རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཕྱི་ལོ་ ༢༠༢༥ ལོའི་གསར་འགོད་རང་དབང་གི་སྙན་ཐོའི་ནང་། རྒྱ་ནག་འདས་པའི་ལོ་གསུམ་བསྟུད་མར་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་ཡིན་པ་གསལ་བོ་བསྟན་འདུག

རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་མཐུན་ཚོགས་ཀྱིས། ཕྱི་ལོ་ ༢༠༢༥ ལོའི་གསར་འགོད་རང་དབང་གི་སྙན་ཐོ་འདོན་སྤེལ་བྱས་པ་ལྟར་ན། ཕྱི་ལོ་ ༢༠༢༥ ཡི་ལོ་མཇུག་བར་འཛམ་གླིང་ཡོངས་སུ་གསར་འགོད་པ་ཁྱོན་ ༣༣༠ བཙོན་འཇུག་བྱས་ཡོད་ཅིང་། གསར་འགོད་པ་བཙོན་འཇུག་བྱེད་དོན་གཙོ་བོ་ནི་འཛམ་གླིང་ནང་སྲིད་དབང་སྒེར་གཅོད་པ་དང་དམག་འཁྲུག་མང་དག་ཅིག་འབྱུང་བཞིན་ཡོད་པས་ཡིན་སྐོར་བརྗོད་འདུག་ལ། རྒྱ་ནག་ནི་ཕྱི་ལོ་ ༢༠༢༥ ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་ཡིན་པ་མ་ཟད། འདས་པའི་ལོ་གསུམ་བསྟུད་མར་གསར་འགོད་པར་དྲག་གནོན་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་དེ་ཡིན་འདུག
དེ་འབྲེལ་སྙན་ཐོའི་ནང་། ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གཞུང་གིས་གསར་འགོད་པ་ཁྱོན་ ༥༠ བཙོན་འཇུག་བྱས་ཏེ་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་པ་དང་། འབར་མའི་སྲིད་གཞུང་གིས་གསར་འགོད་པ་ ༣༠ བཙོན་འཇུག་བྱས་སྟབས་སྡུག་ཤོས་ཨང་གཉིས་པ། ཨི་ཟི་རལ་གྱིས་གསར་འགོད་པ་ ༢༩ བཙོན་འཇུག་བྱས་ཏེ་སྡུག་ཤོས་གསུམ་པ། ཨུ་རུ་སུས་གསར་འགོད་པ་ ༢༧ བཙོན་འཇུག་བྱས་ཏེ་འཛམ་གླིང་གི་རྒྱལ་ཁབ་སྡུག་ཤོས་ཨང་བཞི་བ་དང་། ཡུ་རོབ་ཀྱི་བྷེ་ལཱ་རོའུ་སུས་གསར་འགོད་པ་ ༢༥ བཙོན་འཇུག་དང་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་ཨང་ལྔ་པ་བཅས་ཆགས་འདུག་ལ། འཛམ་གླིང་ཁྱོན་ཡོངས་སུ་གསར་འགོད་པ་ ༣༣༠ བཙོན་འཇུག་བྱས་པའི་ཁྲོད། གསར་འགོད་པ་ ༡༡༠ ལོ་ལྔའི་ཡན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ལྟའང་ཁྲིམས་ཆད་འཁུར་མུས་ཡིན་པ་རེད།
འཛམ་གླིང་གི་སྲིད་གཞུང་འདྲ་མིན་གྱིས་གསར་འགོད་པ་བཙོན་འཇུག་བྱེད་པར་རྒྱུ་མཚན་སྣ་བགྲང་གི་ཡོད་པ་ལས། སྤྱིའི་ཆ་ནས་གསར་འགོད་པ་རྣམས་ལ་རྒྱལ་ཁབ་ཁ་བྲལ་དང་འཇིགས་སྐུལ་དྲག་སྤྱོད་པ་དང་འབྲེལ་བ། ཕྱིའི་རོགས་དངུལ་བླངས་པ་སོགས་ཀྱི་ཉེས་འཛུགས་བྱེད་བཞིན་ཡོད་པ་དང་། དམིགས་བསལ་གྱི་རྒྱ་ནག་དང་འབར་མ་སོགས་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་ཀྱི་རྒྱལ་ཁབ་དག་གིས། རང་གི་ཆབ་སྲིད་ཀྱི་ཁ་གཏད་གཅོག་མཁན་དང་གསང་བའི་གནས་ཚུལ་བརྒྱུད་སྤེལ་བྱས་པ། ཕྱིའི་གསར་འགོད་པར་འབྲེལ་བ་བྱས་ཡོད་ལུགས་སོགས་ཀྱི་སྐྱོན་འཛུགས་འོག་གསར་འགོད་པ་རྣམས་བཙོན་འཇུག་བྱས་དང་བྱེད་བཞིན་ཡོད་འདུག་ལ། འདས་ལོར་འཛམ་གླིང་ནང་གསར་འགོད་པ་ ༡༢༨ དཀྲོངས་པ་དང་ ༨༤ གར་སོང་ཆ་མེད་དུ་གྱུར་ཡོད།
རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་མཐུན་ཚོགས་ཀྱིས། སྲིད་གཞུང་ཁག་གིས་གསར་འགོད་པར་དྲག་གནོན་བྱེད་བཞིན་པའི་གནད་དོན་དེས་མི་སྒེར་དང་སྤྱི་ཚོགས་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། ལྐོག་ཟ་རུལ་སུངས་ཐེར་འདོན་བྱེད་མི་ཐུབ་པ་དང་དབང་ཆ་ལོག་སྤྱོད་མུ་མཐུད་ཡོང་བཞིན་པ་འདིས་ང་ཚོ་ཚང་མ་ཉེན་ཁའི་གནས་སུ་སྐྱེལ་ཡོད། ཅེས་བརྗོད་འདུག་པ་དང་། འདས་ལོར་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱིས་གསར་འགོད་པ་ ༡༧༥ ཙམ་བཙོན་འཇུག་ཁྲིམས་ཐག་མ་བཅད་པར་འཛིན་བཟུང་འོག་བཅུག་པ་དང་། དེ་དག་ལས་གསར་འགོད་པ་ ༤༥ ལྷག་ལ་ཁྲིམས་ཞིབ་ཀྱི་བརྒྱུད་རིམ་གང་ཡང་མེད་པའི་ཐོག་ནས་བཙན་གྱིས་ལོ་ལྔ་ལྷག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པས། བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་སྒྲིག་ཁྲིམས་དང་འགལ་ཡོད་པའི་གནད་དོན་ཞིག་ཏུ་གྱུར་ཡོད་འདུག
ཡང་སྙན་ཐོའི་ནང་། འདས་ལོར་འཛམ་གླིང་ཁྱོན་ཡོངས་སུ་གསར་འགོད་པ་ ༡༡༦ ཀློད་གྲོལ་ཐོབ་ཡོད་པ་དང་། རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་མཐུན་ཚོགས་ཀྱིས་ཨུ་རུ་སུ་དང་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ (Azerbaijan) གཉིས་ཀྱི་ནང་གི་བཙོན་འཇུག་འོག་ཡོད་པའི་གསར་འགོད་པ་ ༣༦ དང་དེ་བཞིན་རྒྱལ་ཁབ་གཞན་དུ་བཙོན་གྲོལ་ཐོབ་པའི་གསར་འགོད་པ་ ༢༩ ལ་སྨན་བཅོས་དང་འཚོ་བ། སེམས་ཁམས། ཁྲིམས་ཀྱི་རྒྱབ་རྟེན་སོགས་ཀྱི་ལམ་ནས་རོགས་རམ་བྱས་ཡོད་འདུག་ལ། རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་མཐུན་ཚོགས་ཀྱིས། ཕྱི་ལོ་ ༢༠༢༥ ལོའི་རྒྱལ་སྤྱིའི་གསར་འགོད་གཟེངས་རྟགས་དེ་རྒྱ་ནག་གི་གསར་འགོད་པ་ཏོན་ཡོ་ཡོ་(Dong Yuyu) ལགས་དང་ཊོ་ནེ་ཤི་ཡའི་གསར་འགོད་པ་སོ་ནེ་ཡ་དྷ་མ་ནེ་ (Sonia Dahmani) ལགས། བྷེ་ལཱ་རོའུ་སུའི་གསར་འགོད་པ་(Iryna Slaunikava) ཚུད་པའི་གསར་འགོད་པ་གཞན་བདུན་བཅས་ལ་ཕུལ་ཡོད་སྐོར་སོགས་བརྗོད་འདུག
རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་མཐུན་ཚོགས་ཀྱི་སྙན་ཐོར་གཞིགས་ན། ཕྱི་ལོ་ ༢༠༢༤ ལོ་དང་བསྡུར་ན། འདས་ལོར་གསར་འགོད་པ་བཙན་འཇུག་བྱས་པའི་གྲངས་འབོར་ཇེ་ཉུང་དུ་ཕྱིན་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ལོར་འཛམ་གླིང་ཁྱོན་ཡོངས་སུ་གསར་འགོད་པ་ ༣༨༤ བཙོན་འཇུག་དང་རྒྱ་ནག་གིས་གསར་འགོད་པ་ ༣༩ བཙོན་འཇུག་བྱས་ཡོད་སྟབས། རྒྱ་ནག་གིས་བཙོན་འཇུག་བྱས་པའི་གསར་འགོད་པའི་གྲངས་འབོར་མང་དུ་ཕྱིན་པ་གསལ་བོ་མངོན་ཡོད།
གསར་འགོད་པ། སྐལ་བཟང་སྦྱིན་པ།




