རྒྱ་ནག་གཞུང་གིས་བོད་མངའ་རིས་སེངྒེ་ཁ་འབབ་གྲོང་རྡལ་གྱི་སྤྱི་ལེ་བཅུ་ཙམ་གྱི་མཚམས་སུ་མི་མེད་དམག་དོན་མཁའ་གྲུ་ཚོད་ལྟ་བྱ་སའི་དམག་དོན་ས་ཚིགས་ཤིག་ཆེད་འཛུགས་བྱས་ཏེ་རྒྱ་ནག་གཞུང་གིས་ཧི་མ་ལ་ཡའི་རི་རྒྱུད་དུ་དམག་དོན་གྱི་ས་ཚིགས་མང་དག་ཅིག་ཆེད་འཛུགས་བྱེད་མུས་ཡིན་པ་རེད།

ཁ་སང་ཡུ་རོབ་ཀྱི་ས་མཚོ་གནམ་གསུམ་གྱི་དམག་དོན་དང་འབྲེལ་བའི་ཌི་ཧྥོར་ཁུ་རོ་སི་ (DEFCROS) གསར་ཁང་གིས་འཁོར་སྐར་( satellite ) བརྒྱུད་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་མཚོ་ངོས་ནས་མཐོ་ཚད་རྨི་ ༡༤༡༠༠ ལྷག་ཡོད་པའི་བོད་མངའ་རིས་སེངྒེ་ཁ་འབབ་གྲོང་རྡལ་(Shiquanhe) གྱི་ལྷོ་ཤར་རྒྱུད་ཀྱི་སྤྱི་ལེ་ ༡༠ ལྷག་གི་མཚམས་སུ། མི་མེད་དམག་དོན་མཁའ་གྲུ་ (unmanned aerial vehicle ) ཡི་ས་ཚིགས་ཤིག་ཆེད་འཛུགས་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང་། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་མི་མེད་དམག་དོན་མཁའ་གྲུ་ཚོད་ལྟའི་ས་ཚིགས་དེ་སྒོ་འབྱེད་དང་། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བའི་ཉིན་ཆེད་དུ་ཡུལ་དངོས་ནས་མི་མེད་དམག་དོན་མཁའ་གྲུ་ཆེད་གཏོང་བགྱིས་ནས་ཚོད་ལྟ་བྱས་འདུག
དེའི་ཐད་མངའ་རིས་ས་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ཤི་ཡུ་ཧུའེ་(Shi Yuhui) ཡིས། རྒྱ་ནག་གཞུང་གིས་སེངྒེ་ཁ་འབབ་གྲོང་རྡལ་ཁུལ་དུ་དམག་དོན་གྱི་ས་ཚིགས་དེ་ཆེད་འཛུགས་བྱ་དགོས་པའི་རྒྱུ་རྐྱེན་གཙོ་བོ། ས་ཁུལ་དེའི་ས་བབ་སྣ་མང་དང་། སྲོག་རླུང་དང་རླུང་རྙོག་ཉུང་བ་བཅས་ཀྱི་དབང་གིས། མི་མེད་གནམ་གྲུ་ཚོད་ལྟ་དང་གསར་སྤེལ་བྱེད་པར་ཁོར་ཡུག་ཧ་ཅང་ལེགས་པོ་ཡོད་ལུགས་བཤད་འདུག
ཌི་ཧྥོར་ཁུ་རོ་སི་ (DEFCROS) གསར་ཁང་གི་གནས་ཚུལ་ལྟར་ན། འཁོར་སྐར་ནས་ཞིབ་འཇུག་བྱས་པ་བརྒྱུད། བོད་མངའ་རིས་སེངྒེ་ཁ་འབབ་གྲོང་རྡལ་གྱི་ཉེ་འགྲམ་དུ་གསར་འཛུགས་བྱས་པའི་མི་མེད་དམག་དོན་མཁའ་གྲུའི་ཚོད་ལྟ་བྱ་སའི་ཡུལ་དངོས་སུ། སྤྱི་ལེ་ ༧༢༠ ལྷག་ཡོད་པའི་མཁའ་གྲུའི་རྒྱུག་ལམ་དང་། མཐོ་ཚད་ལ་རྨི་ ༢༠ དང་ཞེང་ཚད་ལ་རྨི་ ༡༤ ། ༥ ལྷག་ཡོད་པའི་གནམ་གྲུ་འཇོག་སའི་མཛོད་ཁང་ཆེན་པོ་གསུམ། མཐོ་ཚད་ལ་རྨི་ ༢༠ དང་ཞེང་ཚད་ལ་རྨི ༡༢། ༥ ཙམ་ཡོད་པའི་མཛོད་ཁང་ཆུང་བ་གཅིག་བཅས་ཡོད་པའི་ཁར། མཁའ་གྲུའི་དམག་དོན་ས་ཚིགས་དེ་ནི་བོད་མི་འདུ་སྡོད་མེད་སའི་མི་མེད་ལུང་སྟོང་ཞིག་ཏུ་ཆེད་འཛུགས་བྱས་ཡོད་འདུག
དམག་དོན་ཆེད་མཁས་པ་དག་གིས། རྒྱ་ནག་གཞུང་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་ཀྱི་ས་ཁུལ་ཁག་ཏུ། ཆེད་དུ་དམག་དོན་མཁའ་གྲུའི་ས་ཚིགས་ཆེད་འཛུགས་བྱས་པ་དེས། རྒྱ་ནག་གི་ཆེད་དུ་བོད་ཀྱི་མི་མེད་ཀྱི་ས་སྟོང་དག་ལ་དམག་དོན་གྱི་ས་ཚིགས་ཁག་ཆེད་འཛུགས་བྱ་རྒྱུའི་ཧམ་སེམས་བཅངས་ཡོད་པའི་ཁར། དེང་རབས་དམག་དོན་གྱི་ལས་དོན་ནང་མི་མེད་གནམ་གྲུའི་འཐབ་ཇུས་ཀྱི་གལ་ཆེའི་རང་བཞིན་ལ་བརྟེན་ནས། ས་ཚིགས་དེར་རྒྱ་ནག་གི་འཕྲུལ་རིགས་འཕེལ་རྒྱས་གཏོང་བ་ཙམ་དུ་མ་ཟད། ས་ཁུལ་གྱི་བརྟན་ལྷིང་དང་འགྱུར་འགྲོས་ལའང་ཤུགས་རྐྱེན་ཐེབས་སྲིད་སྐོར་བརྗོད་འདུག
རྒྱ་ནག་གཞུང་གི་མགྲིན་པ་ལྟ་བུར་གྱུར་བའི་ཤིན་ཧཱ་གསར་ཁང་གིས། རྒྱ་ནག་གཞུང་གིས་འདས་པའི་ལོ་འགའི་རིང་བོད་མངའ་རིས་ཁུལ་དུ། དཔལ་འབྱོར་གོང་འཕེལ་གཏོང་སླད་རོགས་འདེགས་དང་། གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་པ་གསོ་སྐྱོང་ཟེར་བ་ཞིག་གི་འོག ཆེད་དུ་མི་མེད་གནམ་གྲུ་(UAV) དང་། མེ་གསོད་དང་ཛ་དྲག་རོགས་སྐྱོར་ཡོ་ཆས་སོགས་ཀྱི་མཐུན་རྐྱེན་སྦྱར་ནས། ཕྱོགས་ཡོངས་ནས་དཔལ་འབྱོར་གོང་མཐོར་དང་འཚོ་བ་ཡར་སྐྱེད་གཏོང་ཐབས་བྱེད་ཀྱིན་ཡོད་ལུགས་བསྒྲགས་འདུག
དེ་བཞིན་ཉེ་སྔོན་རྒྱ་གར་གཞུང་གིས་འཁོར་སྐར་བརྒྱུད་རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་གྱི་ཧིན་བོད་མཐའ་མཚམས་ཀྱི་ཉེ་ཁུལ་བོད་ལྷུན་རྩེ་རྫོང་ཁོངས་སུ་མཁའ་དམག་གི་གནམ་གྲུ་འཇོག་སའི་ལྕགས་ཁེབས་ཅན་གྱི་ཁང་པ་མང་པོ་ཞིག་དང་། སྡོད་ཁང་གསར་པ། གནམ་གྲུ་འཇོག་སའི་མདུན་གྱི་རྡོ་ཅལ་སོགས་གསར་རྒྱག་བྱས་ཟིན་ཡོད་པ་ཤེས་རྟོགས་བྱུང་འདུག་ལ། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་ཁུལ་གྱི་བྱེ་ཐང་ཞིག་ཏུ་རྡུལ་ཕྲན་མཚོན་ཆའི་ལྟེ་གནས་ཤིག་གསར་རྒྱག་དང་། བྱེ་ཐང་དུ་བགྲོད་པའི་ལམ། གོ་མཚོན་མངག་གཏོང་གི་ལམ་ཐིག དེ་བཞིན་གོ་མཚོན་ལྟེ་གནས་ཁང་དེའི་ཁང་པ་སོགས་གསར་རྒྱག་དང་། མེ་ཤུགས་འཕུར་མདའ་སྐྱེལ་འདྲེན་ཆེད་སྒོ་རའི་ཁང་ཆེན་དང་། བྱེ་ཐང་དུ་ཤར་གཏོང་བྱ་སའི་རིམ་པ་མང་པོ་ཞིག་བཟོས་ཡོད་པའང་ཤེས་རྟོགས་བྱུང་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





