ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་ཚོགས་འདུ་ཐེངས་ ༣༣ པ་རྒྱ་ནག་ཧྲིན་ཀྲིན་དུ་འཚོགས་པ་དང་སྟབས་བསྟུན་ལོ་རྒྱུས་ཐོག་ཨ་རྒྱ་ར་གསུམ་གྱི་མགོ་ཁྲིད་ཐེངས་དང་པོ་ལྷན་གཅིག་ཏུ་ཐུག་འཕྲད་བྱས་ནས་བསྒྲགས་གཏམ་སྤེལ།

ཕྱི་ཟླ་༡༡ ཚེས་ ༡༨ ནས་ ༡༩ བར། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་(Asia-Pacific Economic Cooperation) ཀྱི་མགོ་ཁྲིད་ཚོགས་འདུ་ཐེངས་ ༣༣ པ་རྒྱ་ནག་གི་གྲོང་ཁྱེར་ཧྲིན་ཀྲིན་དུ་འཚོགས་ཡོད་འདུག ཚོགས་འདུ་དེའི་བརྗོད་དོན་གཙོ་བོ་ནི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་བཙུགས་ནས་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པ་དེ་རེད་འདུག
ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༩ ཉིན། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་། ཨུ་རུ་སུའི་མགོ་ཁྲིད་པུ་ཊིན། ཨ་རིའི་མགོ་ཁྲིད་ཊོམ་ཕུ་སོགས་ཧྲིན་ཀྲིན་དུ་མཇལ་འཕྲད་གནང་སྟེ། ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་ལ་གྲོས་མོལ་བྱས་འདུག་པ་དང་། གྲོས་མོལ་གྲུབ་རྗེས་རྒྱལ་ཁབ་གསུམ་གྱིས་གྲོས་མོལ་གྱི་གྲུབ་དོན་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག
གཅིག རྒྱ་ནག་དང་། ཨུ་རུ་སུ། ཨ་རི་བཅས་རྒྱལ་ཁབ་གསུམ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་གཏན་འཇགས་ཚོགས་མིའི་རྒྱལ་ཁབ་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་བྱས་ཏེ། འཛམ་གླིང་རང་བཞིན་གྱི་དཀའ་ངལ་ལ་ནུས་པ་དང་ལྡན་པའི་ཐོག་ནས་གདོང་ལེན་དང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པའི་གཞི་རྩའི་ལས་འགན་སྒྲུབ་པར་བརྩོན་ལེན་བྱ་རྒྱུ་ཡིན།
གཉིས། རྒྱལ་ཁབ་གསུམ་གྱིས་རྒྱལ་ཁབ་ཡོངས་ལ་ཕན་པའི་ཆེད་དུ་རྡོ་སྣུམ་བཙོ་སྦྱངས་ཐོན་རྫས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད་ཚད་མཐོ་རུ་གཏང་རྒྱུའི་འཆར་གཞི་འདིང་བ་དང། ནུས་ཤུགས་ཀྱི་དགོས་མཁོ་དུས་ཐོག་ཏུ་སྐོང་ཐུབ་པའི་གལ་ཆེན་རང་བཞིན་ནན་བརྗོད་བྱས་ཡོད།
གསུམ། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་ཚོས་སོ་སོའི་རྒྱལ་ཁབ་ཀྱི་དཔོན་རིགས་རྣམས་ལ་ཁྲིམས་ཐོག་ནས་ཉེས་འཛུགས་མི་ཆོག་པའི་ཐོབ་ཐང་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱས་ཏེ། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་དང་དེ་འདྲའི་སྒྲིག་འཛུགས་གཞན་དག་གིས་ཁྲིམས་འཛིན་དབང་ཆ་ལོག་སྤྱོད་བྱེད་མི་ཆོག་པའི་ཐད་ནས་མོས་མཐུན་བྱས་འདུག
བཞི། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་ཚོས་རྡུལ་ཕྲན་དམག་འཁྲུག་བརྒྱབ་ཀྱང་རྒྱལ་ཁ་ཐོབ་མི་ཐུབ་ལ། ནམ་ཡང་འཐབ་མི་རུང་བ་ནན་བརྗོད་བྱས་པ་དང་། རྡུལ་ཕྲན་གྱི་ཉེན་ཁ་ཆུང་དུ་གཏོང་བ། རྡུལ་ཕྲན་འཕེལ་རྒྱས་ཚོད་འཛིན་བྱེད་དགོས་པའི་སྐོར་ལ་གྲོས་མོལ་བྱ་རྒྱུ་ཡིན། ཞེས་བཀོད་འདུག
ཐེངས་འདིའི་སྟོབས་ཆེན་རྒྱལ་ཁབ་གསུམ་གྱི་ཐུག་འཕྲད་སྐབས་གཙོ་བོ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། རྡོ་སྣུམ་དང་རྡུལ་ཕྲན་སོགས་ཀྱི་གནད་དོན་གྲོས་བསྡུར་བྱས་པ་ལས་བསྒྲགས་གཏམ་ནང་ར་ཡུ་གཉིས་ཀྱི་དམག་འཁྲུག་དང་། ཨི་རན་དང་འབྲེལ་བའི་རྙོག་གྲ། རྒྱལ་ཁབ་གསུམ་གྱིས་རྡུལ་ཕྲན་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་དུས་ཚོད། དེ་བཞིན་བོད་དང་འབྲེལ་བ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་གང་ཡང་གསལ་མི་འདུག
ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་ཕྱི་ལོ་ ༡༩༨༩ ཟླ་ ༡༡ ཚེས་ ༦ ནས་ ༧ བར་ཚོགས་མགོ་བཙུགས་ཤིང་། རྒྱལ་ཁབ་ཁག་ ༢༡ གིས་གྲུབ་པའི་དཔལ་འབྱོར་མཉམ་ལས་ཀྱི་ཚོགས་པ་ཞིག་རེད། དེའི་ཁྲོད་ཨོ་གླིང་དང་། བྷ་རུ་ནེ (Brunei) ། ཁ་ན་ཌ། ཆི་ལི། རྒྱ་ནག།ཧོང་ཀོང་། ཨིན་ཌོ་ནེ་ཤི་ཡ། ཉི་ཧོང་། ལྷོ་ཀོ་རི་ཡ། མ་ལའེ་ཤི་ཡ། མེག་སི་ཁོ། ནེའུ་ཛི་ལེན་ཌི། པ་པུ་ཝ་ནེའུ་གི་ནི་(Papua New Guinea) ། ཕེ་རུ། ཧྥི་ལི་པེན་སི། ཨུ་རུ་སུ། སིང་གྷ་པུར། ཐའེ་ཝན། ཐའེ་ལེན་ཌི། ཨ་རི། ཝའེ་ཐི་ནམ་བཅས་ཀྱི་རྒྱལ་ཁབ་ཡོད་འདུག དེ་ནི་འཛམ་གླིང་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༣༦ ཙམ་ཟིན་ཡོད་པ་དང་། འཛམ་གླིང་དཔལ་འབྱོར་ཐོན་སྐྱེད་སྡོམ་འབོར་བརྒྱ་ཆ་ ༦༠ ལྷག་ཟིན་ཡོད། འཛམ་གླིང་སྤྱིའི་ཚོང་འབྲེལ་ཕྱེད་ཀ་ཟིན་གྱི་ཡོད་འདུག
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།




