སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་བྱུང་མེད་ནའང་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུ་ཐབས་དང་བོད་དོན་ལ་ཤུགས་རྐྱེན་ཐེབས་ཐབས་སུ་བེད་སྤྱོད་གཏོང་བཞིན་ཡོད་སྐོར་སོགས་གསུངས་འདུག
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
ཁ་སང་དགོང་མོར་ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) སྟེང་དྲག་གནོན་དང་གདོང་ལེན། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་སོགས་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཅེས་པའི་ཚོགས་འདུའི་མཇུག་སྡོམ་མཛད་སྒོའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཇེ་ཕི་རི་ཨེབ་སི་ཊིན་(Jeffrey Epstein) ལ་མཇལ་ཁ་གཅིག་ཀྱང་བསྩལ་མྱོང་མེད་པ་དང་། རྒྱ་ནག་གཞུང་གིས་ཆེད་དུ་གནས་ཚུལ་རྫུན་བཟོ་བྱས་ཏེ་འཁྱོག་བརྗོད་བྱེད་ཀྱི་ཡོད་སྐོར་གསུངས་འདུག
སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ངས་གོ་སྐབས་འདི་བརྒྱུད་ནས་ད་ལྟ་འཛམ་གླིང་ནང་ཁྱབ་ཀྱི་ཡོད་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བའི་ཐད་ལ་གསལ་བཤད་ཅིག་བྱ་འདོད་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་ནི་ལྕགས་སྒོར་ཞིག་གི་ངོས་གཉིས་དང་མཚུངས་པས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུས་པ་ནི་བོད་དོན་ལའང་གནོད་འཚེ་ཚབས་ཆེན་ཐེབས་ཀྱི་ཡོད། བོད་དོན་ལ་དམའ་འབེབས་བྱས་པ་དེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཞེང་ཕྱོགས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པས། རྒྱ་ནག་གཞུང་གིས་རྒྱུན་འཁྱོངས་ཐོག་ནས་བྱ་སྤྱོད་དེ་དག་ལག་བསྟར་བྱེད་མུས་ཡིན་པ་རེད། ང་རང་ཉིན་ཤས་གོང་ཨ་རིར་ཡོད་སྐབས་ཀྱང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་བའི་གྷི་རེ་མི་རྒྱལ་སྤྱིའི་རོལ་དབྱངས་གཟེངས་རྟགས་ཐད་སྐད་ཆ་འདྲི་མཁན་མང་པོ་བྱུང་། མི་མང་པོ་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གྷི་རེ་མི་རྒྱལ་སྤྱིའི་རོལ་དབྱངས་གཟེངས་རྟགས་ཕུལ་བར་ཧང་སང་སང་བྱེད་ཀྱི་འདུག ད་ལྟ་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ཞིག་ཡོད་སྟབས། གལ་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཨོ་སི་ཁར་ (Oscar) གཟེངས་རྟགས་ཐོབ་པ་ཡིན་ན། ཁོང་ལ་འཛམ་གླིང་གི་གཟེངས་རྟགས་དང་མཚན་གནས་ཚང་མ་ཐོབ་ཡོད། ཅེས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གྷི་རེ་མི་རྒྱལ་སྤྱིའི་རོལ་དབྱངས་གཟེངས་རྟགས་ཐོབ་པ་དེའི་རྒྱབ་ལྗོངས་སུ། ༧མགོན་པོ་གང་ཉིད་ཀྱི་བྱམས་སྙིང་རྗེའི་གདམས་ངག་གཞིར་བཞག་གི་ཐོག་ནས། རྒྱ་གར་གྱི་རོལ་མོའི་སྒྱུ་རྩལ་བ་ཨམ་ཇཱ་ཐི་ཨ་ལི་ཁན་ (Amjad Ali Khan) ལགས་དང་ཀ་བྷིར་སེ་གྷལ་(Kabir Sehgal) ལགས་གཉིས་ཀྱིས་རྐང་འགན་ཁུར་ནས་བཟོ་བསྐྲུན་བྱས་པ་ཞིག་ཡིན་སྐོར་སོགས་གསུངས་སོང་།
ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇེ་ཕི་རི་ཨེབ་སི་ཊིན་གྱི་གནད་དོན་དང་འབྲེལ་ཏེ། ད་ལྟ་ཨེ་ཌི་ལེན་ཊིག་ལས་བརྒལ་ནས་ས་གནས་གཞན་དུའང་ཇེ་ཕི་རི་ཨེབ་སི་ཊིན་གྱི་ཡིག་ཚགས་དང་འབྲེལ་ནས་བགྲོ་གླེང་དང་གླེང་སློང་མང་པོ་ཞིག་འབྱུང་མུས་ཡིན་འདུག་ལ། ད་ལྟ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུ་བའི་ལས་དོན་ཆེས་ཐོག་མར་རྒྱ་ནག་ནས་བྱུང་ཡོད། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཇེ་ཕི་རི་ཨེབ་སི་ཊིན་དང་མཇལ་འཕྲད་གནང་ཡོད་ལུགས་དང་། ཇེ་ཕི་རི་ཨེབ་སི་ཊིན་ལ་ཐུག་འཕྲད་བྱ་དགོས་དོན་ནི་སྒོར་མོ་སློང་ཆེད་ཡིན་ལུགས་བཤད་ཡོད་ཀྱང་། གནད་དོན་དེ་རིགས་ནི་གཞི་རྩ་གཏན་ནས་མེད་པ་ཞིག་རེད། ཉིན་གྲངས་གསུམ་གྱི་གོང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕོ་བྲང་གིས་དེ་དང་གསལ་བསྒྲགས་སྤེལ་བའི་ནང་དུ། ༧གོང་ས་རྒྱལ་བ་རྒྱལ་བ་རིན་པོ་ཆེ་མཆོག་ནས་ད་བར་ཇེ་ཕི་རི་ཨེབ་སི་ཊིན་དང་མཇལ་འཕྲད་གནང་མྱོང་མེད་པ་མ་ཟད། བཀའ་མོལ་སོགས་ཀྱང་བྱུང་མེད་སྐོར་གསུངས་ཡོད་ལ། ང་ཚོས་(དབུས་བོད་མིའི་སྒྲིག་འཛུགས།) ཚོགས་པ་ཟུར་འཛུགས་བྱས་ཏེ་དངོས་ཡོད་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱེད་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཇེ་ཕི་རི་ཨེབ་སི་ཊིན་མཇལ་འཕྲད་གཏན་ནས་གནང་མྱོང་མེད་པ་ཤེས་རྟོགས་བྱུང་ཡོད། དེ་ནི་དངོས་ཡོད་ཀྱི་བདེན་པ་ཡིན་ནའང་། རྒྱ་ནག་གཞུང་གིས་གློག་འཕྲིན་གྱི་པར་གཅིག་པུ་བེད་སྤྱད་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུ་ཡི་ཡོད་པ་རེད། ཅེས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ལ་ཇེ་ཕི་རི་ཨེབ་སི་ཊིན་གྱི་རོགས་དངུལ་གང་ཡང་བྱུང་མྱོང་མེད་ལ། ཁོས་མི་མང་སྟོང་ཕྲག་གི་དཀྱིལ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ཉན་ཡོད་མེད་ཤེས་རྟོགས་གང་ཡང་མ་བྱུང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ནང་པའི་དགེ་སློང་ཞིག་ཡིན་སྟབས། ས་གནས་གང་དང་གང་དུ་ཕེབས་ཀྱང་འགྲོ་སོང་ལས་ལྷག་པའི་དངུལ་སྒོར་བྱུང་བ་ཐམས་ཅད་ངལ་སེལ་དང་ཐེབས་རྩྭ་སོགས་ལ་ཞལ་འདེབས་སུ་འབུལ་གྱི་ཡོད་སྐོར་སོགས་གསུངས་སོང་།
དེང་སྐབས་སྤྱི་ཚོགས་དྲ་ལམ་ཁག་ཏུ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སྤེལ་གནང་བའི་བསྒྲགས་གཏམ་རྫུན་བཟོ་དང་ཡིག་འཁྱམ་རིགས་མང་པོ་ཞིག་འགྲོ་བཞིན་ཡོད་པའི་ཐད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྐུ་སྒེར་གྱི་སྤྱི་ཚོགས་དྲ་ལམ་སྟེང་། ངས་མི་ཚང་མར་གཞུང་འབྲེལ་ཡིག་ཆ་རྫུན་བཟོ་དང་ཁྱབ་སྤེལ་མི་བྱ་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན། ཁུངས་མེད་ཀྱི་ཆ་འཕྲིན་རྫུན་སྤེལ་བྱས་པ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙོན་འཛུགས་བྱེད་སླད་རེད། དེ་བཞིན་བོད་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་མདོག་གིས། ཆ་འཕྲིན་རྫུན་མ་ཁྱབ་སྤེལ་བྱེད་མཁན་འགའ་ཞིག་ཡོད་པའང་ཤེས་རྟོགས་བྱུང་། ལྐོག་ཇུས་འདི་དག་ངོས་འཛིན་བྱས་ཏེ་བཟོད་སྒོམ་མེད་པར་ཁ་གཏད་གཅག་དགོས། འདྲ་པར་གསུམ་པ་དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕོ་བྲང་ནས་བཏོན་པའི་གསར་འགོད་གསལ་བསྒྲགས་དངོས་ཡིན་པས། དེ་ནི་དངོས་གཞི་དང་གཞུང་འབྲེལ་ཡིན། ཞེས་གསུངས་འདུག
དེ་བཞིན་ཁ་སང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཚོགས་པ་ཟུར་འཛུགས་ཀྱིས་གནད་དོན་དེར་རྒྱུས་ལོན་དང་ཞིབ་འཇུག་བྱས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙོན་འཛུགས་དང་མཚན་སྨོད་ཞུས་པ་དེར་དགག་ལན་ཞིག་སྤེལ་བ་ལྟར་ན། ཨེབ་སི་ཊིན་གྱི་ཡིག་ཚགས་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་ (Dalai Lama) ཞེས་ཐེངས་ ༡༥༤ ཙམ་དང་ (Dalai) ཞེས་ཐེངས་ ༥༩ ཙམ་བཀོད་ཡོད་ཅིང་། དེ་ནི་གཙོ་བོ་ཡིག་ཆ་བསྐྱར་བཟློས་བྱས་པ་ཞིག་ཡིན་པས་ཡིག་ཆ་ངོ་མ་ཁག་ཟུར་འདོན་གྱིས་ཞིབ་འཇུག་བྱས་པ་བརྒྱུད་ (Dalai Lama) དང་ (Dalai) ཞེས་ཐེངས་ ༥༩ དང་། (Dali Lama) ཞེས་ཐེངས་ ༩ བཀོད་ཡོད་པས། དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཞི་མེད་སྙོན་འཛུགས་གྱིས་གསར་འགྱུར་རྫུན་སྤེལ་བྱས་པ་ཞིག་ཡིན་སྐོར་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་དཔལ་འབྱོར་གསར་ཁང་(The Financial Express) གིས་ཞིབ་འཇུག་གཏན་ནས་མ་བྱས་པར་དངོས་བདེན་མིན་པའི་གསར་འགྱུར་ཁྱབ་སྤེལ་བྱས་ཡོད་པས་གསར་ཁང་དེའི་རྩོམ་སྒྲིག་པར་གསལ་འདེབས་ཀྱི་ཡི་གེ་བཏང་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།