མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༥ ལོའི་དུས་བབ་གསར་ཁང་གི་བོད་ནང་གི་གནས་ཚུལ་གལ་ཆེན་ཁག

བོད་ཀྱི་དུས་བབ།
༢༠༢༦/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉུང་མཐར་བོད་མི་  ༡༡༥ ལྷག་འཛིན་བཟུང་བཀག་ཉར་བྱས། 

ཕྱི་ལོ ༢༠༢༥ ལོ་གཅིག་པུར་རྒྱ་ནག་གཞུང་གིས་ཉུང་མཐར་བོད་མི་སེར་སྐྱ་ ༡༡༥  ལྷག་འཛིན་བཟུང་བཀག་ཉར་བྱས་ཏེ། ཆབ་སྲིད་ཀྱི་ཉེས་མིང་གཡོགས་པ་མང་པོ་ཞིག་གི་གནས་སྟངས་ཤེས་རྟོགས་ཐུབ་ཀྱི་མི་འདུག ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༠ ཉིན་བོད་ཆབ་མདོ་སྟེང་ཆེན་རྫོང་གསེར་བྲག་གྲོང་བརྡལ་གྱི་སྐལ་བཟང་ཞེས་པ་ཞིག་གིས། ས་གནས་སྲིད་གཞུང་གིས་ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་ལོ་ ༩ རིང་ཁོང་གི་ནང་མིར་ཆུ་གློག་སོགས་ཀྱི་མཐུན་རྐྱེན་བཀག་པའི་དཀའ་ངལ་ཞུ་གཏུག་བྱས་ཡོད་ཀྱང་ཕན་འབྲས་མ་ཐོན་པའི་སྐོར་སྤྱི་ཚོགས་དྲ་ལམ་དུ་ཁྱབ་བསྒྲགས་བྱས་རྗེས། རྒྱ་ནག་གཞུང་གིས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་སྐྱོན་བཏང་བ་དང་། ཏང་དང་སྲིད་གཞུང་ལ་གནོད་འཚེ་བཟོས་པའི་ཉེས་མིང་འོག ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༤ ཉིན་སྟེང་ཆེན་རྫོང་ཉེན་རྟོག་པས་དུས་ཐུང་རིང་ཁོང་བཀག་ཉར་བྱས་རྗེས་ཀློད་ཡོད་ཀྱང་། ཕྱི་ཟླ་ ༤ ཚེས་ ༡༨ ཉིན་བསྐྱར་དུ་འཛིན་བཟུང་བྱས་ཏེ་གོ་ཐོས་མེད་པར་གྱུར་ཡོད་པ་མ་ཟད། གནད་དོན་དེར་ཁ་གཡར་ནས་ཁོང་གི་བྱིས་པ་ཡང་སློབ་གྲྭར་བཅུག་མ་ཐུབ་པའི་དཀའ་ངལ་འཕྲད།

ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༧ ཉིན་གྱི་ཞོགས་པར་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་གྱི་ནུབ་ཁུལ་དུ་འཁྲུག་འཛིང་དོན་རྐྱེན་ཞིག་བྱུང་སྟེ་མི་ ༣༡ འཛིན་བཟུང་བྱས་ནས་ཉེས་ཆད་བཅད་ཡོད་པ་དང་། ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གིས་དེའི་སྐོར་ལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ལྷ་ས་གྲོང་ཁྱེར་ནུབ་ཁུལ་དུ་རང་བཙན་དང་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་བར་དོགས་ཟོན་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་སྐོར་བསྒྲགས།

རྒྱ་ནག་གཞུང་གིས་གོ་སྟོན་གྱི་སྔ་རྗེས་སུ་བོད་ནང་དམ་དྲག་སྔར་ལས་ཤུགས་ཆེན་བྱས་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཟླ་མགོར་བོད་རྔ་བ་རྫོང་ཁོངས་ནས་ཡིན་པའི་གླུ་བ་ཨ་སངས་དང་། ཁོང་གི་རོགས་པ་གླུ་བ་དཔལ་ཆུང་ལགས་གཉིས་ཀྱིས་ལོ་ཤས་གོང་དུ་གཞས་པ་གཞན་གྱིས་བླངས་བའི་གླུ་གཞས་ (ཞི་བདེའི་རྒྱལ་སྲས་) ཞེས་པ་བསྐྱར་དུ་བླངས་བའི་རྐྱེན་གྱིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ད་ལྟའང་བཀག་ཉར་འོག་ཡོད་པ་རེད། དེ་བཞིན་༧སྐུའི་གོ་སྟོན་གྱི་ཚབ་མཚོན་དབུ་ཞྭ་སྤྱི་ཚོགས་དྲ་ལམ་དུ་ཁྱབ་བསྒྲགས་བྱས་པའི་ཉེས་མིང་འོག ཕྱི་ཟླ་ ༧ ཚེས་ ༡ ཡས་མས་ཤིག་ལ་ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་དོན་གོ་ལགས་བཙན་འཁྲིད་བྱས་ཏེ་གོ་ཐོས་མེད་པར་གྱུར།

ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢ ཡས་མས་ཙམ་ལ་རྨ་ལྷོ་སོག་རྫོང་གཙང་དགོན་པའི་དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས་མཚོ་སྔོན་གྱི་ཟི་ལིང་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་ལ་ཕྱི་ཕྱོགས་སུ་དངུལ་བསྐུར་བའི་ཉེས་མིང་གཡོགས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༡ ནང་ཁོང་གི་ཉེ་འབྲེལ་ཁག་ཅིག་ཟི་ལིང་དུ་ཁོང་ལ་ཐུག་ཏུ་ཕྱིན་ཡོད་ཀྱང་ཐུག་བཅུག་མེད་པ་རེད། ཕྱི་ལོ་ ༢༠༢༥ ཟླ ༩ ཚེས ༡༦ ཉིན་འདི་ག་དུས་བབ་གསར་ཁང་ལ་འབྱོར་བའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་དགེ་འདུན་པ་དར་རྒྱས་ལགས་དང་ཁོང་གི་རོགས་པ་གཉིས་བཅས་འཛིན་བཟུང་བྱས་ཡོད་པ་དང་། ཟླ་འགའི་རྗེས་ནས་རོགས་པ་གཉིས་ཀློད་གྲོལ་བཏང་ཡོད་ཀྱང་གྲྭ་དར་རྒྱས་ལགས་མུ་མཐུད་བཀག་ཉར་བྱས་ཏེ་གནས་ཚུལ་གང་ཡང་ཕྱི་ཕྱོགས་སུ་ཐོན་མེད་པ་རེད།

ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༣ ཉིན་ནས་བཟུང་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་ཀྱི་ཀིརྟིའི་དགོན་པ་ཁག་གི་ནང་ཀིརྟི་རིན་པོ་ཆེའི་སྐུ་པར་སྒྲིག་གཤོམ་མི་ཆོག་པའི་བཀའ་བསྒྲགས་ཏེ། ཉིན་དེ་རང་ལ་མཛོད་དགེ་རྫོང་ཁོངས་ཀྱི་སྟག་ཚང་ལྷ་མོ་ཀིརྟི་དགོན་དང་། རྔ་བ་རྫོང་ཁོངས་ཀྱི་རྔ་བ་ཀིརྟི་དགོན། འབར་ཁམས་རྫོང་ཁོངས་ཀྱི་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་བཅས་ཀིརྟིའི་དགོན་པ་ཆེ་ཁག་རྣམས་སུ་དུས་གཅིག་ཏུ་ཀིརྟི་རིན་པོ་ཆེའི་སྐུ་པར་རྣམས་ཕྱིར་བསྡུ་བྱེད་དུ་བཅུག་ཡོད་པ་དང་། ཀིརྟིའི་དགོན་ཁག་སྤྱིའི་ཤེས་ཡོན་སློབ་གཉེར་ཐོག་ལྟ་རྟོག་གནང་མཁན་ཀིརྟིའི་དགོན་ཁག་གི་སྤྱི་ཁྱབ་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཞེས་པ་དེའང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ལ་འབྲེལ་བ་ཡོད་པར་བསྙད་ནས་སྒོ་བརྒྱབ།

ཕྱི་ལོ་ ༢༠༢༥ ཟླ་ ༨ པའི་ནང་གནས་ཚུལ་ཐོན་པ་ལྟར་ན། བོད་བསང་ཆུ་རྫོང་ཁོངས་ཧོར་གཙང་ཀིརྟིའི་དགོན་གྱི་ཁྲི་ཚབ་དང་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་དཀོན་མཆོག་ཆོས་གྲགས་ལགས་རྫོང་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ་སྐབས་དེར་ཟླ་ ༨ ལྷག་ཕྱིན་ཡོད་ཀྱང་། ཁོང་གི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ཁོང་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ནང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག ཁོང་ཆུང་དུས་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཆོས་ཞུགས་ཀྱིས་གསན་བསམ་སློབ་གཉེར་གནང་སྟེ། ཕྱི་ལོ་ ༢༠༡༩ ལོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་ཅིང་། ཕྱི་ལོ་ ༢༠༢༡ ལོར་ཧོར་གཙང་ཀིརྟིའི་དགོན་གྱི་ཁྲི་ཚབ་ཏུ་བསྐོ་བཞག་གནང་ཡོད་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ པ་ཡོལ་དུ། བོད་རྫ་ཆུ་ཁའི་ཀ་བཞི་སྡེ་བའི་གསེར་ཁོག་ཅེས་པའི་ས་ཆ་དེར་རྒྱ་ནག་གིས་གསེར་གྱི་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་ཡུལ་མི་ཚོས་མཐོང་ནས་གཏེར་ཁ་སྔོག་འདོན་བཀག་འགོག་བྱས་སྟབས། ཟླ་དེའི་ཕྱི་ཚེས་ ༦ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༦།༥༠ ཙམ་ནས་རྒྱ་ནག་གཞུང་གིས་ཀ་བཞི་སྡེ་བའི་ཡུལ་མི་འཛིན་བཟུང་བྱེད་མགོ་བརྩམས་ཏེ། ཕྱི་ཟླ་ ༡༢ ཚེས་ ༡༥ བར་ཁྱོན་ཡུལ་མི་ ༨༠ ཡས་མས་འཛིན་བཟུང་བྱས་ནས་ད་ལྟའང་མི་མང་པོ་བཀག་ཉར་འོག་ཡོད་པ་རེད། ཡུལ་མི་ཁག་ཅིག་ལ་ཉེས་རྡུང་བཏང་ནས་རྩིབ་མ་བཅག་པ་དང་མི་འགའ་ཞིག་གི་མཁལ་མ་ནད་པ་བཟོས་པ། གཟུགས་པོ་སྐྱོ་བོ་ཆགས་པ། དེ་བཞིན་ཁ་ཤས་ཀྱི་གློ་ནད་བསྐྱར་ལོག་བརྒྱབ་པ་སོགས་བྱུང་བའི་གནས་ཚུལ་ཐོན།

ཆབ་སྲིད་ཉེས་མིང་འོག་སྐུ་སྲོག་ཤོར་བའི་བོད་མི། 

བོད་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་དགོན་བདག་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གིས་རྒྱལ་མཚན་ནོར་བུ་ལགས་མགོ་ལོག་ཁུལ་དུ་བསླེབས་སྐབས་རྒྱ་ནག་གཞུང་གི་བཀའ་བཀོད་ལྟར་སྣེ་ལེན་ཟབ་རྒྱས་མ་བྱས་པ་དང་། གོང་རིམ་གྱི་བཀའ་ལ་མི་ཉན་པར་དགོན་པ་དང་སློབ་གྲྭ་མང་པོ་བཙུགས་པ། ཉམ་ཆུང་དབུལ་ཕོངས་ཀྱི་ཐོབ་ཐང་རྩོད་ལེན་གནང་ནས་རྙོག་ཟིང་བསླངས་ཡོད་སྐོར་སོགས་བརྗོད་ནས་སུན་གཙེར་ཡང་ཡང་བཟོས་རྐྱེན་ཉེན་གཡོལ་དུ་ཕེབས་དགོས་བྱུང་ཡོད་ཀྱང་། ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་ཝེ་ཐི་ནམ་གྱི་རྒྱལ་སྤྱིའི་སྨན་ཁང་(Vinmec Central Park International Hospital) དུ་སྐུ་གྲོངས་ཟིན་སྐོར་བརྗོད་ཡོད་པ་དང་། དེ་ནས་ལུང་སྔོན་དགོན་པའི་སྐུ་ཚབ་དགེ་འདུན་པ་ལྔ་ཆེད་དུ་ཝེ་ཐི་ནམ་དུ་ཕེབས་ཏེ་རྩད་གཅོད་གནང་ཡོད་ཀྱང་། ཕྱི་ཟླ་ ༤ ཚེས་ ༡༠ ཉིན་གྱི་ཕྱི་དྲོར་རིན་པོ་ཆེ་མཆོག་གི་ཞལ་ཁོ་ན་ཙམ་མཇལ་དུ་བཅུག་སྟེ། ཟླ་དེའི་ཕྱི་ཚེས་ ༢༠ ཉིན་ཝེ་ཐི་ནམ་དུ་སྐུ་ཕུང་གསང་བའི་ཐོག་ནས་ཞུགས་འབུལ་ཞུས་ཡོད་པ་རེད། རིན་པོ་ཆེ་མཆོག་ཝེ་ཐི་ནམ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ནང་བཅུག་སྟེ་གཅར་རྡུང་མནར་གཅོད་ཚད་མེད་བཏང་ནས་ཁོང་གི་ལུས་ལ་རྨས་སྐྱོན་ཆེན་པོ་བཟོས་ཡོད་པ་སྐབས་དེའི་ལས་བྱེད་ཚོས་འགྲེལ་བརྗོད་བྱས་པ་བརྒྱུད་ལམ་དུ་ཐོན་ཡོད་པས་ཁོང་རྒྱ་གཞུང་གིས་བཀྲོངས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཁོང་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་ཐུགས་ཁྲལ་གྱིས་སྙུང་གཞི་བཞེས་ཏེ་ཟླ་ ༣ ལྷག་རིང་ཟི་ལིང་དུ་སྨན་བཅོས་བྱས་ཡོད་ཀྱང་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༦ ཉིན་ལུང་སྔོན་དགོན་པའི་མཐའ་རུ་ཡོད་པའི་གཟིམ་ཆུང་དུ་དགུང་ལོ་ ༨༥ ཐོག་གྲོངས་ཡོད་པ་རེད།

ཕྱི་ལོ་ ༢༠༢༥ ལོའི་འཁྲུངས་སྐར་གྱི་སྔ་གཞུག་ཏུ་རྒྱ་གཞུང་གིས་བོད་རྨ་ལྷོ་སོག་རྫོང་གི་གཙང་དགོན་པའི་ལོ་ན་བཅོ་བརྒྱད་མན་གྱི་དགེ་འདུན་པ་མང་པོ་ཕྱིར་ཕུད་བཏང་ཡོད་པ་མ་ཟད། དགོན་པའི་དབུ་འཛིན་དགེ་འདུན་པ་ཤེར་བཟང་རྒྱ་མཚོ་ལགས་སུ་ཡང་ཡང་གནོན་ཤུགས་སྤྲད་དེ་ཉེས་འདོགས་སྣ་ཚོགས་བྱས་པར་བརྟེན། ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༡༨ ཉིན་གྱི་ཕྱི་དྲོ་ཙམ་ལ་དགོན་པའི་ཚོང་ཁང་གི་ཐོག་ཁར་རང་སྲོག་བཅད།

ཕྱི་ལོ ༢༠༢༥ ཟླ་ ༧ ཚེས་ ༡༩ ཉིན་རྒྱ་ནག་གཞུང་གིས་བོད་གོ་འཇོ་རྫོང་པ་ལ་ཆུས་ཟེར་བའི་ཁོངས་སུ་ཡོད་པའི་ཆོས་རྒྱལ་དགོན་པའི་དགོན་བདག་ཡོངས་གྲགས་སུ་ཆོས་རྒྱལ་སྤྲུལ་སྐུའམ་མཚན་དངོས་ལ་དཔལ་ལྡན་དབང་རྒྱལ་ལགས་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་བཙོན་ཁང་ཞིག་ཏུ་བཅུག་སྟེ་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་བཙོན་ཁང་དུ་སྐུ་བཀྲོངས།

གྲྭ་བཙུན་ཕྱིར་ཕུད་དང་དགོན་པར་གཏོར་བཤིག

ཕྱི་ལོ་ ༢༠༢༥ ཟླ་ ༢ ནང་རྒྱ་ནག་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་མང་པོར་ཁྲིམས་མཐུན་གྱི་ཡིག་ཆ་མེད་སྐོར་སོགས་བརྗོད་དེ། གྲྭ་བཙུན་གྲངས་ ༡༠༠༠  ལྷག་རིམ་པས་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་པ་རེད། དེའི་ཐད་བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་བཙུན་མ་ཞིག་གིས་འདི་ག་དུས་བབ་ཀྱི་གསར་འགོད་པར། རྒྱ་ནག་གཞུང་གི་ལས་བྱེད་དང་གསེར་རྟ་རྫོང་གི་དམག་མི་སོགས་ཀྱིས་བརྟག་དཔྱད་མང་པོ་ཞིག་བྱས་པ་བརྒྱུད། ང་ཚོ་གྲྭ་བཙུན་གཅིག་སྟོང་དགོན་པར་འདུག་མི་ཆོག་པར་རིམ་པས་དགོན་པ་ནས་བུད་དགོས་པའི་བཀའ་ཕབ་བྱུང་། ཞེས་བརྗོད་བྱུང་། ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་ལ་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་གཏོང་བའི་མགོ་བརྩམས་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གྱི་ཡིག་ཆའི་ནང་སྒར་དུ་གྲྭ་བཙུན་གྲངས་ ༥༠༠༠ ལས་བརྒལ་མི་ཆོག་པ་དང་། དེའི་ནང་ཞིང་ཆེན་གཞན་ནས་གྲྭ་བཙུན་གྲངས་ ༡༠༠༠ ལས་མང་བ་འཇོག་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད།

ཕྱི་ལོ་  ༢༠༢༥ ཟླ་ ༦ ནང་སྲིད་གཞུང་གི་ས་ཆའི་ཐོག་འཛུགས་སྐྲུན་བྱས་པར་བསྙད་དེ། བོད་དཀར་མཛེས་ཁུལ་བྲག་མགོ་རྫོང་འཇང་སྒང་དགོན་པའི་ཉེ་འཁྲིས་ལུང་རབ་བཟང་རིར་བོད་བརྒྱུད་ནང་བསྟན་གྱི་མཆོད་རྟེན་འབྲིང་བ་ ༣༠༠ ལྷག་དང་། མཆོད་རྟེན་ཆེ་བ་གསུམ་ཡོད་པ་བཙན་གྱིས་གཏོར་ཏེ་རྩ་མེད་དུ་བཏང་ཡོད་པ་མ་ཟད། གནས་ཚུལ་ཕྱི་ལ་མི་ཁྱབ་པའི་ཆེད་དུ་ས་གནས་སུ་འགྲོ་བར་བཀག་སྡོམ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། ཡིན་ནའང་། དེའི་རྗེས་ཀྱི་གནས་ཚུལ་རྣམས་ཤེས་རྟོགས་མ་ཐུབ་པར་ལྷག་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༡༦ ཉིན་ནས་ཉིན་གྲངས་གསུམ་རིང་། བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་ཐང་ནག སྔོན་ཆགས། གླས་དྲུག བསང་ཁོག མར་སྟེང་སོགས་སུ། རྒྱ་ནག་གཞུང་དང་རྫོང་སྲིད་གཞུང་གི་བཀའ་རེད་ཟེར་ནས་བོད་རིགས་ལས་བྱེད་གསུམ་གྱིས། དགོན་པའི་གྲྭ་ཤག་དང་། ཁྱིམ་ཚང་སོགས་ཀྱི་ནང་བཙན་གྱིས་སྔོག་བཤེར་བྱས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་པ་ནི་ཁྲིམས་འགལ་ཡིན་ལུགས་བརྗོད་དེ་བཙན་འཕྲོག་བྱས་པའི་གནས་ཚུལ་འདི་ག་གསར་ཁང་ལ་འབྱོར་བྱུང་ཡང་། ས་གནས་སུ་བཀག་སྡོམ་ཤུགས་ཆེ་རུ་བཏང་བར་བརྟེན་མུ་མཐུད་གནས་ཚུལ་ཁ་གསལ་རྒྱུས་ལོན་བྱེད་ཁག་པོ་ཆགས།

དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱེད་བཞིན་པའི་བོད་ཀྱི་བུད་མེད་གཉིས།

ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༡༨ ཉིན་མགོན་པོ་སྐྱིད་ལགས་ཀྱིས། རང་ཉིད་གཅུང་པོ་བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་དང་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ལས་འགུལ་སྤེལ་སྐབས། རྒྱ་གཞུང་ཉེན་རྟོག་པས་ཁོང་མོ་བཙན་གྱིས་གཡག་མགྲོན་ཁང་དུ་བཅུག་སྟེ་ཕྱི་རུ་ཐོན་བཅུག་མེད་པས། ཨ་ཆད་འུ་ཐུག་གིས་གཡག་མགྲོན་ཁང་གི་ཐོག་རྩེག་གཉིས་པ་ནས་མཆོངས་ཏེ་རང་སྲོག་གཅོད་རྩིས་བྱས་ཡོད་པར་བརྟེན། པུས་མོ་དང་སྐེད་པ་སོགས་ལ་རྨས་སྐྱོན་ཆེན་པོ་ཕོག་ཡོད་ནའང་དུས་ཐོག་ཏུ་སྨན་བཅོས་བྱེད་དུ་བཅུག་མེད་སྟབས། ད་ལྟའང་སྒོ་ཕྱི་ཁྱིམ་དུ་འགྲོ་བར་དཀའ་ངལ་འཕྲད་བཞིན་ཡོད་པས་མུ་མཐུད་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད། མགོན་པོ་སྐྱིད་ལགས་ཀྱིས་སྔ་གཞུག་ཏུ་ཐེངས་བཅུ་གྲངས་ཤིག་ལ་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་དང་འབྲེལ་ཡོད་ཁྲིམས་ཁང་སོགས་ཀྱི་མདུན་དུ་རྡོ་རྗེ་བཀྲ་ཤིས་ལགས་ལ་དྲང་བདེན་མིན་པའི་བཙོན་འཇུག་ཁྲིམས་ཐག་ལོ་ ༡༠ བཅད་པ་དེར་བསྐྱར་དུ་ཁྲིམས་བཤེར་དགོས་པའི་རེ་འབོད་ལས་འགུལ་སྤེལ་ཡོད་པ་དང་། ཁོང་མོ་ཐེངས་མང་ཉེན་རྟོག་པས་བཙན་འཁྲིད་བཀག་ཉར་དང་གཅར་རྡུང་སྡིགས་ར་བསྐུལ་ཏེ་ཕ་ཡུལ་དུ་བཙན་སྐྱེལ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ཀྱང་རེ་འབོད་ལས་འགུལ་མཚམས་བཞག་མེད་པ་རེད། ཕྱི་ཟླ་ ༡༢ ཚེས་ ༩ ཉིན་བོད་ཁྲི་ཀ་རྫོང་མི་མང་ཁྲིམས་ཁང་ཟེར་བས། བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་སྤྱི་ཚོགས་འཁྲུག་རྐྱེན་བསླངས་བའི་ཉེས་མིང་གཡོགས་ཏེ་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་།  ཁྲིམས་ཆད་དེ་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༩ ནས་བརྩིས་པའི་ལོ་གཉིས་ཀྱི་རྗེས་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པའི་བཅད་ཁྲ་བཏང་སྟེ་བཟང་བཙོན་དུ་བཞག་ཡོད་པར་བརྟེན། ཚེ་རིང་མཚོ་ལགས་ཀྱིས་མཚོ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ལ་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་དུ་ཁྲིམས་བཤེར་དགོས་པའི་ཞུ་གཏུག་ཡིག་ཆ་ཚང་མ་སྤྲད་ཟིན་ཡོད་ཀྱང་ཚུལ་བཞིན་ལག་བསྟར་མ་བྱས་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག བཟང་བཙོན་གྱི་དུས་ཡུན་ལོ་གཉིས་རིང་གོང་རིམ་གྱི་ཆོག་མཆན་མེད་པར་ཡར་མར་འགྲོ་མི་ཆོག་པ་དང་། མི་ལ་འབྲེལ་འདྲིས་མི་ཆོག་པ། ས་གནས་གཞན་དུ་སྨན་པར་བསྟེན་གཏུག་བྱེད་དུ་འགྲོ་མི་ཆོག་པ། གོང་རིམ་གྱི་དུས་བཅད་ལྟར་ཆབ་སྲིད་སློབ་གསོའི་བྱེད་སྒོར་མཉམ་ཞུགས་དགོས་པ་སོགས་ཀྱི་བཀའ་རྒྱ་བསྒྲགས། ད་ལྟ་རང་ལོ་ ༤༡ ཙམ་ཡིན་པའི་ཚེ་རིང་མཚོ་ལགས་ཀྱིས་ཞེད་སྣང་གང་ཡང་མེད་པར་ཕྱི་ལོ་ ༢༠༡༥ ཙམ་ནས་བཟུང་རྒྱ་ནག་ཉེན་རྟོག་པ་དང་ལས་བྱེད་པས་ཁྲིམས་མེད་ལུགས་མེད་ཀྱིས་བོད་མི་རྣམས་ལ་དབྱེ་འབྱེད་དང་། དམིགས་བསལ་དམ་དྲག་བཙན་གནོན་བྱེད་བཞིན་པའི་གནད་དོན་མང་པོ་ཐེར་འདོན་བྱས་པར་བརྟེན། ཐེངས་ ༥ ལྷག་ལ་ཉེས་མིང་སྣ་ཚོགས་གཡོགས་ཏེ་འཛིན་བཟུང་བཀག་ཉར་བྱས།

ཆོས་ལུགས་མི་སྣ་བེད་སྤྱད་དེ་ཆབ་སྲིད་ནག་པོའི་འཁྲབ་སྟོན་བྱས།

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༩ ནས་ ༡༢ བར་ཉིན་གྲངས་བཞིའི་རིང་འཛམ་གླིང་ཞི་བདེ་དང་མེས་རྒྱལ་དར་ཞིང་རྒྱས་པ་ཟེར་བ་སོགས་ཀྱི་ཆེད་དུ། རྒྱ་ནག་གཞུང་གིས་པཎ་ཆེན་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་ལགས་ཀྱིས་བཀྲ་ཤིས་ལྷུན་དགོན་དུ་དུས་འཁོར་དབང་ཆེན་ཐེངས་གཉིས་པ་དེ་གནང་དུ་བཅུག་ཡོད་པ་དང་། དེ་བཞིན་ཆབ་མདོ་དང་ནག་ཆུ། གམ་པ་རྫོང་། དིང་རི་རྫོང་། པ་སྣམ་རྫོང་། བཞད་མཐོང་སྨོན་རྫོང་། རྣམ་གླིང་རྫོང་། བསམ་གྲུབ་རྩེ་སོགས་སུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༢༤ ལོར་བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་སོགས་ཀྱི་ནང་རྒྱལ་མཚན་ནོར་བུ་ལགས་ཀྱིས་སྐོར་སྐྱོད་བྱས་ཏེ། ཞི་ཅིན་ཕིང་གི་སྣེ་འཁྲིད་འོག་རྒྱ་ནག་དམར་ཕྱོགས་གཞུང་གི་སྲིད་ཇུས་བཟང་བ་དང་བོད་ལ་བཀའ་དྲིན་ཆེ་བ། ཁྲིམས་སྲུང་རྒྱལ་གཅེས་ཀྱི་བསམ་བློ་སྤེལ་དགོས་པ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་ལས་དོན་གལ་ཆེ་བ་སོགས་མི་མང་ནང་གཏམ་བཤད་གནང་ཡོད་པ་རེད། འདི་ལོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གོང་དུ་སྤེལ་བ་ཟེར་བའི་ཆབ་སྲིད་དྲིལ་བསྒྲགས་འོག་བོད་ཁུལ་གྱི་དགོན་པ་དང་སློབ་གྲྭ། ཞིང་འབྲོག་མང་ཚོགས་ནང་ཚོགས་འདུ་དང་ཟབ་སྦྱོང་ལྟ་བུ་མང་དུ་སྤེལ་སོང་ལ། ལྷག་པར་དུ་བོད་ཁུལ་གྱི་དགོན་སྡེ་ཁག་གི་འདུ་ཤེས་གསུམ་གྱི་སློབ་གསོ་སྐུལ་འདེད་གཏོང་བ་ཟེར་བའི་བྱ་འགུལ་ཚ་ཚ་འུར་འུར་གྱིས་སྤེལ་ཡོད་པ་དང་། དེའི་ཁྲོད་དགོན་པའི་ལས་དོན་བརྟག་ཞིབ་རུ་ཁག་བོད་ཁུལ་གྱི་དགོན་པ་ཁག་ཏུ་ཕྱིན་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་གནས་ཚད་ཞན་དྲག་པར་སྐྱོན་བརྗོད་ཚ་ནན་དང་། གནས་ཚད་ཡག་པོར་སོན་པ་ཚོར་གཟེངས་བསྟོད་བྱས། ད་དུང་སདགོན་སྡེ་ཁག་གི་ལས་སྣེ་དང་དགེ་འདུན་པ་རྣམས་རུ་ཁག་མང་པོར་བགོས་ཏེ་རྒྱ་ནག་པེ་ཅིན་སོགས་སུ་ལྟ་སྐོར་དུ་འཁྲིད་དེ། མེས་རྒྱལ་གྱི་རླབས་ཆེན་དར་རྒྱས་ཉམས་སུ་མྱོང་བ་དང་། ཁྲིམས་སྲུང་དམ་གཙང་གི་ཆོས་ལུགས་མི་སྣ་གསོ་སྐྱོང་གི་གལ་ཆེའི་ནུས་པ་བཏོན་ཡོད་སྐོར་བསྒྲགས་ཡོད་པ་རེད།

འབྱུང་བཞིའི་གོད་ཆག་དང་སྐྱིད་སྡུག་མཉམ་མྱོང་།

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་གྱི་ཞོགས་པར་བོད་དིང་རི་རྫོང་དང་། ངམ་རིང་རྫོང་། ལྷ་རྩེ་རྫོང་། ས་སྐྱ་རྫོང་སོགས་ཀྱི་ཁོངས་སུ་ས་ཡོམ་ཤུགས་ཚད་ ༧ ཙམ་ཞིག་བརྒྱབ་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་བྱུང་སྟབས། རང་དབང་ལྡན་པའི་བརྒྱུད་ལམ་ཁག་ཏུ་སྐབས་དེར་མི་གྲངས་ ༤༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་སྐོར་ཐོན་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་མི་གྲངས་ ༡༢༦ ལྷག་རྐྱེན་འདས་དང་། མི་གྲངས་ ༣༤༠ མ་ཟིན་ཙམ་ལ་རྨས་སྐྱོན་ཕོག  སྡོད་ཁང་མང་པོར་རྡིབ་སྐྱོན་བྱུང་ཡོད་སྐོར་བབསྒྲགས་ཡོད་པ་རེད། ས་ཡོམ་གོད་ཆག་བྱུང་སྐབས་བོད་ཡུལ་ཡོངས་ནས་མི་རྒྱུ་གཉིས་ཀྱི་ཐོག་ནས་རོགས་རམ་རྒྱ་ཆེན་པོ་གནང་སྟེ་སྐྱིད་སྡུག་མཉམ་མྱོང་བྱས་ཡོད།  བཙན་བྱོལ་ནང་ནས་ཀྱང་གདུང་སེམས་མཉམ་སྐྱེད་དང་མཆོད་འབུལ་སྨོན་ལམ་ཞུས་ཡོད་པ་རེད། ཕྱི་ཟླ་དང་པོའི་ཚེས་ ༧ ཉིན། ༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོ་དང་བསྔོ་སྨོན་གྱི་གསུང་འཕྲིན་བསྩལ་བའི་ནང་། ས་ཡོམ་ཁྲོད་རྐྱེན་འདས་དང་རྨས་སྐྱོན་ཕོག་པ། ཁང་པ་མང་པོ་གཏོར་བཤིག་བྱུང་བར་ཐུགས་ཕམ་ཆེན་པོ་བྱུང་ཞེས་དང་། རྐྱེན་འདས་སུ་སོང་བ་རྣམས་ལ་བསྔོ་སྨོན་དང་། རྨས་སྐྱོན་བྱུང་བ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡོད་ཅེས་གསུངས་ཡོད་ལ། དེ་བཞིན་ཆོས་བརྒྱུད་ཁག་གི་དབུ་བླ་རྣམ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག གཞན་ཡང་། ཨ་རི་དང་རྒྱ་གར། ཐའེ་ཝན་སོགས་ཀྱི་གཞུང་ནས་ཀྱང་གདུང་སེམས་མཉམ་སྐྱེད་གནང་། འདི་ལོའི་ཕྱི་ཟླ་ ༥ པའི་ནང་དིང་རི་རྫོང་གི་ས་ཡོམ་སླར་གསོ་བསྐྱར་སྐྲུན་གཞུང་ལས་ཁང་ཟེར་བ་བཙུགས་ཏེ། མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་ནང་གཅིག་གྱུར་འཆར་འགོད་དང་ཉམས་བཟོ་བརྟན་གཏོང་ཟེར་བ་གཙོ་འདོན་བྱས་ཏེ། རྫོང་ཁག་ ༧ གྱི་གྲོང་གསེབ་ ༤༨༦ ནང་སྡོད་ཁང་ ༢༢༠༠༠ གསར་སྐྲུན་དང་། སྡོད་ཁང་ ༡༠༥༠༠ ལ་ཉམས་གསོ་བྱས་ཟིན་ཏེ་མི་མང་སྤྲད་ཡོད་སྐོར་དང་། བསྡོམས་པའི་སྡོད་ཁང་ ༣༢༥༠༠ བསྐྱར་སྐྲུན་བྱས་དང་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་པ་རེད། ཡིན་ནའང་། ས་གནས་མི་མང་གིས་མགྱོགས་མྱུར་དུས་ཐུང་ནང་བཟོས་པའི་སྡོད་ཁང་རྣམས་སྤུས་ཚད་ཞན་པ་དང་། རུབ་སྡོད་བྱས་ཏེ་སྔོན་གྱི་ས་ཆ་རྣམས་ཤོར་བ་སོགས་ཀྱིས་མང་ཚོགས་ལ་དཀའ་ངལ་འཕྲད་ཀྱི་ཡོད་འདུག ཕྱི་ཟླ་ ༡༢ པའི་ཟླ་མཇུག་ཏུ་རྒྱལ་མཚན་ནོར་བུ་ལགས་དིང་རིར་ཕྱིན་ཏེ་ཏང་བཀའ་དྲིན་ཆེན་པོ་ཡིན་ལ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཁ་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲང་དགོས་སྐོར་བཤད་ཡོད་པ་རེད།

  བོད་མཐོ་སྒང་གི་ཉི་གློག་ཤེལ་ལེབ་དང་འབྲོག་པའི་སེམས་ངལ།

རྒྱ་ནག་ནི་འཛམ་གླིང་གི་ཉི་འོད་གློག་ནུས་བེད་སྤྱོད་བྱེད་མཁན་ཤུགས་ཆེ་ཤོས་ཨང་དང་པོར་རྩི་བཞིན་ཡོད་ལ། འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་རི་ལུང་ཐང་གསུམ་དུ་ཉི་གློག་ཤེལ་ལེབ་ཀྱི་ལྟེ་གནས་མང་པོ་གསར་འཛུགས་བྱས་རྐྱེན་འབྲོག་མང་ལ་སེམས་འཚབ་གསར་པ་ཞིག་བཟོས་འདུག ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གཞུང་གིས་བོད་ཉག་ཆུ་རྫོང་ཁོག་ལ་གྲོང་བརྡལ་དུ་ཝ་ཌི་(Watt) ཁྲི་ ༡༠༠ ལྷག་ཟིན་པའི་འཛམ་གླིང་གི་ཉི་གློག་ཤེལ་ལེབ་ཀྱི་ས་ཚིགས་ཆེ་ཤོས་ཡིན་ཟེར་བ་ཞིག་གསར་འཛུགས་བྱས་ཡོད་པ་རེད། འདི་ག་གསར་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་རྔ་བ་ཁུལ་ཁྱུང་མཆུ་རྫོང་དང་། ལྷོ་ཁ། སྙེ་མ་རྫོང་། ལྷ་ས་གྲོང་ཁྱེར་མལ་གྲོ་གོང་དཀར། མཚོ་སྔོན་ན་གོར་མོ་སོགས་སུ་ས་གནས་འབྲོག་མང་ལ་གུན་གསབ་དངུལ་ཙམ་སྤྲད་དེ་ཉི་གློག་ཤེལ་ལེབ་ཀྱི་ལྟེ་གནས་རྒྱ་ཆེན་པོ་བཙུགས་དང་འཛུགས་བཞིན་པ་རེད་འདུག བོད་ནང་གི་ལྷ་གཡག་ཚོང་རྟགས་ཀྱི་སྦྱིན་བདག་ཁེ་ལས་བ་མི་འགྱུར་རྡོ་རྗེ་ལགས་ཀྱིས་བོད་ཀྱི་འབྲོག་པ་དང་རྩྭ་ཐང་སྲུང་སྐྱོབ་སྐོར་ལ་སྐར་མ་བཅུ་དྲུག་ལྷག་ཅན་གྱི་བརྙན་ཐུང་ཞིག་ཡོངས་ཁྱབ་ཏུ་སྤེལ་བའི་ནང་།  དེང་སང་བོད་ནང་གི་འབྲོག་པའི་ས་ཐོག་ཏུ་ཉི་གློག་འདི་གསར་རྒྱག་བྱེད་ཀྱིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཉི་གློག་དེ་ནུས་ཤུགས་གསར་པའི་ཁོངས་ཀྱི་ཚོང་ལས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ལ། བོད་ནང་གི་རོང་འབྲོག་གི་ས་ཁུལ་མང་པོ་ཞིག་ཏུ་ཚོང་ལས་ཀྱི་ངོ་བོའི་ཐོག་ནས་ཉི་གློག་གསར་རྒྱག་བྱེད་མུས་ཡིན་པའི་ཁར། དེང་སྐབས་བོད་ནང་གི་ས་གནས་མང་ཆེ་བ་དང་ལྷག་པར་དུ་འབྲོག་པའི་རྩྭ་ཐང་སྟེང་ཉི་གློག་ས་ཚིགས་མང་པོ་ཞིག་གསར་རྒྱག་བྱེད་མུས་ཡིན་པ་རེད། ཅེས་དང་། བོད་ནང་གི་རོང་འབྲོག་མང་ཚོགས་དང་ལྷག་པར་དུ་འབྲོག་པ་ཚོ་ནི་མི་རབས་ནས་མི་རབས་བར་རྩྭ་ཐང་ཁོ་ན་ལ་བརྟེན་ཡོད་པས། འབྲོག་པའི་རིག་གནས་དང་འཚོ་བ་སྐྱེལ་སྟངས་མང་པོ་ཞིག་ཀྱང་རྩྭ་ཐང་གི་སྟེང་ནས་གྲུབ་ཡོང་བ་ཞིག་རེད། འབྲོག་པ་ཚོ་རྩྭ་ཐང་དང་བྲལ་ཚེ་བོད་པའི་ཡུལ་སྲོལ་གོམས་གཤིས་དང་འཚོ་གནས་ལས་ཁ་བྲལ་དུ་བཏང་བ་ཡིན། ཞེས་བརྗོད་འདུག་ལ། ནེའུ་ཡོག་དུས་བབ་ཀྱིས་རྒྱ་ནག་གཞུང་གིས་འཛམ་གླིང་གི་ཡང་རྩེ་བོད་མཐོ་སྒང་དུ་རྨི་གྲུ་བཞི་མ་ ༡༦༢ (Square miles) ལྷག་གི་སར་ཉི་གློག་ཤེལ་ལེབ་འཛུགས་དོན་ག་རེ་ཡིན་ནམ་ཞེས་པའི་དཔྱད་རྩོམ་ཞིག་སྤེལ་བའི་ནང་དུ། བོད་མཐོ་སྒང་གི་མཐོ་ཚད་ཕི་ཊི་ ༡༠,༠༠༠ ལྷག་ཙམ་གྱི་སར་ཉི་གློག་ཤེལ་ལེབ་ཀྱིས་མཐོང་ཚད་དུ་བཀབ་སྟེ། ནེའུ་ཡོག་གྲོང་ཁྱེར་གྱི་ལྟེ་བ་མན་ཧ་ཊོན་གྱི་རྒྱ་ཁྱོན་ལས་ལྡབ་བདུན་ཆེ་བ་ཡོད། དེ་དག་གིས་མཚོ་ངོས་ལས་ཉི་འོད་ཆེས་བཀྲག་མདངས་ལྡན་པ་འཇིབ་ལེན་བྱེད་ཀྱི་ཡོད། དེ་ནི་མཁའ་དབུགས་ཤིན་ཏུ་སྲབ་པས་རེད། ཅེས་བྲིས་འདུག

བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་གོ་གནས་ནས་ཟགས་པ།

ཕྱི་ལོ་ ༢༠༢༥ ལོར་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་ཉུང་མཐར་ ༩ ཞིབ་བཤེར་དང་ཁྲིམས་ཐག་བཅད། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༢ ཉིན་རྒྱ་ནག་དམར་ཤོག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ཟེར་བས། བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་ཟུར་པ་ཆེ་དགྲ་ལྷས་ཕུགས་འདུན་འདུ་ཤེས་ཤོར་བ་དང་། ཐོག་མའི་དམ་བཅའ་དང་འགན་འཁྲི་ལ་རྒྱབ་འགལ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འགན་འཁྲི་གཙོ་བོ་ལག་བསྟར་ཡག་པོ་མ་ཐུབ་པ་དང་། ལྐོག་རྔན་འབོར་ཆེན་བླངས་བའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།  ཕྱི་ཟླ་ ༧ ཚེས་ ༡༦ ཉིན་པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ (Wu Yingjie ) ཡིས་རྒྱ་སྒོར་ས་ཡ་ ༣༤༣ ལྷག་གི་ལྐོག་རྔན་བླངས་བའི་ནག་ཉེས་འོག་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད་པ་ཕྱིར་བསྒྲགས་བྱས། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༢ ཉིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་ཟུར་བ་སྐལ་བཟང་རྣམ་རྒྱལ་དང་། ཕྱི་ཟླ་ ༡༠ ནང་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཚན་པའི་ལས་མི་དང་འགན་འཛིན་གཞོན་པ་ཟུར་པ་བོད་མི་བསྟན་འཛིན།  ཕྱི་ཟླ་ ༢ ཚེས་ ༢༤ ཉིན་རྒྱ་ནག་གཞུང་གིས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་བོད་མི་བྱང་ཆུབ་དང་། ཁུལ་དཔོན་གཞོན་པ་ཆི་ཅིན་ཤིང་ (Qi Jianxin) བཅས་ཀྱིས་ཁྲིམས་འགལ་ཁེ་ཕན་བླངས་པ་དང་། རྒྱ་ནག་དམར་ཤོག་རིང་ལུགས་ལ་རྒྱབ་འགལ་དང་ཡིད་ཆེས་མེད་པ་སོགས་ཀྱི་ཉེས་མིང་འོག་གནས་དབྱུང་ཞིབ་བཤེར་བྱས། ཕྱི་ཟླ་ ༧ ཚེས་ ༨ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་གིས་ལྐོག་རྔན་རྒྱ་སྒོར་དུང་ཕྱུར་ ༢ དང་བྱེ་བ་ ༧། ས་ཡ་ ༡ ལྷག་བླངས་བའི་ནག་ཉེས་བཙུགས་ཏེ་སྲོག་ཁྲིམས་བཅད་ཡོད་ཀྱང་ལོ་གཉིས་རིང་ཕྱིར་འགྱངས་བྱས། ཕྱི་ཟླ་ ༣ པའི་ནང་བོད་རང་སྐྱོང་ལྗོངས་དམངས་ཆེན་གྱི་རྒྱུན་ལས་མགོ་ཁྲིད་གཞོན་པ་ཇི་གོ་ཀང་གིས་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱས། ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཁང་གི་མགོ་ཁྲིད་གཞོན་པ་ཝང་ཅུན་ཟེར་བས་སྒྲིག་ཁྲིམས་དང་འགལ་ཚབས་ཆེན་པོ་བྱས་པའི་དོགས་གཞིའི་འོག རྒྱ་ནག་དབུས་སྒྲིག་ཁྲིམས་དང་ལྟ་ཞིབ་ལྷན་ཁང་གིས་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བསྒྲགས།

མཉམ་འབྲེལ་དམག་སྦྱོང་དང་དམག་དོན་འགྲོ་གྲོན་འཕར་ཆ།  

ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༩ ཉིན་ཡུ་རོབ་ཀྱི་ས་མཚོ་གནམ་གསུམ་གྱི་དམག་དོན་དང་འབྲེལ་བའི་ཌི་ཧྥོར་ཁུ་རོ་སི་ (DEFCROS) གསར་ཁང་གིས་འཁོར་སྐར་ (satellite) བརྒྱུད་ལྟ་ཞིབ་བྱེད་སྐབས། རྒྱ་ནག་གཞུང་གིས་མཚོ་ངོས་ནས་མཐོ་ཚད་རྨི་ ༡༤༡༠༠ ལྷག་ཡོད་པའི་བོད་མངའ་རིས་སེངྒེ་ཁ་འབབ་གྲོང་རྡལ་ (Shi quan he) གྱི་ལྷོ་ཤར་རྒྱུད་ཀྱི་སྤྱི་ལེ་ ༡༠ ལྷག་གི་མཚམས་སུ། མི་མེད་དམག་དོན་མཁའ་གྲུ་ (unmanned aerial vehicle ) ཡི་ས་ཚིགས་ཤིག་གསར་འཛུགས་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།  རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་མཐའ་མཚམས་ཁུལ་དུ་དྲག་ཆས་ཕོན་ཆེན་དབོར་འདྲེན་བྱས་ཏེ་མཉམ་འབྲེལ་དམག་སྦྱོང་རྒྱུན་དུ་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༤ ཉིན་བོད་རང་སྐྱོང་ལྗོངས་དང་འཕགས་བོད་ས་མཚམས་ཁུལ་དུ་ཆེད་འཛུགས་བྱས་ཡོད་པའི་མཉམ་འབྲེལ་དམག་སྦྱོང་ཁུལ་དུ་དམག་རྩལ་དང་དྲག་པོའི་མེ་ཤུགས་འཕུར་མདེལ་འཕེན་གཏོང་། མི་མེད་འཕུར་གྲུར་གཏོར་རྒོལ་སོགས་ཀྱི་སྦྱོང་བརྡར་དང་ཚོད་ལྟ་རྒྱ་ཆེན་པོ་བྱས་ཡོད་པ་རེད།  ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༥ ཉིན་རྒྱ་ནག་སྐབས་ ༡༤ པའི་མི་དམངས་འཐུས་མིའི་ཚོགས་ཆེན་ (14th National People’s Congress) དང་། སྲིད་གྲོས་སྐབས་བཅུ་བཞི་བའི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་དམག་དོན་འགྲོ་གྲོན་ཐད་འཕར་ཆ་ཆེན་པོ་བྱས་ཡོད་པའི་ཐད་རྒྱ་ནག་གོ་ལའི་དུས་བབ་ཀྱི་གནས་ཚུལ་ནང་། ཕྱི་ལོ་ ༢༠༢༡ ལོར་རྒྱ་སྒོར་ཐེར་འབུམ་ ༡༣༥༥།༣༤༣ དང་། ཕྱི་ལོ་ ༢༠༢༢ ལོར་རྒྱ་སྒོར་ཐེར་འབུམ་ ༡༤༥༠།༤༥། ཕྱི་ལོ་ ༢༠༢༣ ལོར་རྒྱ་སྒོར་ཐེར་འབུམ་ ༡༥༥༣།༧། ཕྱི་ལོ་ ༢༠༢༤ ལོར་རྒྱ་སྒོར་ཐེར་འབུམ་ ༡༦༦༥། ༥༤། ཕྱི་ལོ་ ༢༠༢༥ ལོར་རྒྱ་སྒོར་ཐེར་འབུམ་ ༡༧༨༤།༦༦༥ གཏོང་འཆར་ཡོད་པ་བཀོད་འདུག

ལོ་རྒྱུས་མཁས་དབང་དང་སྒྱུ་རྩལ་བ་འདས་གྲོངས།

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༦ ཉིན་གྱི་མཚན་མོར་བོད་ནང་གི་ལོ་རྒྱུས་མཁས་དབང་དང་སློབ་དཔོན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་དགུང་ལོ་ ༩༦ སྟེང་སྐུ་གྲོངས་ཡོད་སྟབས། བོད་ནང་གི་རྩོམ་པ་པོ་དང་སྙན་ངག་པ། དེ་བཞིན་ཤེས་ཡོན་པ་མང་པོས་ཁོང་ལ་རྗེས་དྲན་དང་མྱ་ངན་ཞུས། མཁས་དབང་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ནི་ཕྱི་ལོ་ ༡༩༣༠ ལོར་བོད་རྒྱལ་མོ་ཚ་བ་རོང་གི་བཙན་ལྷར་སྐྱེས་ཤིང་། ཕྱི་ལོ་ ༡༩༧༧ ལོ་ནས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཕྱག་ལས་གནང་སྟེ་སློབ་དཔོན་ཆེན་མོའི་མཚན་གནས་ཐོབ། ཁོང་གི་བརྩམས་ཆོས་ནི་《བརྡ་དཀྲོལ་གསེར་གྱི་མེ་ལོང་།》དང་《རྒྱལ་རོང་ཞིབ་འཇུག་དཔྱད་ཡིག་ཕྱོགས་བསྒྲིགས།》 《  རྒྱལ་རོང་ཁ་སྐད་ཚིག་མཛོད》 《  ཨ་མདོའི་སྐད་དང་རྒྱལ་རོང་སྐད་དཔྱད་སྡུར་དབྱེ་ཞིབ།》 《 བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས།》 《 རྒྱལ་རོང་གི་ལོ་རྒྱུས་དང་རིག་གནས།》 རྒྱ་ཡིག་སོགས་དང་། འགྱུར་ཡིག་ལ《རླངས་ཀྱི་པོ་ཏི་བསེ་རུ།》དང《བཀའ་ཆེམས་དེབ་ཐེར།》 《 བོད་ཀྱི་ལོ་རྒྱུས་ཀུན་དགའ་མེ་ལོང་།》སོགས་དང་། གནའ་དཔེ་དཔེ་སྒྲིག་སྐོར་ལ《གེ་སར་སྒྲུང་བཤད་པ་རྣམ་བདུན》དང《གེ་སར་སྒྲུང་ཟངས་མདོག་དཔལ་རི།》 《 ཇོ་ནང་ཆོས་འབྱུང་།》 《 ཇོ་ནང་ཆོས་འབྱུང་གི་ལྷན་ཐབས།》སོགས་བོད་ཁམས་སུ་སྙན་གྲགས་ཆེན་པོ་རྒྱས་ཡོད་པ་རེད། ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༠ ཉིན་གྱི་སྔ་དྲོར་བོད་ཀྱི་གླུ་བ་གྲགས་ཅན་ལུ་གུ་རྒྱལ་ལགས་ནད་གཞིའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་ཅིང་།  ཁོང་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་དང་རྒྱ་ནག་རྒྱལ་ཡོངས་ཀྱི་རིག་གནས་སྒྱུ་རྩལ་རིག་རྩལ་ལྷན་ཚོགས་ཀྱི་རིམ་པ་དང་པོའི་སྒྱུ་རྩལ་པ་སོགས་ཡིན་ལ། བོད་ཡུལ་དུ་དམངས་ཁྲོད་གླུ་གཞས་ཀྱི་ཐད་ནས་སྙན་གྲགས་ཆེན་པོ་ཡོད་པ་རེད།

འབར་རྫས་ཀྱིས་ཁོར་ཡུག་གཏོར་སྐྱོན་དང་མི་མང་གི་སེམས་འཚབ།

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་བོད་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ། སྒྱུ་རྩལ་དང་རང་བྱུང་ཁོར་ཡུག་གི་དུས་སྟོན་ཟེར་བའི་མིང་འོག་ནས་རྒྱ་རིགས་སྒྱུ་རྩལ་བ་ཚའེ་གོ་ཆང་ (Cai Guo-qiang) ཟེར་བ་ཞིག་དང་། རྒྱ་ནག་གི་གྱོན་ཆས་བཟོ་ཚོང་ཁང་ (Arc’teryx)གཉིས་མཉམ་འབྲེལ་གྱིས་འབྲུག་དབྱིབས་སུ་ཚོན་མདངས་སྣ་ལྔའི་ཤོག་སྦག་ཕོན་ཆེན་སྤར་ཏེ་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ལ་གནོད་སྐྱོན་ཚབས་ཆེན་བཏང་བ་དང་། ཤོག་སྦག་གི་སྙིགས་རོ་རྣམས་གང་སར་གཡུགས་ནས་བཞག་པར་བརྟེན། ས་གནས་བོད་མི་དང་སྤྱི་ཚོགས་དྲ་ལམ་ནས་སྐྱོན་བརྗོད་ཤུགས་ཆེན་བྱས། ཕྱིས་སུ་རྒྱ་ནག་གཞུང་གིས་བྱ་སྤྱོད་དེ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་འགལ་ཡོད་པ་བརྗོད་དེ། རྒྱ་རིགས་སྒྱུ་རྩལ་བ་དང་གྱོན་ཆས་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་དང་། འབྲེལ་ཡོད་མགོ་འཁྲིད་ཁག་ཅིག་ལས་གནས་ནས་གནས་དབྱུང་བཏང་བའི་གནས་ཚུལ་བསྒྲགས། དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་བོད་མཚོ་སྔོན་མང་ར་རྫོང་མགོ་མང་གྲོང་རྡལ་གྱི་འབྲོག་སར་གློ་བུར་དུ་མེ་ཤུགས་འཕུར་མདའི་ལྷུ་ལག་ཅིག་ལྷུང་སྟེ་འབར་གས་ཆེན་པོ་བྱུང་ཡོད་སྟབས། ས་གནས་མང་ཚོགས་ཀྱིས་སེམས་འཚབ་ཆེན་པོས་བརྙན་པར་མང་པོ་བླངས་བ་དྲ་ལམ་དུ་ཁྱབ་ཡོད། རྒྱ་ནག་གཞུང་ཕྱོགས་ནས་དེ་ལ་གསལ་ཁ་གང་ཡང་བཟོས་མེད་ཀྱང་། ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གི་ཇོ་ཆན་( Jiuquan)འཁོར་སྐར་ལྟེ་གནས་ཁང་གིས་མེ་ཤུགས་འཕུར་མདེལ་བརྒྱུད་ (Shiyan-31  ) ཞེས་པ་ཚོད་ལྟ་བྱས་ཡོད་པ་དང་། འཕུར་མདལ་ལྷུ་ལག་དེ་ཚོད་ལྟ་དེ་ལས་བྱུང་བའི་གནས་ཚུལ་ཐོན།

གསར་འགོད་པ་དཔལ་ལྡན་གྱིས་ཕྱོགས་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

སྤེན་ཚེ་དང་སྐལ་རྡོར་གྱི་འགྲན་བསྡུར།

ཆུ་ཚོད་ ༢ སྔོན་ལ།
མོན་གྷོ་བོད་མི་སེར་སྐྱ་མི་མང་གིས་རྗེ་ཚེ་འཛིན་མའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༦།༡།༢༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

གདན་ས་ཆེན་མོ་དགའ་ལྡན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ས་གནས་སེར་སྐྱ་མི་མང་གིས་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

དགེ་ལུགས་སྤྱི་འཐུས་རྣམ་གཉིས་ཀྱིས་འགྱོད་བཤགས་དང་ཁས་ལེན་དམ་བཅའ་ཞུས་འདུག 

༢༠༢༦/༠༡/༢༠
Mobile App

མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།

༢༠༢༦/༠༡/༢༠
University students wearing graduation gowns take part in a photo-shooting session on the Potala Palace Square during a government-organised media tour to Lhasa, Tibet Autonomous Region, China June 1, 2021. Picture taken June 1, 2021. REUTERS/Martin Pollard/File Photo
Mobile App

རྒྱ་གཞུང་གིས་ ༢༠༢༥ ལོར་བོད་ཁུལ་ནས་སློབ་མ་ཁྲི་གཅིག་ལྷག་བསྡུས་ཏེ་རྒྱ་ནག་ནང་འཁྲིད་འདུག

༢༠༢༦/༠༡/༡༩
སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གི་ད་ལྟའི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༡།༡༥
Mobile App

བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས།

༢༠༢༦/༠༡/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese