ་བཞིན་ཡོད།

རྒྱ་ནག་གཞུང་གི་བརྒྱུད་ལམ་འདི་དག་གིས་གཙོ་བོ་གཤམ་གྱི་བརྗོད་གཞི་ཁག་ལ་དམིགས་ནས་དྲིལ་བསྒྲགས་བྱེད་ཀྱི་ཡོད།

  1. རྒྱ་ནག་གཞུང་གི་ལངས་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་སྤེལ་བ།
  2. རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་མི་མང་གི་འཚོ་བ་ཡར་རྒྱས་ཕྱིན་ཚུལ་ཤོད་པ།
  3. བོད་ཀྱི་ཁ་བྲལ་ལས་འགུལ་ལ་ངོ་རྒོལ་བྱེད་པ།
  4. མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་བྱེད་དགོས་པའི་འབོད་སྐུལ།
  5. བོད་ནང་དཔལ་འབྱོར་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་སྐོར་གྱི་གནས་ཚུལ་སྤེལ་བ།
  6. ༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་མཚན་སྨད་དང་སྐྱོན་བརྗོད་བྱེད་པ་བཅས་ཚུད་ཡོད།

རྒྱ་ནག་གཞུང་གིས་བོད་ནང་ཕྱིའི་གསར་འགྱུར་ཉན་པར་དམ་བསྒྲགས་ཆེན་པོ་བྱེད་པ་དང་ཆབས་ཅིག རྒྱལ་སྤྱིའི་གསར་འགོད་པ་རྣམས་རང་དབང་གི་སྒོ་ནས་བོད་ནང་འགྲོ་བསྐྱོད་བྱེད་པར་དམ་དྲག་བྱེད་ཀྱི་ཡོད། དེ་མ་ཟད། ས་གནས་མི་མང་གིས་ཕྱིའི་བརྒྱུད་ལམ་ལ་འབྲེལ་བ་བྱེད་པ་དང་། ཕྱི་ལ་གནས་ཚུལ་མཁོ་སྤྲོད་བྱེད་པར་ཉེས་ཆད་ལྗིད་པོ་གཏོང་གི་ཡོད།

འདི་དག་ཚང་མས་རྒྱ་ནག་གཞུང་གིས་བོད་ནང་གནས་ཚུལ་བརྒྱུད་སྤེལ་དང་བསམ་བློའི་དབང་སྒྱུར་ལ་ཇི་འདྲའི་གལ་ཆེན་པོར་བརྩི་གི་ཡོད་པ་མཚོན་གྱི་ཡོད།

 རླུང་འཕྲིན་ཁང་གཉིས་ཀྱི་ལས་དོན་མཚམས་བཞག་པས་བོད་དོན་ལ་གྱོང་གུན་དང་རྒྱ་ནག་གི་ཁེ་ཕན།

བོད་མི་ཚོར་མཚོན་ན། རླུང་འཕྲིན་ཁང་འདི་དག་ནི་གནས་ཚུལ་གྱི་འབྱུང་ཁུངས་ཙམ་མིན་པར། དམ་དྲག་ཅན་གྱི་ས་ཁུལ་དུ་ལྷག་པའི་མི་རིགས་ཤིག་འཛམ་གླིང་སྤྱི་ཚོགས་དང་འབྲེལ་མཐུད་བྱེད་པའི་སྲོག་རྩ་ལྟ་བུ་ཡིན། དེ་དག་སྒོ་བརྒྱབ་པ་ཡིན་ན་དེ་ནི་སྒྲིག་འཛུགས་ཀྱི་གྱོང་གུད་ཙམ་མིན་པར། ཧ་ཅང་གི་དཀའ་ཚེགས་ཆེ་བའི་བོད་དོན་ལ་སྲོག་ཁྲག་སྦྱིན་མཁན་གྱི་སྐད་ངག་ཞིག་འཛམ་གླིང་འདི་ནས་ཕྱིར་བསྡུ་བྱེད་པ་ཞིག་ཀྱང་ཡིན།  གནས་སྟངས་དེས་གཤམ་གསལ་མཇུག་འབྲས་ཚབ་ཆེན་རྣམས་འབྱུང་ངེས་རེད།

  • རྒྱ་ནག་གཞུང་གི་འཁྱོག་བཤད་དང་རྫུན་གཏམ་ལ་རྒོལ་ལན་སྤྲོད་མཁན་མེད་པར་འགྱུར་རྒྱུ།
  • བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱི་ལོགས་སུ་སླེབ་རྒྱུར་འགོག་རྐྱེན་བཟོ་རྒྱུ།
  • ནང་ཁུལ་གནས་ཚུལ་བརྗེ་ལེན་བྱེད་པར་དཀའ་ངལ་སྤྲོད་རྒྱུ།
  • རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་གནས་སྟངས་ཤེས་རྟོགས་བྱེད་མི་ཐུབ་པར་འགྱུར་རྒྱུ།
  • བོད་མི་ཚོའི་སྡུག་བསྔལ་དང་འབོད་སྒྲ་ཕྱིའི་འཛམ་གླིང་ལ་བརྒྱུད་སྤྲོད་བྱེད་མི་ཐུབ་པའི་གནས་སྟངས་བསྐྲུན་རྒྱུ་རེད།

དེ་ལྟ་བུའི་གནས་སྟངས་འོག་རྒྱ་ནག་དམར་ཤོག་གཞུང་ལ་ཁོ་པ་ཚོས་བོད་ནང་དུ་འཛེམ་ཟོན་མེད་པར་རང་སྣང་གང་དྲན་བྱེད་པ་དང་། བོད་མིའི་ཐོག་གཉའ་གནོན་དང་གདུག་རྩུབ་ཀྱི་སྲིད་ཇུས་སྔར་ལྷག་ལག་བསྟར་བྱེད་པའི་གོ་སྐབས་བཟང་པོ་ཞིག་སྤྲོད་ངེས་མ་ཟད་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གནས་སྟངས་ཀྱང་ཉེན་ཁར་ལྷུང་རྒྱུ་ཡིན་པ་གསལ་པོ་རེད།

ཕྱི་ཟླ་ ༣ཚེས་༡༤ ནས་བོད་སྐད་རླུང་འཕྲིན་ཁང་གཉིས་ཀྱི་ལས་དོན་མཚམས་འཇོག་བྱས་ཏེ་ད་བར་དུས་ཡུན་ཟླ་བ་གཅིག་ལྷག་སོང་ཡོད་རུང་ད་དུང་བཟང་ཕྱོགས་ཀྱི་ཐག་གཅོད་ཅིག་བྱུང་མེད། ད་ལྟའི་ཆར་སླར་གསོ་ཡོང་ཆེད་ཁྲིམས་ཐོག་ནས་འཐབ་རྩོད་དང་འབད་བརྩོན་རྒྱུན་མཐུད་བྱེད་བཞིན་ཡོད་ཀྱང་མ་འོངས་པའི་གནས་བབ་ཇི་འདྲ་ཞིག་ཆགས་མིན་ཐད་ངེས་གཏན་མེད་པར་གནས་ཡོད།

                      མཇུག་དོན།

རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་མང་པོ་འགྲོ་གྲོན་བཏང་སྟེ་འཛམ་གླིང་ལ་རྒྱ་ནག་གི་དྲིལ་བསྒྲགས་ཀྱི་ནུུས་པ་རྒྱ་སྐྱེད་བྱེད་པའི་སྐབས་སུ། ཨ་རི་ནི་བདེན་པའི་གནས་ཚུལ་དྲིལ་བསྒྲགས་ཀྱི་དམག་ས་ནས་ཕྱིར་འཐེན་བྱེད་བཞིན་ཡོད། ཕྱིར་འཐེན་འདི་ནི་སྔོན་རྩིས་གཅོག་འཕྲི་ཙམ་མིན་པར། མི་རབས་ནས་མི་རབས་བར་ཨ་རིའི་ཁེ་ཕན་དང་རིན་ཐང་རྒྱུན་སྐྱོང་བྱེད་པའི་གལ་ཆེའི་འཇམ་པོའི་ནུས་པའི་ཐོན་ཁུངས་གལ་ཆེ་ཤོས་ཤིག་དོར་བ་མ་ཟད་དུས་རབས་ཉེར་གཅིག་པའི་བརྡ་འཕྲིན་བརྒྱུད་ལམ་གྱི་འཐབ་རྩོད་ཁྲོད་དུ་རྒྱ་ནག་དམར་ཤོག་སྲིད་གཞུང་དང་དེའི་དབང་འཛིན་པ་རྣམས་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ཡིན། མདོར་ན། རླུང་འཕྲིན་གྱི་ལས་དོན་གཉེར་མ་ཐུབ་པའི་གྱོང་གུན་དེ་ནི་བོད་ནང་གི་བོད་མི་ས་ཡ་དྲུག་ཙམ་ཁོ་ན་མ་ཡིན་པར། རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་བཅས་ཧི་མ་ལ་ཡའི་ས་ཁུལ་དུ་ཡོད་པའི་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་ཤུལ་འཛིན་པ་ས་ཡ་མང་པོར་ཡང་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་མ་ཟད། ཨ་རིའི་རྒྱ་ནག་ལ་ཁ་གཏད་གཅོག་པའི་སྲིད་བྱུས་དང་འགལ་ཟླ་ཡང་ཆགས་ཡོད་སྟབས་དེའི་ཕམ་ཁ་མྱོང་མཁན་ནི་ཨ་རིའི་སྲིད་གཞུང་དང་བོད་མི་མང་ཚུད་པའི་འཛམ་གླིང་ནང་གི་མགོན་སྐྱབས་མེད་པའི་ཉམ་ཆུང་མི་མང་རྣམས་ཡིན་པ་ནི་རྒྱ་ནག་གཞུང་འབྲེལ་གྱི་དགའ་བསུའི་རྩོམ་ཡིག་ལས་ཤེས་ཐུབ།

དེར་བརྟེན་རླུང་འཕྲིན་ཁང་འདི་གཉིས་ཀྱིས་ལས་དོན་ཡོངས་རྫོགས་མུ་མཐུད་དུ་གནས་དགོས་རྒྱུར་གནད་དོན་མང་པོའི་ཐོག་ནས་དགོངས་པ་བཞེས་དགོས་པ་ཞིག་ཡིན་ནོ།།

རྒྱལ་མཚན་ཆོས་གྲགས་ནི་ ༢༠༡༨ ནས་༢༠༢༥ བར་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ས་གནས་གསར་འགོད་པའི་ལས་འགན་སྒྲུབ་བཞིན་ཡོད་པ་རེད། དེའི་གོང་༢༠༠༩ནས་ ༢༠༡༨ བར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གསར་འགོད་པའི་ལས་འགན་བསྒྲུབས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Xu Qiliang, vice chairman of the Central Military Commission, attends the second plenary session of the National People's Congress (NPC) at the Great Hall of the People in Beijing, China May 25, 2020. REUTERS/Thomas Peter
Mobile App

ཞི་ཅིན་ཕིན་གྱི་བློ་མཐུན་ཞིག་རྐྱེན་འདས་སུ་གྱུར་འདུག་ཟེར།  

ཆུ་ཚོད་ ༦ སྔོན་ལ།
ཕྱི་ཟླ་ ༦ ཚེས་ ༣ ནས་ ༤ བར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་འཚོག་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༥།༦།༣
Mobile App

ཉི་ཧོང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱས།

ཆུ་ཚོད་ ༦ སྔོན་ལ།
Rescuers work at the site of the landslide in Muta Township, Dengqen County, southwest China's Xizang Autonomous Region, June 2, 2025. (Xinhua)
Mobile App

བོད་ཆབ་མདོ་སྟེང་ཆེན་ཁུལ་དུ་ས་རུད་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
Front Slider

རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༠ པ་དབུ་འཛུགས།

༢༠༢༥/༠༦/༠༢
The US defense secretary warned that China poses a real threat to Taiwan
Mobile App

ཉིན་གྲངས་གསུམ་རིང་སིངྒ་པུར་དུ་ཨེ་ཤ་ཡའི་བདེ་འཇགས་ལྷན་ཚོགས་འཚོགས།

༢༠༢༥/༠༦/༠༢
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་བའི་འོག་གི་མེ་ལྕེ་ཞེས་པའི་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པར་མཇལ་འཕྲད་གནང་། ༢༠༢༥།༠༥།༣༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཀའ་སྤྱི་གཉིས་ཀྱིས་ཉི་ཧོང་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༥/༠༦/༠༢

མཆན། 2

  1. ཚེ་རིང་དངོས་གྲུབ། says:
    ཟླ་བ། 1 སྔོན།

    ང་ཚོ་རང་དབང་ཡོད་པའི་ལུང་པའི་ནང་ལ་སྡོད་མཁན་ཡིན་ཙ་ན་ང་ཚོ་ཚང་མ་ལ་རང་དབང་ཡོད་རེད། ཡིན་ན་ཡང་རང་དབང་བེད་སྤྱོད་གཏོང་བའི་དབང་ཆ་དགོས་ན་འགན་ཡང་འཁྱེར་དགོས་པ་ཡང་ཡིད་ལ་མ་བརྗེད་པ་གནང་དགོས་རེད། རང་དབང་དགོས་ན་འགན་ཡང་འཁྱེར་དགོས་རེད། དེ་མིན་ང་ལ་རང་དབང་ཡོད་ལབ་ནས་གང་བྱུང་མང་བྱུང་བྱེད་པ་དང་གང་མང་བྱུང་ལབ་བསྡད་ན་རང་ཚོད་མ་ཟིན་པའི་རྟགས་རེད། ལྷག་པར་སྤྱི་འཐུས་རྣམ་པ་བོད་མི་མང་གིས་རེ་བ་གཅིག་བྱས་ནས་འོས་བླུགས་པའི་མི་རེད། བོད་སྤྱི་ལ་ཕན་པའི་ཕྱག་ལས་གནང་གི་རེད་བསམས་ནས་འོས་བླུགས་རེ་བ་ཆེན་པོ་གནང་གི་ཡོད་རེད། བོད་གཞུང་གི་འཛིན་སྐྱོང་ལ་རམ་འདེགས་གནང་ནས་ང་ཚོ་བོད་མི་ཚོ་སྤོབས་པ་སྐྱེད་དགོས་པའི་མཐུན་འགྱུར་གནང་གི་རེད་བསམས་པའི་རེ་བ་གནང་གི་ཡོད་རེད། ཡིན་ན་ཡང་སྤྱི་འཐུས་རེ་ཟུང་གཅིག་གིས་བཀའ་མོལ་ཆོ་རྩ་བ་ནས་མེད་པར་དོགས་པ་དང་ཅལ་གཏམ་དང་འཛིན་སྐྱོང་དང་ལས་བྱེད་རྣམ་པར་གནས་ཚུལ་ར་ཕྲོད་རྩ་བ་ནས་མེད་པར་སྐྱོན་བརྗོད་དང་དོགས་གཅོད་ཁུངས་ལུང་མེད་པར་མི་མང་ནང་ལ་ཟིང་ཆ་དང་ཡང་ན་དོགས་གཞི་བླང་ནས་སེམས་ཕམ་དང་སེམས་ཤུགས་གཅོག་པ་དང་སེམས་སྐྱོ་དགོས་པ་སོགས་མང་དག་སྤྱི་འཐུས་ར་བའི་ནང་ལ་ཡོང་གི་འདུག་པ་དེ་ཚོར་ཐུགས་བསམ་ཡང་དག་པ་གནང་དགོས་འདུག ། དེ་མིན་སྤྱི་འཐུས་མ་རེད། གཏོར་བཤིག་པ་ཡིན་པའི་ཉེན་ཁ་འདུག་གོ། སྤྱི་འཐུས་རྣམ་པ་འཛིན་སྐྱོང་གི་ཟློག་ཕྱོགས་བྱེད་མཁན་ལ་འོས་བླུགས་པ་མ་རེད། བཀའ་མོལ་གང་ཡིན་ཡང་ཁུངས་ལུང་ཡོད་པ་ལ་ཀུན་སློང་རྣམ་པར་དག་པའི་སྒོ་ནས་དང་། དེ་བཞིན་ཡ་རབས་བཟང་སྤྱོད་ལྡན་པའི་སྒོ་ནས་གྲོས་གཞིའི་ལས་རིམ་དང་མཐུན་པའི་ཐོག་བཀའ་མོལ་གནང་དགོས་རེད། དཔེར་ན་བོད་མིའི་ཚོགས་པ་ཁག་ལ་རྙོག་ཁྲ་བྱུང་ན་ཕྱོགས་གཉིས་ཀ་ནས་ཆ་ཚང་བ་གསན། བྱུང་ན་མི་དང་མི་ཐུག་ནས་གནས་ཚུལ་ཆ་ཚང་ཉན་ནས་གནས་ལུགས་ཤེས་པ་གནང་དགོས་རེད། དེ་མིན་ན་ཞལ་བཙུམས་བཞུགས་ན་ཡག་གི་རེད། གནས་ཚུལ་དེ་ཚོ་གལ་ཆེན་པོ་མ་རེད། གནས་ཚུལ་དེ་ལ་གལ་སྲིད་ནང་ཁུལ་ཞི་མོལ་མ་བྱུང་ན་སོ་སོ་སྡོད་སའི་ལུང་པའི་ཁྲིམས་ལ་ལྟོས་དགོས་རེད། དེ་བཞིན་ཧི་མ་ལ་ཡའི་བཀའ་མོལ་དེར་ཧི་མ་ལ་ཡའི་གྲ་བཙུན་ཟེར་དུས་འབྲུག་ཡུལ་ཧི་མ་ལ་ཡའི་ནང་ལ་ཡོད་ཙང་འབྲུག་ཟུར་དུ་ལབ་དགོས་པའི་རྒྱུ་མཚན་གང་ཡོད། རྙིང་ནད་ཡོད་མེད་ཀྱི་སྐད་ཆ་གཤོད་ཀྱི་འདུག་པ་ཡིན་ན་ཡང་རྙིང་ནད་སུར་སུ་ལ་ཡོད་མེད་སྐད་ཆ་དེ་ལ་བལྟས་ན་སོམ་ཉི་རེད་འདུག་གོ། དེ་བཞིན་ཨ་རིར་རླུང་འཕྲིན་སྒོ་བརྒྱབས་པར་གཏམ་བཟང་རེད་ལབ་མཁན་དེ་ཚོ་ངོ་ཚ་དགོས་པའི་སྐད་ཆ་རེད། དེ་ལ་དགའ་མཁན་འཛམ་བུ་གླིང་གི་རྒྱལ་ཁབ་ཀྱི་ནང་རྒྱ་དམར་གཅིག་པུ་རེད། ད་དེ་ག་བཞིན་གཏམ་བཟང་རེད་ཟེར་མཁན་ང་ཚོའི་སྤྱི་འཐུས་ནང་ལ་འདུག་ག ། དེ་འདྲ་ག་རེ་ཡིན་ཟེར་གྱི་ཡོད་རེད། ཁོང་རང་སྒེར་གྱི་བསམ་པ་ཡིན་ན་ད་ག་རེད། ཡིན་ན་ཡང་འགྲོས་ཚོགས་ནང་སྤྱི་པའི་མི་གཅིག་ཡིན་པའི་ཆ་ནས་དེ་འདྲ་བཤད་ན་འགྲིག་གི་ཡོད་རེད་དམ། དེ་ཚོ་ལ་འགན་ཡོད་པའི་འགོ་ལ་བཞུགས་མཁན་གྱིས་ར་བའི་ནང་དུ་སྟངས་འཛིན་གནང་དགོས་འདུག ། མ་འོངས་སྤྱི་འཐུས་འདེམས་སྐབས་མི་མང་ཚོས་ཐུགས་བསམ་ཡག་པོ་གནང་ནས་འོས་བླུག་དགོས་འདུག་ཞུ་ཡས་ཡིན། དེ་བཞིན་བླ་ཆེན་གང་ཅིའི་ཐད་ཁོང་བླ་ན་མེད་པའི་སློབ དཔོན་གཅིག་ཡིན་པའི་ཆ་ནས་འཁྲུངས་སྐར་གནང་རྒྱུ་དེ་བཞིན་གནད་དོན་ལྡན་པའི་འབྲེལ་ཡོད་ཚོགས་པ་གཅིག་གིས་ཐག་ཆོད་གནང་བར་མ་རན་པའི་སྙིང་ཟུག་ཅན་ཡང་སྤྱི་འཐུས་ནང་ལ་འདུག ། གང་ལྟར་ང་ཚོ་ཚང་མ་བོད་རིགས་སྤུན་ཟླ་ཡིན་པའི་ཆ་ནས་ང་ཚོ་རྡོག་རྩ་གཅིག་དྲིལ་དང་མཐུན་ལམ་གནང་གལ་ཤིན་ཏུ་ཆེ་བའི་སྒོ་ནས་གཅིག་གིས་གཅིག་ལ་ལུས་ངག་ཡིད་གསུམ་གང་ཡོང་ནས་ནས་རོགས་ཕན་གནང་མ་ཐུབ་ན་ཡང་གནོད་རྐྱེན་མི་ཡོང་བའི་ཐུགས་བསམ་བཞེས་དགོས་ཀྱི་འདུག་ཞུ།

    Reply
    • ཚེ་རིང་དངོས་གྲུབ། says:
      4 weeks སྔོན།

      ལན་མིན། ད་དུང་ཞུ་རྒྱུ་གཅིག་ལ་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་གསར་དུ་བཟོ་དགོས་གསུངས་པ་དེ་ལ་འགག་པ་ཡོད། ད་ལྟ་བོད་ཀྱི་རྒྱལ་དར་ལ་རྒྱ་དམར་གྱིས་སྡང་ཟུག་གིས་བོད་ནང་བེད་སྤྱོད་བྱས་ན་ཉེས་སྤྱད་གཏོང་གི་ཡོད་པ་དེ་ལ་ལགས་སོ་ཞེས་དེ་མེད་པ་བཟོ་ཡི་ཡིན་ཞེས་ཟེར་གྱི་ཡོད་པ་རེད་དམ། དངོས་གནས་བྱས་ན་ད་དུང་བོད་ཀྱི་ད་ཡོད་ར྄དྒྱལ་དར་དེ་བཞིན་དཔའ་ངར་དང་ལྡན་པའི་ཐོག་རྒྱལ་དར་ད་ག་རང་བེད་སྤྱོད་གནང་དགོས་པ་མ་རེད་དམ། དེ་བཞིན་རྒྱལ་གླུ་ཡང་འཛམ་གླིང་ཡོངས་ལ་མེད་པའི་དམ་པའི་ཆོས་དེ་བཞིན་བོད་མི་ཡོངས་ལ་བླ་ན་མེད་པ་ཞིག་ཡིན་པ་དེས་བོད་སྣོད་བཅུད་ཡོངས་ལ་རྒྱ་དམར་གྱིས་བཙན་བཟུང་མ་བྱས་བར་དོན་ཕན་ག་འདྲ་ཞིག་བྱུང་ཡོད་པའི་སྟོད་གླུ་ཡིན་ན་དེ་ལ་བསྒྱུར་བཅོས་དགོས་དོན་མི་འདུག ། རྒྱལ་ཁབ་གཞན་དག་གིས་སྣོད་ཀྱི་བཀོད་པ་དང་དེ་ནང་ཆུ་ཀླུངས་ཀྱི་མིང་བཀོད་ནས་རྒྱལ་གླུ་ནི་ཕྱི་དངོས་པོ་ཙམ་ལས་དེ་ལ་སྲུང་སྐྱོབ་བྱེད་པའི་བཅུད་ཀྱི་སྤྱོད་ཚུལ་ལ་ཤིན་ཏུ་དོན་ཕན་བྱུང་བ་དེ་ཙམ་མེད་པ་ལ་ཐུགས་བསམ་མ་གནང་བའི་རྐྱེན་གྱིས་བཀའ་མོལ་དེ་འདྲ་ཡོང་གི་ཡོད་རེད་བསམ་གྱི་འདུག ། རྒྱལ་ཁབ་རེ་ཟུང་ལ་རོལ་མོ་ལས་གཞས་ཚིག་མེད་པའི་རྒྱལ་གླུ་ཡང་འདུག་པ་དེ་ལ་འགག་པ་གནང་མཁན་མ་མཐོང་།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese