རུ་སོག་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ཐུགས་དམ་ཐོག་ཉམས་ཞིབ་ཡག་པོ་བྱ་ཐུབ་རྒྱུ་གལ་ཆེན་ཡིན་པ་དང་སྒོམ་སྒྲུབ་ཀྱིས་འཛམ་གླིང་ལ་ཕན་ཐོགས་པ་ར་འཕྲོད་བྱ་ཐུབ་སྐོར་འགྲེལ་བརྗོད་གནང་བྱུང་།
ཐུགས་དམ་སྐོར་ལ་ཉམས་ཞིབ་བགྲོ་གླེང་འཚོག་གིན་འདུག བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༣
ཟླ་འདིའི་ཕྱི་ཚེས་ ༢ ནས་ ༦ རྒྱ་གར་ལྷོ་ཕྱོགས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཐུགས་དམ་ཉམས་ཞིབ་ཀྱི་བགྲོ་གླེང་ཞིག་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་རུ་སོག་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་། ཨ་རིའི་ཝི་སི་ཀོན་སིན་གཙུག་ལག་སློབ་གླིང་གི་སེམས་ཀྱི་འཕྲོད་བསྟེན་བསྟི་གནས་ཁང་གི་འགན་འཛིན་འབུམ་རམས་པ་རི་ཆར་ཌི་དྷ་ཝི་ཌི་སོན་ལགས( Richard J. Davidson)། ཨུ་རུ་སུ་མོ་སི་ཁོ་གཙུག་ལག་སློབ་གླིང་གི་འབུམ་རམས་པ་ཨེ་ལན་ཛིན་ཌི་ཀབ་ལན་(Alexander Y. Kaplan ) ལགས། ༧སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་དང་ཚེ་དབང་རྟ་མགྲིན་ལགས། སྨན་པ་རཱ་ཝིན་ཌི་རཱ(Dr. Ravindra )ལགས། སྨན་པ་ཊི་ཏ་ཝིལ་ཨི་མེ་སི((Dr. Tidwell emcee) ལགས། དགེ་བཤེས་ངག་དབང་ནོར་བུ་ལགས། དགེ་བཤེས་བློ་གྲོས་བཟང་པོ་ལགས། དེ་བཞིན་གདན་ས་ཁག་གི་དགེ་འདུན་པ་བཅས་མཉམ་ཞུགས་གནང་འདུག
ཐེངས་འདིའི་ཐུགས་དམ་ཉམས་ཞིབ་ཀྱི་བགྲོ་གླེང་སྐོར་ལ་རུ་སོག་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་འདི་གའི་གསར་འགོད་པར། ཐེངས་འདི་ནི་ཐུགས་དམ་ཉམས་ཞིབ་ཀྱི་ཚན་རིག་པ་མང་པོ་འཛོམས་ནས་བགྲོ་གླེང་བྱས་པ་ཐེངས་དང་པོ་ཆགས་ཡོད། ལོ་ཁ་ཤས་ཀྱི་སྔོན་ལ་དྷ་རམ་ས་ལར་བགྲོ་གླེང་ཞིག་བྱུང་ཡོད། དེ་དུས་ཐུགས་དམ་ཐོག་ཉམས་ཞིབ་གནང་མཁན་གྱི་ཚན་རིག་པ་གཙོ་བོ་རྣམས་མ་གཏོགས་མཉམ་ཞུགས་གནང་ཡོད་པ་མ་རེད། ད་ལན་གྱི་བགྲོ་གླེང་ཐོག་ཐུགས་དམ་ཉམས་ཞིབ་ཚན་རིག་པ་དང་། དགོན་སྡེ་ཁག་གི་དགེ་འདུན་པ། དེ་བཞིན་རྒྱ་གར་སྦེང་ལོར་ཡོད་པའི་ནི་ཧམ་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་པ་བཅས་མཉམ་ཞུགས་གནང་ཡོད། ཐེངས་འདིར་ཐུགས་དམ་ཉམས་ཞིབ་ཐོག་ཡར་རྒྱས་གཏོང་ཕྱོགས་དང་། ཚན་རིག་གི་འཕྲུལ་ཆས་གསར་བ་བེད་སྤྱོད་གཏོང་ཕྱོགས་ཐོག་ཟབ་སྦྱོང་བྱས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།
ཚན་རིག་པ་མཉམ་དུ་ཐུགས་དམ་ཐོག་བགྲོ་གླེང་བྱེད་པའི་གལ་གནད་སྐོར་ལ་ཏེ་ལོ་རིན་པོ་ཆེ་མཆོག་གིས་འདི་གའི་གསར་འགོད་པར། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགོངས་གཞི་ལྟར། ང་ཚོ་ནང་པའི་ཐོག་ནས་རྣམ་ཤེས་ཞེས་པ་ཇི་ལྟར་འགྲེལ་བཤད་རྒྱག་གི་ཡོད་མེད་དང་། རྣམ་ཤེས་ལ་ནུས་སྟོབས་གང་ཡོད་མེད། དེ་དག་ཚན་རིག་གི་ཐོག་ར་འཕྲོད་ཐུབ་རྒྱུ་དེ་རེད། སྤྱིར་སྒོམ་ཉམས་ལེན་བྱེད་པར་རིམ་པ་ཞིག་ཡོད་པ་མ་ཟད། སྒོམ་སྒྲུབ་ཀྱི་གཞུང་གཏིང་ཟབ་པོ་རེད། སྒོམ་ཉམས་ལེན་བྱས་པ་ལ་བརྟེན་ནས་ང་ཚོའི་ཀླད་པ་དང་། གཟུགས་པོ། སྙིང་། ཁྲག་སོགས་ཀྱིས་ལས་ཀ་བྱེད་བཞིན་པར་ཞིབ་འཇུག་བྱེད་ཐུབ་ཡོད་པ་རེད། སྐབས་རེར་དགུང་ལོ་བགྲེས་པོར་སྙུང་གཞི་ཡོད་ཀྱང་། སེམས་ལྷོད་ལྷོད་ཡིན་པའི་རྐྱེན་གྱིས་ན་ཚ་མ་ཚོར་བ་དེ་འདྲ་ཡོང་གི་ཡོད་ལ། སྤྱིར་ཐུགས་དམ་ཞེས་པ་དགོངས་པ་རྫོགས་པའི་རྗེས་སུ་རྟོགས་པ་དང་སེམས་གཅིག་ཏུ་གནས་ཐུབ་པར་ཟེར་གྱི་ཡོད། ནུབ་ཕྱོགས་པའི་ཚན་རིག་གི་ཐོག་ནས་མིའི་སྙིང་དང་དབུགས་འགག་པས་མི་གྲོངས་པ་རེད་ཟེར་གྱི་ཡོད་པ་རེད། འོན་ཀྱང་། སྙིང་དང་དབུགས་འགག་ཚར་ཡང་མུ་མཐུད་དུ་གཟུགས་པོའི་མདོག་ལ་འགྱུར་བ་མ་ཐེབས་པར་བསྡད་ཡོད། དེ་བཞིན་ཚུལ་ཁྲིམས་ཀྱི་དྲི་མ་བྲོ་བ་སོགས་ཀྱི་རིགས་མང་པོ་ཡོང་གི་ཡོད། ང་ཚོས་འདིའི་ཐོག་ཏུ་ཞིབ་འཇུག་ཡག་པོོ་གནང་ཐུབ་པ་བྱུང་ཚེ། འཛམ་བུ་གླིང་དུ་བྱས་རྗེས་ཆེན་པོ་ཡིན་པ་མ་ཟད། ང་ཚོས་བསྒྲུབ་པ་ཉམས་ལེན་གནང་བ་དེས་འཛམ་གླིང་ལ་ཕན་ཐོགས་ཡོད་པ་གསལ་བོ་ར་འཕྲོད་ཀྱི་འདུག་བསམ་གྱི་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།
དེ་རིང་ཨུ་རུ་སུའི་སྒོམ་སྒྲུབ་ཞིབ་འཇུག་གི་དབང་རྩའི་ལུས་ཁམས་རིག་པའི་སྐོར་ལ་འབུམ་རམས་པ་རི་ཆར་ཌི་དྷ་ཝི་ཌི་སོན་( Richard J. Davidson) ལགས་ཀྱིས་གཏམ་བཤད་གནང་སྐབས། གསང་འདུས་ཀྱི་ཐེག་པ་རིམ་པའི་ཐོག་དགེ་འདུན་པ་གྲངས་ ༤༥ ཉམས་ལེན་ཐོག་ཞིབ་འཇུག་བྱས་པའི་ཁྲོད། བློ་རིག་དང་འབྲེལ་བའི་ཁྱད་ཆོས་ ༣༤༣ བལྟས་ཡོད་ལ་། ཀླད་པའི་བློ་རིག་རྣམ་འགྱུར་སྟོན་སྟངས་དེའང་སྡེ་ཚན་དྲུག་ནང་དུ་དབྱེ་ཡོད། མི་སྒེར་གྱི་སྒོམ་སྒྲུབ་ཉམས་ལེན་གྱི་གནས་ཚད་ཐོག་བརྒྱ་ཆ་ཕབ་ཡོད། དེ་ནི་ཉམས་ལེན་པའི་ལོ་ཚད་ཀྱི་ཐོག་ནས་ཡོང་གི་ཡོད་པའི་དོགས་སློང་བྱས་ཏེ། སྤྱིའི་ཆ་ནས་ལོ་ཚད་ལ་ཁྱད་པར་ཆེན་པོ་མེད་པ་ཞིག་ཆགས་ཡོད། ཐེག་དམན་གྱི་རིམ་པ་བརྒྱད་ལྟར་ཡོང་མེད་ཀྱང་དེ་དང་ཆ་འདྲ་བ་ཞིག་ཡོང་གི་ཡོད་པ་དེར་མུ་མཐུད་ཞིབ་འཇུག་བྱེད་བཞིན་ཡོད། ཉམས་ལེན་གྱི་གནས་ཚད་མཐོ་པོ་ཟིན་པ་སྡེ་ཚན་གསུམ་དུ་འཆར་འགོད་བྱས་ཡོད། སྤྱིར་འཆར་འགོད་བྱེད་སྟངས་ཐད་གདོང་ལེན་མང་པོ་བྱ་དགོས་པ་མ་ཟད། ཞིབ་འཇུག་གི་བརྒྱུད་རིམ་ཡང་ཧ་ཅང་རྙོག་འཛིང་ཚ་བོ་རེད། ཉམས་ལེན་གྱི་ཚད་རིམ་ཞེས་པའང་ལོ་གཅིག་ལྷག་དང་། ཟླ་ཁ་ཤས། དེ་བཞིན་ནམ་རྒྱུན་སྒོམ་ཉམས་ལེན་བྱས་མྱོང་ཡོད་པར་ཞིབ་འཇུག་བྱས་ཡོད་སྐོར་བརྗོད་འདུག
ཐེངས་འདིའི་ཚོགས་འདུའི་ཐོག་སྒོམ་ཉམས་ལེན་གྱི་དབང་རྩའི་རིག་པ་དང་། ཨུ་རུ་སུའི་སྒོམ་སྒྲུབ་ཞིབ་འཇུག་གི་དབང་རྩའི་ལུས་ཁམས་རིག་པ། དབང་རྩའི་ལུས་སྦྱོང་ཉམས་ཞིབ། དུས་ཡུན་རིང་པོའི་སྒོམ་སྒྲུབ་དབང་རྩའི་ལུས་ཁམས་རིག་པའི་ཞིབ་འཇུག ཐུགས་དམ་གྱི་ཉམས་ཞིབ། ཐུགས་དམ་དབང་རྩའི་ལུས་ཁམས་རིག་པ། ཕྲ་རྡུལ་ཕྲ་གཟུགས་རིག་པ། (Microphenomenology) སོགས་ཀྱི་ཐོག་ཉམས་ཞིབ་བགྲོ་གླེང་གནང་གི་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།