༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་པས་མདོ་སྔགས་ཟུང་འབྲེལ་གྱི་ཐོག་ནས་སངས་རྒྱས་ཀྱི་བསྟན་པར་བདག་པོ་ཡག་པོ་བརྒྱབ་ཡོད་པ་དེེར་མུ་མཐུད་ཤུགས་རྒྱག་དགོས་སྐོར་བཀའ་སློབ་བསྩལ།

དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད། རྒྱ་གར་ལྷོ་པྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཡོད་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད་སོང་བ་དང་། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭའི་ནང་བཀའ་སློབ་གནང་སྐབས་དགུང་ལོ་བརྒྱ་དང་སུམ་ཅུ་ལྷག་བཞུགས་རྒྱུ་ཡིན་སྐོར་གྱི་བཀའ་སློབ་བཟང་པོ་ཕེབས་སོང་།
སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། བོད་མིའི་གཞིས་ཆགས་ཀྱི་མི་མང་དང་དགེ་འདུན་འདུས་པའི་ཚོགས་དེ་རིང་འཛོམས་པ་དེས་ག་རེ་རྟགས་བསྟན་གྱི་ཡོད་རེད་ལབ་ན། དངོས་གནས་དྲང་གནས་ཀྱི་མདོ་སྔགས་ཟུང་འབྲེལ་གྱི་སངས་རྒྱས་པའི་ཆོས་རྒྱ་ཆེ་གཏིང་ཟབ། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པའི་རྒྱ་གར་གྱི་པཎ་གྲུབ་དེ་དག་ལས་ཇི་བྱུང་དྲི་མ་མེད་པ་ཞིག་ང་ཚོ་བོད་པས་བདག་པོ་རྒྱག་ནས་བསྡད་པ་རེད་གདའ། བར་སྐབས་བོད་ནང་དཀའ་ངལ་ཞེ་དྲགས་འཕྲད་པ་རེད། ས་གནས་མང་པོ་ཞིག་ལའང་དཀའ་ངལ་དེ་ཕྲད་པ་རེད་དེ། ང་ཚོ་བོད་པ་ཚོས་དངོས་གནས་དྲང་གནས་སོ་སོའི་ཆོས་དང་རིག་གཞུང་ལ་གཏིང་ནས་དགའ་མོས་བྱེད་པའི་ལྷག་བསམ་རྩེ་གཅིག་པའི་ཐོག་ནས། སྐབས་དང་དུས་འཚམ་པའི་འདོན་པ་འདོན་རྒྱུས་མཚོན་པའི་གལ་ཆེ་བ་དེ་སོ་སོའི་བསམ་བློའི་ནང་ལ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་རྒྱ་ཆེ་གཏིང་ཟབ་པ་ཞིག་ཡོད་པ་འདི། ང་ཚོ་བོད་པས་དངོས་གནས་དྲང་གནས་ཧ་ལས་པ་ཞིག་བདག་པོ་རྒྱག་འདུག སོ་སོས་བདག་པོ་རྒྱག་པ་ཙམ་དུ་མ་ཟད། དེང་སང་རྒྱ་ནག་ནང་དུའང་བོད་ཀྱི་སངས་རྒྱས་པའི་ཆོས་ལ་གུས་བརྩི་ཞུས་པའི་གནས་ཚུལ་ཞིག་སླེབས་ཀྱི་ཡོད་རེད་ལ། འཛམ་བུ་གླིང་གི་རྒྱལ་ཁབ་གང་སར་བོད་ཀྱི་ཆོས་དང་རིག་གཞུང་ལ་ཆོས་དད་མེད་པ་ཚོས་ཀྱང་དོ་སྣང་ཇེ་ཆེར་དང་། དགའ་མོས་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བསྡད་ཀྱི་འདུག་གཱ། ང་ཚོས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་ཤོག་ཅེས་སྨོན་ལམ་བརྒྱབ་པ་གཅིག་པུ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ང་ཚོ་བོད་པ་ཚོ་དངོས་གནས་དྲང་གནས་ཀྱི་ལུང་རྟོགས་ཀྱི་རྒྱལ་བའི་བསྟན་པ་འདི་མི་ཉམས་གོང་འཕེལ་དང་ཉམས་པ་སོར་བཅུད་ཡག་པོ་ཞིག་ཡོང་ཐུབ་རྒྱུར་ཚང་མས་སེམས་ཤུགས་བསྐྱེད་ནས། དེ་ལུགས་ཀྱི་སྨོན་ལམ་རྒྱག་རྒྱུ་སོགས་བྱེད་ཀྱི་ཡོད་རེད། སངས་རྒྱས་པའི་ཆོས་ལ་འཛམ་བུ་གླིང་འདིའི་སྒང་ལ་དགའ་མོས་བྱེད་མཁན་མང་པོ་ཞེ་དྲགས་རེད། དེ་རིང་ཁ་སང་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་མི་རབས་གསར་པ་མང་པོ་ཞེ་དྲགས་སླེབས་ཡོང་གི་འདུག དེ་འདྲ་བྱས་ནས་སངས་རྒྱས་པའི་ཆོས་ལ་དད་མོས་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་སྡོད་པ་ཞིག་རེད། ཅེས་གསུངས་སོང་།

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། འཛམ་གླིང་གཞན་དུའང་སྤྱིར་ཆོས་དད་མེད་ནའང་སངས་རྒྱས་པའི་ལུང་རྟོགས་ཀྱི་ཆོས་ཀྱི་འགྲོ་སྟངས་དེར་དོ་སྣང་བྱེད་ཡོང་དུས། དེར་དགའ་མོས་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་ཡི་འདུག བྱས་ཙང་ང་ཚོས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་ཤོག་ཅེས་ཁ་ཙམ་ཚིག་ཙམ་མ་ཡིན་པར། དོན་ངོ་མའི་ཐོག་ནས་བོད་ཀྱི་སངས་རྒྱས་པའི་ཐེག་པ་གསུམ་གྱི་ཆོས་འདིའི་ཐོག་ལ་དོ་སྣང་གསར་པ་ཞིག་ཡོང་གི་འདུག རྒྱ་ནག དེ་བཞིན་བོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་དེ་དག་སངས་རྒྱས་པའི་ཆོས་ལ་དོ་སྣང་སྔོན་ནས་ཡོད་རེད་ལ། ད་དུང་སངས་རྒྱས་པའི་ཆོས་ལ་དད་མོས་ཇེ་ཟབ་ཇེ་ཟབ་ཏུ་འགྲོ་བསྡད་ཀྱི་འདུག་གཱ། ངོས་རང་ལ་ཆབཞག་ན་རྒྱལ་དབང་གི་མིང་ཡོད་རེད། ངོས་རང་གིས་སངས་རྒྱས་པའི་ཆོས་ཀྱི་སྐོར་ལ་བཤད་ཡོང་དུས་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བསྡད་པ་ཞིག་དང་། ཞེ་དྲགས་རྒྱ་ཆེ་གཏིང་ཟབ་ཁྱབ་བསྡད་པ་ཞིག་རེད་འདུག ངོས་རང་གིས་ཞོགས་པ་ཡར་ལངས་མ་ཐག་བྱང་ཆུབ་ཀྱི་སེམས་བསྒོམས། སྟོང་ཉིད་ཀྱི་ལྟ་བ་བསྒོམས། དེ་ནས་ཟབ་རྒྱས་གཉིས་ཀྱི་ཐོག་ནས་དངོས་སུ་འཛམ་གླིང་འདིའི་སྒང་གི་མི་ཚང་མར་དོ་སྣང་དང་ཤ་ཞེན་ཇེ་ཆེར་འགྲོ་བསྡད་པ་ཞིག་དང་། རྒྱ་ནག་ལ་ཆ་བཞག་ན་དེང་སང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བསྡད་ཀྱི་འདུག་གཱ། ཕལ་ཆེར་འཛམ་བུ་གླིང་འདིའི་སྒང་ལ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་ཡི་ཡོད་པ་གསལ་པོ་ཞེ་དྲགས་རེད་འདུག ང་རང་ཚོ་སངས་རྒྱས་པའི་ཆོས་ལ་བདག་པོ་རྒྱག་མཁན་ཧི་མ་ཡའི་རི་རྒྱུད་ཀྱི་མི་མང་ཚོ་དད་མོས་ཆེན་པོ་ཡོད་རེད། ཡིན་ཡང་། སློབ་སྦྱོང་དང་འབྲེལ་བའི་ཐོག་ནས་དོ་སྣང་ཤུགས་ཆེན་པོས་བདག་པོ་རྒྱག་མཁན་དེ་ང་ཚོ་བོད་པ་ཚོ་ཤུགས་ཆེ་ཤོས་རེད་འདུག དེ་འདྲ་ཡིན་དུས་ང་ཚོ་ཚང་མས་སངས་རྒྱས་པའི་བསྟན་པ་རྒྱས་པར་ཤོག་ཅེས་སྨོན་ལམ་རྒྱག་པ་ནང་བཞིན། དོན་དངོས་ཀྱི་ཆ་ནས་སངས་རྒྱས་ཀྱི་བསྟན་པ་མུ་མཐུད་ནས་འཛམ་གླིང་ཀུན་ལ་ཁྱབ་ཡ་ཞིག་དང་། རྒྱ་ཆེའི་སེམས་ཅན་མང་པོ་ཞིག་ལ་ཕན་ཐོགས་ཡོང་རྒྱུར་སྨོན་ལམ་རྒྱག་པ་ནང་བཞིན། དོན་དངོས་ཀྱི་ཆ་ནས་འཛམ་གླིང་འདིར་དོ་སྣང་ཤུགས་ཇེ་ཆེར་འགྲོ་ཡི་ཡོད་པ་གསལ་པོ་ཞེ་དྲགས་རེད། ཅེས་གསུངས་སོང་།
མཇུག་ཏུ་༧མགོན་པོ་གང་ཉིད་ཀྱིས། དེ་སྔ་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ནས་ལྟ་གྲུབ་ཀྱི་ཐོག་ལ་དམིགས་བསལ་དོ་སྣང་བྱས་པ་རེད་ལ། ད་ལྟ་རྒྱ་མི་ཚོར་བོད་ཀྱི་ནང་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས། བོད་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་དེ་དག་དང་། དེའི་སྒང་ལ་གསར་དུ་རྒྱ་ནག་ནས་སྤྱིར་སངས་རྒྱས་པའི་ཆོས་དང་བོད་ཀྱི་སངས་རྒྱས་པའི་ཆོས་ལ་དམིགས་བསལ་དོ་སྣང་བྱས་ནས་ཉམས་ལེན་བྱེད་མཁན་མང་པོ་ཡོང་གི་ཡོད་རེད། དེ་བཞིན་ཚན་རིག་པའི་ནང་དུའང་ཉམས་ལེན་བྱེད་མཁན་ཡོང་གི་འདུག ངོས་དང་ཚན་རིག་པ་མང་པོ་འབྲེལ་བ་ཡོང་གི་ཡོད་རེད། དེ་ཚོའི་གྲས་ཀྱིས་དགའ་མོས་ཆེན་པོ་ཞེ་དྲགས་བྱེད་ཀྱི་འདུག སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་སྐྱེས་པ་སྔ་ཕྱི་དང་། དཀོན་མཆོག་ཟེར་བ། འཇིག་རྟེན་བཀོད་པ་པོའི་རྙོག་གྲ་དེ་བཤད་མི་དགོས་པ་བྱས་ནས། ཁ་ཡོད་ལག་ཡོད་ཀྱི་སྒོ་གསུམ་ཞི་ཞིང་འདུལ་བ་ཞིག་གི་ཐོག་ནས་དང་། མི་ཚེ་རང་སྐྱིད་པ་དང་རོགས་སྐྱིད་པའི་དོ་སྣང་གསར་པ་ཞིག་རིས་མེད་ཀྱི་ས་ཁུལ་མང་པོ་ཞིག་ནས་ཡོང་གི་ཡོད་རེད། ཡེ་ཤུའི་ཆོས་པའི་ལུང་པ་ཚོའི་ནང་ནས་དེ་འདྲ་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་ཆེ་རུ་འགྲོ་ཡི་འདུག ངོས་རང་ལ་ཆ་བཞག་ན་ནུབ་ཕྱོགས་རྒྱལ་ཁབ་དང་ལུང་པ་དེ་དག་ལ་འགྲོ་ཡ་དགའ་བསུ་ཤུགས་ཆེན་པོ་བྱས་ནས་ཕྱིན་པའི་ཁ་ཐུག་ལ་ངོས་རང་གིས་སྐད་ཆ་བཤད་པ་དེར་དོ་སྣང་བྱས་ནས། སངས་རྒྱས་པའི་ཆོས་ལ་དམིགས་བསལ་གྱི་དོ་སྣང་གསར་པ་ཞིག་དང་། དངོས་གནས་དྲང་གནས་ཀྱིས་ལུས་ཕྱི་རྒྱལ་མི་ལུས་རེད་དེ། བསམ་བློ་དེ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཇེ་མང་ཇེ་མང་འགྲོ་ཡི་འདུག ཅེས་དང་། ངོས་རང་ལོ་ག་ཙམ་ཡར་སླེབས་བསྡད་ཡོད་རེད་དེ། འཕྲོད་བསྟེན་དང་དེ་དག་གི་ཐོག་ནས་བལྟས་ཡོང་དུས། ངོས་རང་ལོ་བརྒྱ་དང་སུམ་ཅུ་ལྷག་བསྡད་རྒྱུའི་ཟོལ་ཞིག་འདུག ང་རང་ཚོ་ཚང་མས་ད་བར་ཧུར་ཐག་འབད་ཐག་བྱས་པ་རེད་ལ། ད་རུང་ཡང་མུ་མཐུད་ནས་ཧུར་ཐག་བྱེད་ཤོག་ཨ། ཞེས་གསུངས་སོང་།

དགའ་ལྡན་ཕོ་བྲང་གི་དྲ་རྒྱར་གསལ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཆར་ལྟར་ན། ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༢ ཚེས་ ༢༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་དང་། སུད་སི་ལྷ་ས་བུའི་ཚོགས་པ་གཉིས་ཀྱིས་ཚེ་དཔག་མེད་དྭགས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
གསར་འགོད་པ་དཔལ་ལྡན་གྱིས་མོན་གྷོ་འདོད་རྒུ་གླིང་ནས་སྤེལ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།



