ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ད་ལྟའི་ཆར་བཙན་བྱོལ་བོད་མིའི་དམའ་རིམ་འཛིན་གྲྭའི་ནང་དུ་སློབ་ཕྲུག་ཉུང་ཉུང་ལས་མེད་པས་སློབ་ཁྲིད་གནང་ཕྱོགས་ཐད་ཐབས་ཤེས་བྱ་དགོས་པ་གལ་ཆེན་པོ་རེད་ཅེས་བརྗོད།

ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༡ བར་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་ ༡༣ པ་འཚོགས་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། ཤེས་ལྷན་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས། དྷ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་ངག་དབང་ལྷ་མོ་ལགས། མ་སུ་རི་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་འབུམ་རམས་པ་པ་སངས་དོན་གྲུབ་ལགས། སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས། བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལྷག་པ་ཚེ་རིང་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། སྒང་ཏོག་དཔལ་ཁང་སློབ་གཉེར་ཁང་གི་སློབ་སྤྱི་ཉི་མ་དོན་གྲུབ་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག
ཐེངས་འདིའི་ཚོགས་འདུའི་སྐོར་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། སྤྱིར་ལོ་རེར་ཤེས་ཡོན་ལྷན་ཚོགས་ཐེངས་གཉིས་རེ་འཚོགས་ཡོད་ཀྱང་། བར་སྐབས་ནས་མང་ཤོས་ལོ་རེར་ཐེངས་གཅིག་འཚོགས་འདུག ང་རང་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས་ནས་ཚོགས་འདུ་ཐེངས་དང་པོ་དེ་ཆགས་ཡོད། བཙན་བྱོལ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་འདི་ཧ་ཅང་གལ་ཆེན་པོ་རེད། ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་ནང་བོད་པའི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་གྲངས་མང་པོ་ཡོད་ཀྱང་། བོད་པ་རང་ཉིད་ཀྱི་སློབ་ཕྲུག་གི་གྲངས་ ༨༠༠༠ ཡས་མས་ལས་མི་འདུག བོད་པའི་སློབ་ཕྲུག་རྣམས་ལ་བོད་པའི་ངོ་བོ་མཚོན་ཐུབ་པར་བོད་ཀྱི་སྐད་དང་ཡི་གེ་ལ་བརྟེན་པའི་ལེགས་བྱང་སྤྲོད་རྒྱུ་དེ་རེད། ལེགས་བྱང་དེ་དག་སློབ་གྲྭ་ནང་སྤྲོད་བཞིན་ཡོད་པ་རེད། ལེགས་བྱང་གི་ཤེས་ཡོན་དང་མཐུན་རྐྱེན་ཚང་མ་ཤེས་ཡོན་ལྷན་ཚོགས་ནས་གནང་གི་ཡོད། དེ་བཞིན་ཐེངས་འདིའི་ཚོགས་འདུའི་ཐོག་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལག་བསྟར་ལ་གྲུབ་འབྲས་ཐོན་ཡོད་མེད་དང་། གདོང་ལེན་བྱེད་ཕྱོགས། བོད་པའི་སྤྱི་ཚོགས་ཁྲོད་གོ་རྟོགས་སྤེལ་ཕྱོགས་སོགས་བགྲོ་གླེང་བྱས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་དགེ་བཤེས་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ཀྱིས། བོད་ཀྱི་སྐད་དང་ཡི་གེ་བོད་པའི་སྤྱི་ཚོགས་ནང་དུ་རྒྱུན་གནས་ཐུབ་པ་ཙམ་མ་ཟད། དེའི་ཐོག་ནས་བོད་ཀྱི་ལེགས་བྱང་སོགས་རྒྱུན་འཛིན་བྱེད་པར་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་ཡོད་པ་དང་། ལོ་རེེའི་ཤེས་ཡོན་ལྷན་ཚོགས་ནང་བོད་ཀྱི་སྐད་ཡིག་ཡར་རྒྱས་ཐོག་གྲོས་ཆོད་བཞག་པ་ལྟར། སློབ་གྲྭ་ཁག་ཏུ་ཤེས་ཡོན་སྲིད་བྱུས་ཐོག་གང་ཐུབ་ཀྱིས་ལག་བསྟར་གནང་བཞིན་པ་དང་མཉམ་དུ་སློབ་ཕྲུག་ཀྱི་འཕྲོད་བསྟེན་དང་བཟང་སྤྱོད་ཡར་རྒྱས་གཏོང་དགོས་པ་དང་། སྤྱི་ཚོགས་དྲ་ལམ་བེད་སྤྱོད་མང་པོ་བྱས་པའི་རྐྱེན་གྱིས་དགོན་སྡེ་ཁག་ཏུ་ཤེས་ཡོན་ཐོག་འཐུས་ཤོར་ཆེན་པོ་ཞིག་འགྲོ་བཞིན་པ་གསལ་བོ་ཡིན་སྐོར། དེ་བཞིན་བོད་པའི་ཤེས་ཡོན་གྱི་སྡེ་ཚན་ཁག་ཏུ་བོད་མི་རྣམས་ཀྱི་ཆེད་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཡར་རྒྱས་གཏོང་བར་མཐུན་རྐྱེན་བསྐྲུན་དགོས་པ་དང་། ཤེས་ཡོན་ཚོགས་འདུའི་གྲོས་ཆོད་ཀྱི་དགོངས་དོན་ཁག་དངོས་སུ་ལག་བསྟར་གནང་བར་འབད་བརྩོན་བྱ་དགོས་སྐོར་སོགས་བརྗོད་སོང་།
ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱིས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་ཆེན་འདི་ཧ་ཅང་གལ་ཆེན་པོར་བརྩི་བཞིན་ཡོད་ཅིང་། འདས་པའི་ཤེས་ཡོན་ཚོགས་ཆེན་ཁག་གི་གྲོས་ཆོད་ལ་གཞི་བཞག་སྟེ་སློབ་གྲྭ་ཁག་གི་སློབ་དེབ་དང་། བསླབ་གཞི་རྩ་འཛིན་དུས་ཐོག་བསྒྱུར་བཅོས་བཏང་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་སློབ་གསོའི་ཤུགས་རྐྱེན་མ་ཐེབས་པའི་ཆེད་དུ་བོད་པ་རང་ཉིད་ཀྱིས་བཟོས་པའི་བྱིས་པའི་འགུལ་རིས་བརྙན་འཕྲིན་ཐོན་རིམ་མང་པོ་དང་། བྱིས་པའི་ཀློག་རྩལ་ཡར་རྒྱས་ཆེད་བྱིས་སྒྲུང་།གཞི་རིམ་བར་མའི་ཆེད་དུ་བོད་ནས་ཐོན་པའི་བརྩམས་སྒྲུང་གྲངས་ ༢༠ པར་སྐྲུན་བྱས། དེ་བཞིན་སཱིའི་ཤེས་ཡོན་སློབ་གསོ་སོགས་ཀྱི་ཐོག་ནས་ཕྲུ་གུའི་ཤེས་ཡོན་ཡར་རྒྱས་གཏོང་ཆེད་འབད་བརྩོན་བྱེད་མུས་ཡིན། ཞེས་དང་། ང་ཚོས་བོད་ཀྱི་སྐད་ཡིག་ཡར་རྒྱས་ཆེད་དམའ་རིམ་གྱི་སློབ་ཕྲུག་རྣམས་ལ་དོ་སྣང་བྱེད་བཞིན་ཡོད་ཀྱང་། གཞི་རིམ་བར་མ་ནས་བོད་ཀྱི་སྐད་ཡིག་ཐོག་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་ཤེས་དགོས་ཀྱི་འདུག གཞི་རིམ་བར་མའི་སློབ་ཕྲུག་རྣམས་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་བར་གདོང་ལེན་ཞིག་བྱ་དགོས་ཀྱི་འདུག སློབ་སྟོན་ཚོགས་ཆུང་གི་ངོས་ནས་གཞི་རིམ་འོག་མའི་ཆེད་དུ་ཀློག་དེབ་བོད་བསྒྱུར་དང་གསར་རྩོམ་སོགས་ཀྱི་ཐད་ལམ་སྟོན་གནང་རོགས་ཞུ་རྒྱུ་ཡིན། བོད་པའི་སྤྱི་ཚོགས་ནང་དུ་ཕྲུ་གུ་ཉུང་དུ་ཕྱིན་པ་དང་བསྟུན་ནས་དམའ་རིམ་གྱི་འཛིན་གྲྭའི་ནང་དུ་སློབ་ཕྲུག་ཉུང་ཉུང་ལས་མེད་པས། ད་ལྟའི་སློབ་ཕྲུག་གི་གྲངས་ཀའི་རྐྱེན་གྱིས་སློབ་ཁྲིད་ཚད་ལྡན་བྱེད་ཐུབ་ཀྱི་མེད་ལ། སློབ་གྲྭའི་རྒྱུན་གྲོན་ཐོག་ཏུའང་དཀའ་ངལ་འཕྲད་ངེས་རེད། དེ་བས་སློབ་ཕྲུག་མཉམ་བསྲེས་ཀྱི་ཐོག་ལ་བསླབ་གཞི་རྩ་འཛིན་བཟོ་ཐུབ་མིན་ཐོག་དགོངས་པ་བཞེས་དགོས་པ་ཞིག་རེད། བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས་ནས་ཕྲུ་གུ་ཉུང་དུ་འགྲོ་བཞིན་ཡོད་པར་སློབ་གྲྭ་ཟླ་སྒྲིལ་གཏོང་ཕྱོགས་ལམ་སྟོན་ཡོད་ཀྱང་། ད་ལྟའི་ཆར་དམའ་རིམ་འཛིན་གྲྭའི་ནང་དུ་སློབ་ཕྲུག་ཉུང་ཉུང་ལས་མེད་པས་སློབ་ཁྲིད་གནང་ཕྱོགས་ཐད་ཐབས་ཤེས་བྱ་དགོས་པ་གལ་ཆེན་པོ་རེད། དེ་བཞིན་ཡོང་རྒྱུ་བསྡད་པའི་ལོ་བཅུ་གྲངས་ཀྱི་ནང་དུ་ཕྱི་རྒྱལ་དུ་ཡོད་པའི་གཟའ་མཇུག་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།
ཐེངས་འདིའི་ཤེས་ཡོན་ལྷན་ཚོགས་ཐོག་འདས་ལོའི་གྲོས་ཆོད་ལག་བསྟར་ཇི་གནང་བསྐྱར་ཞིབ་དང་། གཞི་རིམ་བར་མ་ནས་བོད་ཡིག་ལ་དོ་སྣང་ཉམས་རྐྱེན་དང་ཤེས་ཚད་ཡར་རྒྱས་གཏོང་ཕྱོགས། བོད་སློབ་ཁག་ཏུ་སློབ་འཇུག་ཡོང་ཐབས་སྐོར། ཕྱི་རྒྱལ་སློབ་ཕྲུག་རྣམས་རྒྱ་གར་གྱི་བོད་སློབ་ཁག་ཏུ་སློབ་འཇུག་བྱེད་ཕྱོགས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕ་མས་ཕྲུ་གུ་སྐྱེད་སྲིང་བྱེད་ཕྱོགས། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་པར་བསྐྱར་ཞིབ་དང་གོ་རྟོགས་སྤེལ་ཕྱོགས་སོགས་ཀྱི་ཐོག་བགྲོ་གླེང་གནང་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།





