དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གྲྭ་ཚང་གཉིས་དང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཐུན་མོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྗེ་ཚེ་འཛིན་མའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་འདུག
མོན་གྷོ་བོད་མི་སེར་སྐྱ་མི་མང་གིས་རྗེ་ཚེ་འཛིན་མའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༦།༡།༢༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
དེ་རིང་ཕྱི་ཚེས་ ༢༡ ཉིན་བྱེས་ཀྱི་ཆོས་སྡེ་ཆེན་པོ་དགའ་ལྡན་བླ་སྤྱིའི་ཚོགས་ཆེན་འདུ་ཁང་དུ། དགའ་ལྡན་བླ་སྤྱི་དང་ཤར་བྱང་གྲྭ་ཚང་གཉིས། དེ་བཞིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྗེ་ཚེ་འཛིན་མའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། བརྟན་བཞུགས་ཀྱི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག དེ་བཞིན་འབྲས་སྤུངས་དང་སྒོ་མང་གི་མཁན་པོ་དང་མཁན་ཟུར་སོགས་ཕེབས་ཡོད་འདུག དེ་བཞིན་༧གོང་ས་རྒྱལ་རིན་པོ་ཆེ་མཆོག་ནས་དགའ་ལྡན་གསེར་གདུང་ཁང་དང་། རྗེ་ཚད་འཛིན་པའི་སྐུ་བརྙན་ཧྥི་ཌི་ ༣༥ ཅན་ཞིག་དང་། ༧རྒྱལ་བའི་སྐུ་བརྙན་ཧྥི་ཌི་ ༢༥ ཅན་བཅས་དབུ་འབྱེད་དང་རབ་གནས་མཛད། མོན་གྷོ་འདོད་རྒུ་གླིང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཁམས་གསུམ་འགྲོ་བ་འདྲེན་པའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་རྩིབས་བརྒྱད་ཨིན་ཅི་ ༣༦ ཅན་གྱི་གཟེངས་རྟགས་ཤིག་ཕུལ་སོང་།
བརྟན་བཞུགས་བསྟར་འབུལ་སྐབས་མོན་གྷོ་འདོད་རྒུ་གླིང་གི་ས་གནས་མགོ་འཛིན་རིན་ཆེན་དབང་མོ་ལགས་ཀྱིས། འདི་ག་མོན་གྷོ་འདོད་རྒུ་གླིང་སེར་སྐྱ་མི་མང་ཐུན་མོང་ནས་༸མགོན་པོ་གང་ཉིད་ལ་དད་དམ་གཡོ་བ་མེད་ཅིང་། དང་བ་དང་ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ། བདག་སོགས་གདུལ་བྱ་རྣམས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པར་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་སུ་གསོལ་བ་དང་། ༸མགོན་པོ་གང་ཉིད་ཕྱི་ལུགས་དགུང་གྲངས་ ༩༠ ཐམ་པ་བཞེས་པའི་དུས་སྟོན་ཆེན་པོ་དང་བསྟུན། བསྟན་འགྲོ་སྤྱི་དང་། བྲེ་བྲག་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་མར་མེ་སྣུམ་ཟད་ལྟར་ཤིན་ཏུ་ཉག་ཕྲའི་དུས་སྐབས་སུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་མཛད་འགན་བདག་གིར་བཞེས་ཏེ་བཀའ་དྲིན་བླ་མེད་བསྐྱངས་དང་སྐྱོང་བཞིན་ཡོད་པར། འདི་གའི་གཞིས་ཆགས་སེར་སྐྱ་མི་མང་ཡོངས་ནས་དུས་ནམ་ཡང་བརྗེད་ཐབས་བྲལ་བས་བཀའ་དྲིན་སྙིང་བཅངས་ཞུ། ཞེས་ཞུས་སོང་།
མོན་གྷོ་བོད་མི་སེར་སྐྱ་མི་མང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཁམས་གསུམ་འགྲོ་བ་འདྲེན་པའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་རྩིབས་བརྒྱད་ཨིན་ཅི་ ༣༦ ཅན་གྱི་གཟེངས་རྟགས་ཤིག་ཕུལ། ༢༠༢༦།༡།༢༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
ཡང་ཁོང་མོས། ༧མགོན་པོ་གང་ཉིད་ཀྱི་བཀའ་དྲིན་གྱི་ཆ་ཤས་ཙམ་གསབ་པ། དུས་དང་རྣམ་པ་ཐམས་ཅད་དུ་དད་དམ་འགྱུར་བ་མེད་པའི་མཚོན་བྱེད་དུ། མོན་གྷོ་འདོད་རྒུ་གླིང་སེར་སྐྱ་མི་མང་ཐུན་མོང་ནས་རིན་ཆེན་དང་པོ་ཏོ་ལ་ ༣༦ དང༌། རིན་ཆེན་གཉིས་པ་ཀི་ལོ་ ༡༠ དང་ཏོ་ལ་ ༧ ལས་གྲུབ་པའི་ཁམས་གསུམ་འགྲོ་བ་འདྲེན་པའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་རྩིབས་བརྒྱད་ཨིན་ཅི་ ༣༦ ཅན་འདི་བཞིན་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་ཀྱི་ངོ་བོར་དད་དམ་གཡོ་བ་མེད་པའི་སྒོ་ནས་འབུལ་རྒྱུའི་གོ་སྐལ་བཟང་པོ་བདག་ཅག་རྣམས་ཀྱི་སྤྱི་བོའི་རྒྱན་དུ་སྨིན་སྩོལ་བྱུང་བར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང༌། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གང་ཉིད་ཚུལ་བསྟན་སྐུ་གེགས་ཀྱི་མཚན་མ་ཐམས་ཅད་དམིགས་མེད་དུ་ཞི་ཞིང་། སྐུ་ཚེ་བསྐལ་ཆེན་བྱེ་བ་མཐའ་མེད་བར་རིན་ཆེན་རྣམ་བཞིའི་ལྷུན་པོ་ལྟར་བཞུགས་སུ་གསོལ་བ་འདེབས་པ་ལགས་ན། མཁའ་མཉམ་ཡིད་ཅན་སྤྱི་དང་། བྲེ་བྲག་བདག་ཅག་གངས་ཅན་པ་རྣམས་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཚེ་རབས་ཀུན་ཏུ་འབྲལ་མེད་མཉེས་བཞིན་རྗེས་སུ་འཛིན་པ་བཅས་སྐྱབས་འཇུག་རྡོ་རྗེའི་རཱ་བའི་གུར་ཁང་ནས་ནམ་ཡང་འདོར་བ་མེད་པ་ཅི་ནས་ཀྱང་མཁྱཻན།ཞེས་གསོལ་འདེབས་ཞུས་སོང་།
མོན་གྷོ་བོད་མི་སེར་སྐྱ་མི་མང་གིས་རྗེ་ཚེ་འཛིན་མའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༦།༡།༢༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
ད་ལྟ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱར་གསལ་བའི་མཛད་འཆར་ལྟར་ན། ཕྱི་ཟླ་ ༢ ཚེས་ ༢༣ ཉིན་བཞུགས་སྒར་དྷ་སར་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་དང་། སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པ་གཉིས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།