མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱོད་ཀྱིས་ད་ལོའི་ལོ་གསར་གཏོང་རྒྱུ་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp


བོད་ཆུ་འབྲུག་ལོའི་ལོ་གསར་གཏོང་མིན་ཐོག་བོད་རིགས་སེར་སྐྱ་ཁག་ཅིག་ལ་བཅར་འདྲི་ཞུས་པར། ཁག་ཅིག་གིས་ལོ་གསར་སྐབས་ཐུགས་སྤྲོ་གཏོང་མི་འོས་པ་མྱ་ངན་ཞུ་དགོས་པ་དང་། ཡང་ཁག་ཅིག་གིས་བོད་ཀྱི་ལོ་གསར་ནི་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དང་
(Christmas)འདྲ་མཚུངས་ཡིན་སྟབས་ལོ་གསར་གཏོང་སྐོར་བརྗོད་ཡོད་འདུག  

འདི་ལོར་བོད་ནང་བོད་མི་ ༡༡ ཙམ་གྱིས་བོད་ལ་རང་དབང་དགོས་པ་དང་༧གོང་ས་མཆོག་བོད་ལ་གདན་ཞུ་དགོས་པའི་འབོད་ཚིག་བསྒྲགས་ཏེ་རང་ལུས་མེར་བསྲེགས་བཏང་ཡོད་ལ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཉེ་ཆར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ད་ལོ་བོད་ཆུ་འབྲུག་ལོའི་ལོ་གསར་མི་གཏོང་རྒྱུའི་གསལ་བསྒྲགས་དང་། ལོ་གསར་ལ་སྤྲོ་སྐྱིད་གཏོང་རྒྱུའི་ཚབ་ཏུ་བོད་རྒྱལ་ཁབ་འཛུགས་སྐྲུན་གྱི་མ་དངུལ་བསྡུ་རུབ་ཐོག་ཞལ་འདེབས་གནང་སྦྱིན་ཡོང་བའི་འབོད་སྐུལ་ཞུས་ཡོད་སྟབས། འདི་གའི་གསར་འགོད་པས་ངྷ་ས་ཁུལ་གྱི་སེར་སྐྱ་མི་མང་ལ་བསམ་ཚུལ་བསྡུས་ཡོད།



རང་ལོ་ ༢༧ ཡིན་པའི་ངྷ་སའི་ཚོང་པ་བསྟན་འཛིན་དཀོན་མཆོག་ལགས་ཀྱིས་བརྗོད་དོན།  “ ང་རང་གིས་བསམ་ན་ད་ལོའི་ལོ་གསར་འདི་གཏོང་དགོས་ཀྱི་འདུག བོད་ཀྱི་ལོ་གསར་འདི་སྔོན་མ་ནས་རྒྱུན་མ་ཆད་པར་གཏོང་བཞིན་ཡོད་ལ། ལོ་གསར་ནི་བོད་ཀྱི་རིག་གཞུང་གི་ཆ་ཤས་ཤིག་རེད། ལོ་གསར་སྐབས་མི་མང་པོ་འཛོམས་ན་བོད་ཀྱི་གནས་སྟངས་ཤེས་རྟོགས་ཡོང་རྒྱུར་ཕན་གྱི་རེད། བོད་ཀྱི་ལོ་གསར་ནི་དབྱིན་ཇིའི་ (Christmas)ནང་བཞིན་བོད་པ་ཚོར་རྩ་ཆེན་པོ་ཆགས་ཡོད། ཕྱི་རྒྱལ་ལུང་པའི་ནང་དཀའ་ངལ་ག་ཚོད་བྱུང་ཡང་ཁིར་སཱི་ཊི་མཱ་སཱི་གཏོང་གི་མིན་ལབ་མཁན་ཡོད་པ་མ་རེད། མི་རིགས་གཞན་པ་ཚོས་ཀྱང་ལོ་གསར་དང་དུས་ཆེན་ཁག་སྲུང་གཙི་ཞུ་བཞིན་ཡོད་དུས། བོད་པ་ཚོས་ཀྱང་ལོ་གསར་གཏོང་དགོས་པ་རེད་དྲན་གྱི་འདུག དེ་སྔོན་ཡང་བོད་ཀྱི་ལོ་གསར་ཐེངས་ཁ་ཤས་ལ་མེད་པ་བཟོས་པ་རེད། བོད་ནང་མི་མང་པོ་ཞིག་གྲོངས་པ་དེར་བོད་མི་ཚང་མའི་སེམས་ལ་སྡུག་བསྔལ་ཡོད་པ་རེད། སྡུག་བསྔལ་དེ་སོ་སོའི་སེམས་ལ་ཉར་དགོས་པ་རེད། གཞན། ལོ་གསར་མ་གཏོང་ལབ་ནའང་། བོད་པ་ཚོས་སོ་སོའི་ཁྱིམ་དུ་ཁུ་སིམ་མར་ལོ་གསར་གཏོང་གི་རེད། སྐབས་དེར་ཁྱིམ་དུ་མི་མང་པོ་འཛོམས་ཏེ་ཐུགས་སྤྲོ་བཏང་། རྩེད་མོ་གཡེང་ནས་སྐྱིད་པོ་གཏོང་གི་རེད། ངས་བལྟས་ན། ལོ་གསར་ཚེས་གཅིག་ལ་བོད་ཆས་གྱོན་ཏེ་མཆོད་མཇལ་ལ་འགྲོ་བ་དང་། མི་མང་འདུ་འཛོམས་བྱུང་བ་སོགས་བྱས་ན་དེ་ཡང་བོད་པ་རང་གི་ཁྱད་ཆོས་རྒྱུན་འཛིན་གྱི་ལས་འགུལ་ཞིག་རེད་དྲན་གྱི་འདུག དེང་སང་འཛམ་གླིང་རྒྱལ་ཁབ་ཁག་ཏུ་ཆུ་ལོག་དང་ས་ཡོམ་གནོད་འཚེ་ཆེན་པོ་བྱུང་ཡང་། ལོ་གསར་དང་དུས་ཆེན་ཁག་མེད་པ་བཟོ་ཡི་ཡོད་པ་མ་རེད། ང་རང་ཡིན་ན་ད་ལོའི་ལོ་གསར་གཏོང་རྒྱུར་གྲ་སྒྲིག་ཡོད་ཅེས་ ” བརྗོད་བྱུང་།



བལ་ཡུལ་འབྲི་གུང་བཀའ་བརྒྱུད་དགོན་པའི་གྲྭ་གྲགས་པ་རྒྱལ་མཚན་ལགས་ཀྱིས་བརྗོད་དོན།  “ སྲོལ་རྒྱུན་གྱི་ཐོག་ནས་བོད་ལ་ལོ་གསར་གཏོང་རྒྱུའི་ལམ་སྲོལ་ཞིག་ཡོད། ཡིན་ནའང་། ད་ལོར་བོད་ནང་བོད་མི་བཅུ་གཅིག་གིས་བོད་མི་རིགས་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་ལ། རང་སྲོག་བློས་གཏོང་དགོས་དོན་ཡང་བོད་གཞིས་བྱེས་གཉིས་ཀྱི་བོད་མིི་ཚོའི་ཆེད་ཡིན་པ་ལས་སོ་སོ་སྒེར་གྱི་ཆེད་དུ་མ་རེད། ཕར་ཕྱོགས་སུ་རང་སྲོག་བློས་གཏོང་གནང་པའི་སྐབས་སུ། ཚུར་ཕྱོགས་ནས་བོད་པ་ཚོས་གདུང་སེམས་མཉམ་སྐྱེད་བྱ་དགོས་པ་ལས། དགའ་དགའ་སྤྲོ་སྤྲོ་བྱས་ན་རྩ་བ་ནས་འགྲིག་གི་མ་རེད། དེ་ལས་རྒྱུ་འབྲས་ལའང་འགྲོ་ཡི་མ་རེད། ཁོང་ཚོའི་གནས་སྟངས་ལ་བསམ་བློ་ཞིབ་མོ་རེ་བཏང་ན་ང་ལ་ལོ་གསར་གཏོང་རྒྱུའི་བསམ་བློ་འཁོར་གྱི་མི་འདུག བོད་ནང་གི་བོད་པ་ཚོར་རྒྱབ་སྐྱོར་མཚོན་ཆེད་བཙན་བྱོལ་ནང་གི་བོད་པ་ཚོས་ལོ་གསར་མ་བཏང་ན་ཡག་པོ་རེད་བསམ་གྱི་འདུག་ཅེས་ ” བརྗོད་བྱུང་།

བྷང་ལོར་མཐོ་སློབ་ནས་ཡིན་པའི་སྐུ་ཞབས་ཚེ་རིང་དར་རྒྱས་ལགས་ཀྱིས་བརྗོད་དོན།  “ བོད་ནང་སོ་སོའི་མི་རིགས་གཅིག་པ་མང་པོ་ཞིག་གིས་སྲོག་ཤོར་འགྲོ་བཞིན་ཡོད་སྟབས། ང་ཚོས་ལོ་གསར་ལ་སྐྱིད་པོ་བཏང་བསྡད་ན་ཡག་པོ་ཁྱོན་ནས་མི་འདུག ཡིན་ནའང་། ལོ་གསར་ནི་བོད་ཀྱི་རིག་གཞུང་ཞིག་ཆགས་ཡོད་དུས། ལྷ་བསང་གཏོང་བ་དང་། དར་ལྕོག་འཛུགས་པ། མཆོད་འཇལ་ལ་འགྲོ་བ་སོགས་ལོ་གསར་གྱི་རྟེན་འབྲེལ་བསྒྲིག་ན་སྐྱོན་གང་ཡང་ཡོད་པ་མ་རེད། དེ་མིན། ཕྱི་རྒྱལ་ཁག་ཏུ་སྡོད་མཁན་བོད་པ་ཚོ་ནམ་རྒྱུན་འཛོམས་རྒྱུར་ཧ་ཅང་ཁག་པོ་ཡིན་སྟབས། ལོ་གསར་སྐབས་དང་བསྟུན་ཏེ་ཕྱི་རྒྱལ་བ་ཚོར་བོད་ཀྱི་གནས་སྟངས་གསལ་བཤད་དང་། བོད་པ་ནང་ཁུལ་དུ་སོ་སོའི་སེམས་ཀྱི་སྡུག་བསྔལ་བཤད་ན་ཕན་ཐོགས་ཡོང་གི་རེད། ལོ་གསར་སྐབས་ཕྱི་མི་མང་པོ་འཛོམས་པ་ཡིན་ན། བོད་ཀྱི་རིག་གཞུང་ལ་དོ་སྣང་ཡོང་གི་རེད། དེ་ནས་རིམ་བཞིན་ཆབ་སྲིད་སྐོར་འགྲེལ་བཤད་རྒྱབ་ཆོག་གི་རེད། གཞོན་ནུ་ལྷན་ཚོགས་ཀྱིས་ལོ་གསར་གཏོང་རྒྱུ་མིན་སྐོར་ཞིག་གོ་སོང་། ལྷག་པར་དུ་ལོ་གསར་སྐབས་གཞོན་ལྷན་གྱིས་ཞལ་འདེབས་བསྡུ་འཆར་ཡོད་པ་དེར་ངོས་ལེན་ཁྱོན་ནས་མེད། སྒོར་མོ་མེད་ནའང་རྩ་དོན་ཐོག་ལས་ཀ་མང་པོ་བསྒྲུབ་རྒྱུ་ཡོད་པ་རེད ” ཅེས་བརྗོད་སོང་།



ངྷ་སའི་ཐང་ཁྲོམ་སྟོན་མཁན་སྐུ་ཞབས་ལྕགས་ཁོ་ལགས་ཀྱིས་བརྗོད་དོན།  “ ང་ཚོས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་བྱ་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་། ཚོགས་པ་རེ་ཟུང་གིས་མགོ་འཁྲིད་དེ་ལོ་གསར་མ་གཏོང་ཟེར་བ་དེར་ཁོང་ཚོའི་ཁེ་ཕན་དང་དམིགས་ཡུལ་ཞིག་ཡོད་ཀྱི་རེད། ལོ་གསར་གཏོང་དང་མི་གཏོང་བོད་པ་སོ་སོར་རག་ལས་ཡོད་པ་ཞིག་རེད། ང་རང་ལ་མཚོན་ན། ད་ལོར་ལོ་གསར་གཏོང་རྒྱུའི་འཆར་གཞི་མེད་ལ། ལོ་གསར་གཏོང་མཁན་ཚོར་དགག་པ་ཡང་མེད། སྤྱིར་བོད་ཀྱི་སྲོལ་རྒྱུན་གོམས་གཤིས་ནང་ཁྱིམ་ཚང་ཞིག་ནས་མི་ཞིག་གྲོངས་པ་ཡིན་ན། མི་ཚང་དེས་ལོ་ཧྲིལ་པོར་མྱ་ངན་བྱེད་པ་རེད། ལོ་གསར་སྐབས་སྤྲོ་སྐྱིད་ཀྱི་ཚབ་ཏུ་བསྔོ་སྨོན་མཆོད་འབུལ་སོགས་བྱེད་སྲོལ་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་རང་བཙན་གྱི་དམིགས་ཡུལ་ཞིག་གི་ཐོག་ལ་ཞལ་འདེབས་བསྡུ་རྒྱུ་རེད། སོ་སོར་མཚོན་ན་ལས་དོན་དེ་ལ་རྒྱབ་སྐྱོར་ཞུ་ཐུབ་ཀྱི་མི་འདུག ” ཅེས་བརྗོད་སོང་། 

རང་ལོ་ ༦༣ པའི་ངྷ་སའི་ཐང་ཁྲོམ་སྟོན་མཁན་ཨ་མ་ལྷ་མོ་ཚེ་རིང་ལགས་ཀྱིས་བརྗོད་དོན།  “ ཁ་སྔོན་གཞོན་ནུ་ཚོགས་པས་བོད་པ་ཚོས་ལོ་གསར་མ་གཏོང་རོགས་ཟེར་ནས་འབོད་སྐུལ་ཞུ་བཞིན་འདུག ད་ལོར་བོད་ནང་དུ་བོད་མི་མང་པོ་ཞིག་གྲོངས་པ་རེད། ང་ཚོས་གྲོང་པ་ཁྱིམ་མཚེས་གྲོངས་ནའང་ཞག་གསུམ་མྱ་ངན་ཟེར་གྱི་ཡོད། བོད་པ་ཚང་མས་ལོ་གསར་མ་བཏང་ན་བསམ་གྱི་འདུག ང་རང་གིས་ཕྲུ་གུ་ཚོར་ད་ལོར་བོད་ནང་མི་མང་པོ་ཞིག་གྲོངས་ཡོད་པ་རེད། ལོ་གསར་གཏོང་རྒྱུ་ཡོད་པ་མ་རེད་ཟེར་གྱི་ཡོད། བོད་གཞུང་གི་ངོས་ནས་ལོ་གསར་གཏོང་ཆོག་དང་མི་ཆོག་གི་བཀའ་འདྲ་ཕེབས་མེད་དུས། ང་རང་གིས་གཞོན་ནུ་ཚོགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ ” ཞེས་བརྗོད་སོང་།  



ངྷ་སར་གནས་སྡོད་རང་ལོ་ ༢༧ ཡིན་པའི་བུ་མོ་བསྟན་འཛིན་འཛོམས་སྐྱིད་ལགས་ཀྱིས་བརྗོད་དོན།  “ ད་ལོར་བོད་ནང་བོད་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་སྟབས། གཞོན་ནུ་ཚོགས་པས་ལོ་གསར་མ་གཏོང་ཟེར་གྱི་ཡོད་པ་རེད། ང་རང་གི་ངོས་ནས་གཞོན་ནུ་ཚོགས་པའི་ལས་འགུལ་དེར་རྒྱབ་སྐྱོར་གཙང་མ་ཡོད། ངའི་ནང་མི་ཚོས་ཀྱང་ལོ་གསར་སྐབས་ཁང་པའི་ཐོག་དཀར་རྩི་བྱུགས་པ་དང་དར་ལྕོགས་འཛུགས་རྒྱུ་ཙམ་ལས་ཐུགས་སྤྲོ་རིགས་མེད་པ་བཟོ་ཟེར་གྱི་འདུག ང་རང་སྒེར་ངོས་ནས་ལོ་གསར་སྐབས་བོད་ནང་འདས་གྲོངས་སུ་ཕྱིན་པ་ཚོར་ཞལ་འདོན་རེ་དང་། བོད་གཞུང་དང་ཚོགས་པ་སྒྲིག་འཛུགས་ཚོས་ལས་འགུལ་འདྲ་ཡོད་ན་འཛུལ་ཞུགས་བྱ་དགོས་བསམ་ཡོད། གཞོན་ནུའི་ལོ་གསར་སྐབས་ཞལ་འདེབས་བསྡུ་རྒྱུ་ཡིན་ཟེར་བ་དེར་ཡང་རྒྱབ་སྐྱོར་ཡོད ” ཅེས་བརྗོད་བྱུང་།

གསར་འགོད་པས་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་སུ་སྤྱི་ཚོགས་ནང་ད་ལོའི་ལོ་གསར་གཏོང་མིན་ཐོག་གླེང་སློང་ཡོང་གི་ཡོད་པའི་ཐད་གཞུང་གི་ལངས་ཕྱོགས་གང་འདྲ་ཡིན་མིན་བཀའ་འདྲི་ཞུས་པར། “ ད་ལོར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ ༡༣ ཙམ་གྱིས། བོད་རང་དབང་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཆེད། རང་ལུས་མེར་བསྲེགས་བཏང་ཡོད་པ་རེད། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་མང་ཚོགས་ལ་ལོ་གསར་མི་གཏོང་བའི་འབོད་སྐུལ་ཞུས་འདུག་ཀྱང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ད་ཆར་ལོ་གསར་གཏོང་འོས་མིན་ཐོག་བཀའ་བསྡུར་ཞུ་བཞིན་ཡོད། དེའི་ཐོག་མ་འོངས་པར་རིམ་བཞིན་ཐག་གཅོད་ཅིག་ཡོང་གི་རེད། སྤྱིར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས། སོ་སོའི་ལྟ་གྲུབ་ལ་གཞི་བཅོལ་ཏེ་བོད་དོན་ལས་འགུལ་སྤེལ་བར་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད་ཀྱང་། བོད་རང་བཙན་སླར་གསོའི་ཆེད་མ་དངུལ་བསྡུས་ཏེ་དབུས་བོད་མིའི་སྒྲིག་འཛུགས་ལ་སྤྲོད་ཀྱི་ཡིན་ཟེར་བ་དེ་ཏག་ཏག་བསྡད་ཡོད་པ་མ་རེད་ཅེས་ ” གསུངས་བྱུང་།



ཡང་བཀའ་དྲུང་མཆོག་གིས་མུ་མཐུད་དེ།  “ ང་རང་སྒེར་གྱི་བསམ་ཚུལ་ཡིན་ན། ང་ཚོས་ངེས་པར་དུ་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཚོར་གདུང་སེམས་མཉམ་སྐྱེད་བྱ་དགོས་ཀྱང་། ལོ་གསར་ལ་སྤྲོ་སྐྱིད་གཏོང་དང་མི་གཏོང་དེ་གལ་ཆེན་པོ་མ་རེད། བོད་ཕྱི་ལོགས་ལ་མཚོན་ན་ལོ་གསར་དེ་ལས་འགུལ་ཞིག་ཆགས་ཀྱི་ཡོད་པ་རེད་ལ། ལྷག་པར་དུ་ལོ་ཆུང་བྱིས་པ་ཚོར་བོད་པའི་རིག་གཞུང་གི་བག་ཆགས་འཇོག་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད། འདིའི་ཐོག་བསམ་བློ་གཏོང་དགོས་པ་ཞིག་ཆགས་འདུག” ཅེས་གསུངས་བྱུང་།

བོད་ས་བྱི་ལོའི་ཞི་བའི་སྒེར་ལངས་ཁྲོད་བོད་མི་གང་མང་ཞིག་འདས་གྲོངས་སུ་ཕྱིན་ཡོད་སྟབས། བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་ ༢༠༠༩ ནི་བོད་ཀྱི་ལོ་ནག་གི་ལོ་ཞིག་ལ་སྲུང་གཙི་བྱས་ཡོད།

གསར་འགོད་པ། དཔལ་ལྡན།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།

མཆན། 27

  1. ཤི་མེད་ཚོར་མེད་། says:
    ལོ་ 13 སྔོན།

    ཁྱོད་ཀྱི་མིང་ལ་བསྟན་འཛིན་དཀོན་མཆོག་ཅེས་བཏགས་པ་ནི་མིང་དོན་མ་ཚང་བའི་དོན་སྟོང་སླད་སྐྱོན་ཆེ་བའི་ཕྱི་རོལ་གྱི་གཟུགས་བརྙན་ཙམ་ཞིག་རེད། ཁྱེད་ཀྱིས་དྲ་ལམ་བརྒྱུད་རྣ་ཐོག་ཚད་ཀྱི་སྙན་པར་འདི་ལྟ་བུའི་སྐད་ཆ་བཤད་ཐུབ་པ་འདིས་ཅི་ཞིག་མཚོན་གྱི་འདུག་ཅེས་ན། ཁྱེད་ནི་རང་གི་ཕ་མ་གྲོངས་ཡང་མྱ་ངན་གྱི་ཚབ་ཏུ་དགོད་སྒྲ་དང་བཞད་གད་མ་གཏོགས་ཅི་ཡང་མི་སེམས་མཁན་གྱི་བུད་མེད་ཀླད་སྟོང་ཁྱི་མོ་བཞིན་དུ་སྤྱི་ལ་དབང་བའི་མཚན་མའི་ནང་དགོས་རྒྱུ་འཇེ་མགོ་ལས་མི་དྲན་མཁན་ཞིག་དང་། ཕྱི་ནང་རྒྱལ་ཁབ་ཁག་ཏུ་རང་བྱུང་གི་གོད་ཆག་འཚབ་ཆེ་ཆུང་ཅི་ཞིག་བྱུང་ཡང་མྱ་ངན་མི་བྱེད་པ་ནི་ཁོ་ཅག་གི་རིག་གཞུང་ལས་གྲུབ་པའི་མི་རིགས་ཀྱི་འདུ་ཤེས་སམ་བསམ་བློ་དེ་ལས་བྱུང་བའི་ལུགས་སྲོལ་ཞིག་ཏུ་བརྩི་རུང་ཡང་། ངེད་ཅག་མགོ་ནག་རྩམ་གཟན་དག་པའི་ཞིང་ཁམས་ཀྱི་བོད་མི་རིགས་ལ་མཚོན་ན་མི་ལོ་སྟོང་ཕྲག་གི་ཡར་སྔོན་ནས་མིའི་ཤ་ཁྲག་རུས་གསུམ་གྱི་ནང་ཏུ་དབྱེ་མེད་པར་སིམ་པའི་ནང་པའི་བསྟན་པ་རིན་པོ་འདི་ལས་མི་རྣམས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ། སྙིང་རྗེ་དང་བྱམས་པས་བརླན་པའི་རིགས་གཞུང་རླབས་ཆེན་འདི་བརྒྱུད་གངས་ཅན་པ་ཡོད་དོ་ཅོག་སྐྱིད་ཀྱི་འཛུམ་མདངས་མཉམ་བཞད་དང་སྡུག་གི་ཁུར་བོ་མཉམ་ཁུར་གྱི་གོང་བུ་གཅིག་ཏུ་གྲུབ་པ་ལས། བསྟན་དང་འགྲོ་བའི་དོན་དུ་རང་གི་ཚེ་སྲོག་ཀྱང་ཕང་མེད་སྦྱིན་དུས་འདིར་མྱ་ངན་ཞུ་རྒྱུའི་ཚབ་ཏུ་ལོ་གསར་གཏོང་རྒྱུ་ཟེར་བ་འདིས་ཅི་ཞིག་མཚོན་ན་ཁྱེད་ནི་ར་མིན་ལུག་མིན་རྒྱ་མིན་བོད་མིན་གྱི་རང་ཉིན་བོར་བརླག་བྱུང་བའི་གར་འགྲོ་འདིར་འགྲོ་མི་ཤེས་མཁན་གྱི་བུད་མེད་བསམ་མེད་གླེན་པ་ཞིག་ཡིན་པ་མ་ཟད་། ད་ལྟའི་དུས་འདིར་ཁྱོད་ལྟ་བུ་ང་ཚོ་བོད་མིའི་ནང་གཅིག་ཡོད་ཀྱང་མང་དྲགས་སོང་བས་ཁྱེད་ཀྱི་ཁ་གཡང་ཀྱི་རླུང་རྟ་འདིས་མྱུར་དུ་དག་པའི་ཞིང་ཏུ་གེགས་མེད་བདེ་ལེགས་ངང་སྐྱེས་བར་སྨོན།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ངས་ད་ལོའི་ཆོས་ཕྱོགས་ཀྱི་མཛད་སྒོའི་ལོ་གསར་གཏང་བགྱི་ཡིན་ཡང་། དགའ་དགའ་སྤྲོ་སྤྲོའི་ལོ་གསར་ནི་གཏོང་ག་ལ་འོས་ཏེ་མི་འོས་སོ། །

    Reply
  3. མིག་གསུམ་པ། says:
    ལོ་ 13 སྔོན།

    ངས་ཁེ་ལས་པ་བསྟན་འཛིན་དཀོན་མཆོག་ལ་སྐད་ཞིག་བསྐུར་དགོས། མོས་བརྗོད་ན་ད་ལོར་ལོ་གསར་གཏོང་གི་ཡིན་ཟེར། རེད་་་་་་་ཁྱོད་ཀྱིས་ལོ་གསར་ཐོངས་དང་། ང་ཚོ་གཞིས་ལུས་མི་མང་གི་ཁྲོད་དུ་དཔའ་བོ་དཔའ་མོ་མང་དག་ཅིག་གིས་མི་རིགས་བདེན་དོན་ཆེད་དུ་རང་ཉིད་ཀྱི་ཆེས་རྩ་ཆེ་བའི་ཚེ་སྲོག་མཆོད་མེ་ཕུལ་བ་རེད། དཔའ་བོ་དཔའ་མོ་དེ་དག་གི་སྣང་བརྙན་དྲན་བཞིན་ལོ་གསར་ཐོངས་དང་ཡིད་སེམས་སྤྲོ་ཀི་རེད། ཕྱོགས་གཞན་ཞིག་ནས་བརྗོད་ན། ང་ཚོ་བོད་མི་རིགས་ལ་མི་ཤི་ཆག་སྒོ་བྱུང་དུས་ལོ་ཟླ་མཐུད་ནས་མྱ་ངན་བྱེད་སྟངས་ཤིག་ཀྱང་ཡོད་པ་རེད། མྱ་ངན་བྱེད་སྟངས་དེས་སུ་ཞིག་གི་སེམས་ལའང་ལོ་གསར་དང་སྤྲོ་སྐྱིད་གཏོང་རྒྱུ་དྲན་ཀི་མ་རེད། དེ་མ་ཤེས་པར་ཁག་མེད། འགྲོ་ཞོར་དུ་གསལ་འདེབས་ཤིག་བྱས་པ་ཡིན།

    Reply
  4. རིག་རང་སྐྱེས། says:
    ལོ་ 13 སྔོན།

    ཅོ་རི་ཉི་མ་ལགས། ད་ལོའི་བོད་ཀྱི་ལོ་གསར་ལ་ང་ཚོས་ལྷ་གསང་གཏོང་བ་དང་མཆོད་འབུལ་བྱེད་པ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་དགོ་གི་རེད། འཆི་གསོན་གཉིས་ལ་ཕན་གི་རེད།ཡིནའང་བ་ཧ་ཧོ་ཧོའི་ཐུགས་སྤྲོ་སོགས་བཏང་ན་ཡག་པོ་མ་རེད།
    ལོ་གཅིག་ལ་ལོ་གསར་གཅིག་ཡོད་པ་བདེན་པ་རེད། ད་ལོ་མ་བཏང་ན་སང་ལོ་ཡོད་པ་རེད། སང་ལོ་མ་བཏང་ན་གནང་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་རང་ལུས་མཆོད་འབུལ་གྱིས་བོད་མིའི་བདེ་སྡུག་གླེང་བཞིན་པས་སྐབས་འདིར་བོད་ཕྱི་ལོགས་སུ་ཡོད་པའི་བོད་མི་ཚོས་ལོ་གསར་སྐབས་ཐུགས་སྤྲོ་བཏང་ན་ཡག་པོ་མི་འདུག

    Reply
  5. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ཤ་ཀླན་ལགས་་་ཁམས་བཟང་།
    ངས་ཀྱས་དུས་རྟག་ཏུ་གཞོན་ནུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཏེ་་ད་ལན་རྒྱབ་སྐྱོར་མེད།

    ངའི་སྐྱེས་ཡུལ་ཏྲེ་ཧོར་ཤིང་ཁོག་ལུང་པའི་ལོ་གསར་ལ་ཆ་བཞག་ན་དགེ་མཚན་མང་པོ་ཡོད། ལོ་གསར་ཚེས་གཅིག་ཉིན་ཚང་མས་མཉམ་འཛོམ་ཐོག་དང་པོ་ལྷ་བསང་དང་དེ་ནས་རིམ་བཞིན་ལུང་པའི་གནད་ཡོད་མི་སྣ་རྣམས་ཀྱིས་ཏྲེ་ཧོར་ཤིང་ཁོག་ལུང་པའི་ནང་གི་ལོ་གཅིག་གི་གནད་དོན་གླེང་གི་རེད།

    ཡག་ཉེས་ག་རེ་བྱུང་ཡོད་མེད་དང་མ་འོང་ག་རེ་བྱེད་དགོས་མིན་སོགས་གྲོས་བསྡུ་བྱེད་ཀྱི་རེད། གནད་ཡོད་མི་སྣས་བསླབ་བྱ་རྒྱབ་ཀྱི་རེད། ལོ་གཅིག་ལ་ཚར་གཅིག་མ་གཏོགས་མེད། གོ་སྐབས་འདིས་རྒྱུད་ནས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་རྗེས་དྲན་དང་ནང་མི་གཉེན་འབྲེལ་རྣམས་སུ་ཐུགས་གསོ་ཞུས་ན་ཡག་པོ་ག་འདྲ་རེད།

    མདོ་དོན་ང་ཚོས་ལོ་གསར་གཏོང་ནས་རང་ལུས་མེ་བསྲེགས་བཏང་མཁན་གྱི་ནང་མི་གཉེན་འབྲེལ་རྣམས་སུ་ཐུགས་གསོ་ཞུས་ན་་་་་ལ་རྒྱ་སྦེལ་ན་་་་རྒྱལ་ཞེན་གྱི་འདུ་ཤེས་ཡོང་ཐབས་སུ་བརྩོན་ན་་་དཔའ་བོ་དཔའ་མོ་ཚོའི་ལྷག་བསམ་གྱི་ནུས་པས་ཡར་རྒྱས་འགྲོ་གི་རེད། མི་ཚང་མ་ལ་སེམས་ཚོར་ཡོད་དུས་སུ་གོ་སྐབས་ཟིན་གྱི་གལ་ཆེ་རེད་འདོད།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    དཔའ་བོ་རྗེས་དྲན་གྱི་གླུ་དབྱངས་ཆོས་ཚོགས་མི་བཟང་གི་ཟེར་གྱིན་མེད། དེ་ལོས་བཟང། ཧ་ཅང་བཟང་གི འདང་རྒྱག་དགོས་ས་དེ། ལོ་གསར་ཚེས་གཅིག་ལ་དེ་ལྟར་བཏང་ན། མི་འོས་པར་མཐོང། དཔའ་བོ་རྗེས་དྲན་གྱི་ཆོ་ག་ཡིན་དུས་མི་ཚང་མ་ཧ་ཧ་ཧོ་ཧོའི་ངང་ནས་སྡོད་སྟངས་ཤིག་མེད་ག ཤ་ཆང་ལ་རོལ་བཞིན་དུ་དཔའ་བོ་རྗེས་དྲན་བྱེད་པའི་རྣམ་པ་དེ་སྟབས་ཉེས་ན་རྟེན་འབྲེལ་ངན་པར་འགྱུར་ཡང་སྲིད། གང་ལྟར་མཐོང་ཚུལ་འདྲ་མིན་ཡོང་ཐག་ཆོད་རེད། ཡང་མིན་ན་ལོ་གསར་གྱི་ཚེས་པ་དང་པོ་དེ་མྱ་ངན་གྱི་ཉིན་མོ་ཡིན་ཟེར་ནས་ཚང་མས་དེ་ལྟར་ཅི་ཐུབ་གང་ཐུབ་བྱེད་དགོས་པ་རེད། ལོ་ལོན་ཁ་ཤས་ཀྱིས་ཚེས་བཟང་དུས་བཟང་ལ་སྨྱུང་བར་གནས་པ་དེ་མྱ་ངན་གྱིས་ལོ་སར་སྟངས་ཡིན་རྒྱུ་མ་རེད་འདོད། ངའི་ཕ་ཡུལ་ཕྱོགས་ན་ལོ་སར་མེད་པ་ཚོ་ནང་མི་ཤི་བའི་རིགས་ཡིན། ནང་མི་ཤི་ནས་མྱ་ངན་གྱི་ལོ་སར་གཏོང་བ་ཟེར་བ་ཞིག་གོ་མ་མྱོང། ཡོད་ན་ཐང། ཨ་ཁུ་སྟོན་པ་བཞིན།
    གང་ལྟར་ཚེས་གཅིག་ལས་ཚེས་གསུམ་ཡག་པོ་ཡོད་རེད་ལབ་ཡོད། དེ་ཉིན་བསང་གསོལ་དང་སྨོན་ལམ་ཚོགས། དགོང་མོར་གླུ་དབྱངས་འདུ་འཛོམས་གནང། དེ་ཉིན་ནི་བོད་ནང་ལ་གདུང་མཉམ་སྐྱེད་ཀྱི་ཉིན་མོ་ཡིན་ཞེས་ཁྱབ་བསྒྲགས་བྱས། དགོང་མོར་སྤྲོ་སྐྱིད་ཀྱི་རྣམ་པའི་རིགས་ཆེར་མ་ཐོན་པ་བྱས་ན། གཅིག་ནས་ལོ་གསར་སྤྲོ་སྐྱིད་ལ་གཏོང་བར་གནོད་མེད། གཉིས་ནས་ལོ་སར་གྱི་བྱ་འགུལ་དོན་སྙིང་ཅན་ཞིག་སྤེལ་ཐུབ་ཡོད་པ་རེད།

    Reply
  7. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 13 སྔོན།

    གཞོན་ནུ་ལྷན་ཚོགས་ཀྱིས་ཐུགས་ཁུར་ཆེར་བཞེས་ཀྱིས་ད་ལོར་ལོ་གསར་མ་གཏོང་རོགས་ཞེས་པའི་འབད་སྐུལ་དེ་ལ་ཡོངས་སུ་རྒྱབ་སྐྱོར་བྱ་རྒྱུར་མ་ཟད། མི་མང་ལས་སྒོར་མོ་བསླངས་ཏེ་དབུས་བོད་མིའི་སྒྲིག་འཛུགས་ལ་ཕུལ་རྒྱུ་ཡིན་གསུངས་པར་ཡང་ཡོངས་སུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། སྒོར་མོ་དེ་དག་གཞོན་ནུ་ཚོགས་པར་ཉར་ཡང་ཡོངས་སུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
    གོང་གི་དྲི་བར་ལན་འདེབས་གནང་མཁན་བཀའ་དྲུང་མི་འགྱུར་རྡོ་རྗེ་ཟེར་བ་དེར་ཞུ་རྒྱུར་གཞོན་ནུ་ཚོགས་པས་སོ་སོའི་ལངས་ཕྱོགས་མ་དོར་བ་དབུས་བོད་མིའི་སྒྲིག་འཛུགས་ལ་ཞལ་འདེབས་ཕུལ་བ་དེ་ཏག་ཏག་སྡོད་ཀྱི་མེད་ན། གཞོན་ནུ་ཚོགས་པས་སོ་སོའི་ལངས་ཕྱོགས་མ་དོར་བར་དུས་འཁོར་དབང་ཆེན་ལ་ཞབས་ཞུ་ཞུ་བ་དེ་ཡང་ཏག་ཏག་སྡོད་ཀྱི་མེད་པར་ཐལ། དུས་དབང་ནི་ཆོས་ཀྱི་བྱེད་སྒོ་ཞིག་དང་། གཞོན་ནུ་ནི་སྲིད་ཀྱི་ཚོགས་པ་ཞིག་ཡིན་པའི་ཕྱིར།
    གང་ལྟར་ད་ལོའི་ལོ་གསར་སྐབས་སུ་རྟེན་འབྲེལ་ཙམ་ཞིག་དང་མི་མང་འདུ་འཛོམས་སོགས་བྱེད་ཀྱང་གནད་འགག་ཡོད་རྒྱུ་མ་རེད། གླུ་ལེན་གར་འཁྲབ་དང་ཆང་འཐུང་ཤོ་རྩེད་སོགས་སྨྱོན་པའི་བྱེད་སྟངས་དེ་ཚོ་མ་བྱེད་རོགས་ཟེར་གྱི་ཡོད་པ་རེད། མ་གཞི་ནས་རང་ཡུལ་རང་ལག་ཏུ་མ་རག་བར་དུ་ང་ཚོ་ལ་ལོ་སར་མེད།

    Reply
  8. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ༄།། ང་ནི་ལོ་གསར་གཏོང་ན་སྣང་བ་སྐྱིད་པོ་ཡོང་ས་མ་རེད། ཡིན་ཡང་། ཕྲུ་གུ་ཡོད་མཁན་རྣམས་ཀྱིས་ལོ་སར་དོད་ཙམ་ཞིག་གཏོང་ན་ཡག་པོ་འདུག བྱིས་པ་ཚོའི་ཆེས་དགའ་ཤོས་ཤིག་ནི་ལོ་སར་རེད། ལོ་སར་རན་པའི་སྐབས་སུ་དུས་ཚོད་འགྲོ་མ་ཐུབ་པའི་ངང་ཐུང་གི་རེ་ལྟོས་ཅི་འདྲའི་྄ཆེ་ཨང་། ལོ་སར་ལ་ཉེ་སྐབས་སུ་ཉིན་རེ་བཞིན་ལོ་ཚེས་བར་ཉི་གྲངས་ཡང་ཡང་བརྩིས། མཚམས་རེ་ཕ་མ་དང་རྒན་པ་རྣམས་ལ་དྲིས།གལ་སྲིད་ལོ་སར་དུས་སྟོན་མེད་ན་རང་རེའི་བྱིས་པ་ཡོངས་ཀྱི་སེམས་ཅི་འདྲ་ཕམ་རྒྱུ་རེད་ཨང་། 
    དེས་མི་ཚད་བོད་པ་རང་གི་ཁྱད་ཆོས་ལྡན་པའི་ལོ་སར་ཉམས་ཉེན་ཆེ། གཞན་བློ་ཡོད་ཅིག་ཡིན་ཕྱིན་ལོ་གསར་གཏོང་འདོད་དང་གཏོང་ཕོད་པ་མི་སྣང་། དེ་བས་ཀྱང་། གཞུང་དང་ཚོགས་པ་ཁག་གིས་ལོ་སར་གཏོང་ཐབས་ག་ལ་ཡོད། 
    ད་དུང་ཡང་། རྒྱ་རིགས་དམངས་རྣམས་ཀྱིས་བོད་ལ་དོ་སྣང་ཡོང་ཆེད་རྒྱའི་ལོ་སར་སྐབས་སུ་མྱ་ངན་གྱི་ལས་འགུལ་ཞིག་སྤེལ་ཐུབ་ན་དགེ་མཚན་ཆེ་བར་སྣང་ངོ་།།

    Reply
  9. རིན་ཆེན་གྲགས་པ། says:
    ལོ་ 13 སྔོན།

    བོད་ཀྱི་ལོ་སར་ལ་འགྲེལ་བཤད་རྒྱག་པ་ནི་བྱིས་པའི་གཏམ་དུ་གྱུར་རོ།བོད་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བསྟིམས་པ་རྣམ་པར་མྱ་ངན་མཚོན་ཆེད་དུ་ལོ་སར་མི་གཏོང་རྒྱུ་གལ་ཆེན་ཆགས་ཡོད་པས་ཕྱི་སྡོད་བོད་མི་རེ་རེ་ངོས་ནས་བོད་ནང་གི་ནང་མི་སྤུན་ཡོངས་དང་བོད་གཞུང་ངོས་ནས་ལོ་སར་མི་གཏོང་རྒྱུ་འབོད་སྐུལ་ཞུ་འདོད་བྱུང་སོང་།

    Reply
  10. གངས་འོད། says:
    ལོ་ 13 སྔོན།

    བོད་མའི་གཏམ་དཔེར། ཁྱིམ་མཚེའི་བ་ཤི་ན་ཉིན་གསུམ་མྱ་ངན་ཟེར་བ་རེད། ལོ་སར་ཟེར་བ་དགའ་སྟོན་རྟེན་འབྲེལ་གཉིས་འཛོམས་ཀྱི་ངོ་བོ་ཡིན་པས། མྱ་ངན་མཚོན་བྱེད་ཅིག་ལ་ནམ་ཡང་སྒྱུར་ས་མི་འགྲོ ང་ཚོས་རང་ལུས་མཆོད་མེར་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་བརྙན་གཟུགས་དེར་སོམས་དང་། ལོ་སར་གྱི་ཟས་སྣ་འཛོམས་པོ་དེ་དག་མིད་པར་འགྲོ་གི་འདུག་གམ། གལ་སྲིད་འགྲོ་བའི་དབང་དུ་བཏང་ཡང་། སྐྲག་སྣང་མེད་ཀྱང་འཚེར་སྣང་ཞིག་ཟེར་བའི་མ་ཡིན་ནམ།

    Reply
  11. མྱི་ལྟིག says:
    ལོ་ 13 སྔོན།

    ངས་བསམས་ན་ན་ནིང་ལོ་གསར་མ་རོལ་བ་དེས་རྒྱབ་མདུན་ལ་བལྟ་དགོས།
    དངོས་གནས་དྲང་གནས་ཀྱིས་ལོ་གསར་ལ་མི་རོལ་མཁན་ག་ཚོད་ཅིག་ཡོད་མེད་ལའང་བལྟ་དགོས་འདུག ཁ་ནས་རྒྱབ་སྐྱོར་ཡོད་མདོག་གིས་སྙན་པོ་བཤད་ནས།
    དུས་ལ་བབས་ནས་ཧཧ་ཧོ་ཧོ་ཟེར་མཁན་དེ་རིགས་མང་པོ་ཡོད་པ་ཤེས་ན་རེད།
    རང་ཉིད་ཀྱི་ངོས་ནས་བཤད་ན་ལོ་གསར་ལ་རོལ་མ་རོལ་གཅིག་པ་ཡིན།

    Reply
  12. རྒྱང་མིག says:
    ལོ་ 13 སྔོན།

    ལོ་སར་སྤྲོ་སྐྱིད་གཏོང་མིན་དེ་མི་སྒེར་གྱི་འཚོ་བ་རོལ་ཕྱོགས་ཀྱི་གནད་དོན་ཞིག་རེད། དེར་གཞུང་དང་ཚོགས་པ་ཁག་གི་སྟངས་འཛིན་བྱེད་དགོས་དོན་གང་ཡང་མེད། གཞོན་ནུ་ལྷན་ཚོགས་དང་བོད་མིའི་སྒྲིག་འཛུགས་ཀྱིས་དེ་ལ་བྱུས་གཏོགས་མ་བྱེད་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། གལ་སྲིད་བྱུས་གཏོགས་བྱས་འགྲོ་སྟངས་མ་ཆགས་ཞིག་ལ་ངོས་བྱེད་ཀྱི་ཡོད། སྤྲོ་སྐྱིད་དང་མྱ་ངན་རང་གི་སེམས་ནས་གཏོང་དགོས་པ་མ་གཏོགས་བཙན་གྱིས་བྱེད་རྒྱུ་ཞིག་ཡོད་མི་སྲིད།

    Reply
  13. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ཨོ་ཧོ་ཧོ་་་་ད་ཡང་གྲུབ་འབྲས་མེད་པའི་ཆབ་སྲིད་རྫུན་མ་དེ་འཁྲབ་སོང་་་་་་་་ཁོང་ཚོའི་སེམས་ལ་སྡུག་བསྔལ་གང་ཡང་མེད་པ་གསལ་པོ་རེད་་་་་ཁ་གཡང་འདིས་ཡང་མི་མང་བསམ་མེད་ཚོ་མགོ་སྐོར་བཏང་གི་ཡོད་པ་རེད་་་་་་ཁྱེད་ཚོས་གང་བཤད་ཀྱང་ངས་ལོ་གསར་བཏང་གི་ཡིན་་་་གྲ་རྒྱས་པ་བཏང་གི་ཡིན་་་་

    Reply
  14. རྐང་གསུམ། says:
    ལོ་ 13 སྔོན།

    བཀུར་འོས་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལགས། གོང་དུ་ཁྱེད་ཀྱིས་བཏབ་པའི་མཆན་བུ་འདི་ལ་བལྟས་ན། སྡུག་པོ་བྱས་ནས་ལོ་སར་ས་མི་འགྲོ་གལ་ཏེ་སྡུག་གླུ་དང་སྐྱོ་གཞས་བཏང་ནས་མྱ་ངན་གྱི་ཆོ་ག་སྤེལ་ན་དེ་ལོ་གསར་བཏང་བ་མ་རེད་ཟེར་གྱི་འདུག ཕྱོགས་གཅིག་ནས་བལྟས་ན་སྐུ་ཉིད་ཀྱི་སྐད་ཆ་འདིས་གནད་དོན་ཞིག་ཟིན་ཡོད་ནའང་། ཕྱོགས་གཞན་ཞིག་ནས་བསམ་བློ་གཉིས་པ་ཞིག་བཏང་ན་ཁྱོད་ཀྱི་སྐད་ཆ་འདིས་ལོ་གསར་གྱི་ངོ་བོ་དང་ཕུགས་སྣེ་གང་ཡང་ཟིན་མི་འདུག་ལགས། སྤྱིར་ན་བོད་ཀྱི་ལོ་གསར་ཟེར་བ་འདི་ལ་ཟས་སྣ་ལྔ་འཛོམས་དགོས་པ་ཞིག་མ་རེད་ལ་སྙན་གླུ་དང་བསྟོད་གླུ་ལེན་དགོས་པའི་ངེས་པ་ཡང་མེད། རྒྱུ་མཚན་བོད་ཀྱི་ས་ཁུལ་ཁ་ཤས་ལ་ལོ་གསར་སྐབས་ཟས་བཅད་ཀྱི་སྨྱོང་གནས་ཆ་བརྒྱད་སོགས་ཆོས་ཕྱོགས་ཀྱི་བྱ་བ་ལས་གཞན་གང་ཡང་མེད་ས་ཡང་གང་མང་མང་ཡང་ཡོད་ནི་རེད་ལགས། དེ་བས་ན་་སྡུག་གླུ་དང་སྐྱོ་གཞས་བཏང་ནས་མྱ་ངན་གྱི་ཆོ་ག་སྤེལ་ན་ལོ་གསར་བཏང་བ་མ་རེད་ཟེར་ས་ཡང་འགྲོ་ནི་མ་རེད།

    བཀུར་འོས་ལགས། སྐུ་ཉིད་ཀྱི་མཆན་བུ་འདི་ངའི་གོང་དུ་མཆན་ཞིག་བཏབ་པ་འདིའི་ལན་ཡིན་ན་ནི།
    ངས་ད་ལོའི་ལོ་གསར་འདི་མྱ་ངན་གྱི་སྡུག་གླུ་དང་སྐྱོ་གཞས་བཏང་ནས་བསུ་དགོས་ལབ་ཀྱི་མེད། ངས་ད་ལོའི་ལོ་གསར་ངེས་པར་དུ་བོད་ཕྱི་ནང་གཉིས་ནས་གཏོང་དགོས་པར་འདོད་ཀྱི་ཡོད། གང་ཡིན་ཟེར་ན་ཉིས་སྟོང་བརྒྱད་ནས་ད་བར་བོད་ནང་གི་ས་ཆ་གང་མང་ཞིག་གིས་ལོ་གསར་བཏང་མི་འདུག། དེའི་སྟབས་ཀྱིས་བོད་ནང་གི་བོད་མི་རྒན་རབས་པ་གང་མང་ཞིག་གིས་བོད་གནང་རབས་ནས་རྒྱུད་པའི་གོམས་སྲོལ་བཟང་བོ་ཞིག་ཡང་མེད་པར་འགྱུར་འགྲོ་གི་འདུག་ཟེར་ནས་ཁོང་ཚོར་སེམས་འཚབ་ཡོང་གི་འདུག གནད་དོན་འདི་ངས་གནད་དོན་ཆེན་པོ་ཞིག་ཡིན་པར་བསམ་ནས་ད་ལོའི་བོད་ཀྱི་ལོ་གསར་འདི་ངེས་པར་དུ་གཏོང་དགོས་པར་འདོད་ཡོད། གཏོང་སྟངས་ཀྱང་དགའ་དགའ་སྤྲོ་སྤྲོའི་ངང་ནས་གཏོང་དགོས་པ་མ་ཟད། ཕ་མ་ཚོས་རང་གི་བུ་བུ་མོ་ཚོར་བོད་ཀྱི་ལོ་གསར་གྱི་རང་བཞིན་དང་དུས་ཡུན་སོགས་ངོ་སྤྲོད་གནང་དགོས་པར་འདོད་ཡོད། མ་ཟད་ད་ལོའི་ལོ་འདི་ང་ཚོ་བོད་རིགས་ཤིག་ལ་མཚོན་ན་ཧ་ནང་མུན་ནག་གི་ལོ་ཞིག་ཡིན་སྟབས། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་ཤོར་ཡོད་མཁན་དང་རྒྱའི་བཙོན་འོག་ཏུ་ཡོད་མཁན་ཚོར་ཁོ་ཚོ་དྲན་པའི་རྗེས་འདྲན་གྱི་གླུ་དབྱངས་ཆོས་ཚོགས་བསྡུ་རྒྱུ་དང་། ཤུལ་ན་ལྷག་ཡོད་པའི་ནང་མི་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ཚུར་དུ་གླུ་དབྱངས་ཆོས་ཚོགས་བསྡུ་དགོས་པར་འདོད་ཡོད།

    བཀུར་འོས་ལགས། བོད་མི་རིགས་ཀྱི་དཔའ་བོ་དཔའ་མོ་དེ་ཚོར་བསྟོད་དབྱངས་དང་ཤུལ་ན་ཡོད་པའི་ནང་མི་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ་བོད་ཀྱི་གླུ་དབྱངས་ཆོས་ཚོགས་ཤིག་བསྡུ་ཐུབ་ན། འདིས་བོད་ཀྱི་ལོ་གསར་མྱ་ངན་གྱིས་བསུས་པའི་ངེས་པ་ག་ལ་ཡོད། འདིས་བོད་ཕྱི་ན་ཡོད་པའི་བོད་མི་ཚོས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་སྐུ་སྲོག་ཤོར་མཁན་དང་ད་ལྟ་རྒྱའི་བཙོན་འོག་ཏུ་ཡོད་པའི་དཔའ་བོ་དཔའ་མོ་ཚོར་བོད་ཀྱི་ལོ་གསར་སྐབས་ཉི་གཅིག་མི་རིགས་ཀྱི་དཔའ་རྒོད་ཁོང་ཚོར་སྤྲད་པ་མཚོན་པས་ན་ངས་ལས་འགུལ་འདི་ཤིན་ཏུ་ལེགས་པོ་ཞིག་ཡིན་པར་མཐོང་གི་འདུག་ལགས།

    Reply
  15. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ལོ་གསར་གྱི་ངོ་བོ་ནི་དགའ་སྐྱིད་རྟེན་འབྲེལ་གྱི་རང་བཞིན་ཅན་ཞིག་ཡིན་པ་ཚང་མས་ལོས་ཤེས། ལྷག་པར་དུ་བྱིས་པ་ཚོ་ཆེས་དགའ་སའི་དུས་སྟོན་ཞིག་རེད། གལ་ཏེ་མི་རྒན་ཚོར་ལོ་སར་མི་མཁོ་ཡང་བྱིས་པ་ཚོར་དམིགས་བསལ་གཏོང་དགོས། དེ་བས་ལོ་གསར་རྒྱུ་ཡིན་ན་སྐྱིད་པོ་བྱས་ནས་སར་དགོས་པར་འདོད། སྡུག་པོ་བྱས་ནས་ལོ་སར་ས་མི་འགྲོ གལ་ཏེ་སྡུག་གླུ་དང་སྐྱོ་གཞས་བཏང་ནས་མྱ་ངན་གྱི་ཆོ་ག་སྤེལ་ན་དེ་ལོ་གསར་བཏང་བ་མ་རེད། ལོ་མ་སར་བ་མ་ཟད་མྱ་ངན་བྱ་འགུལ་སྤེལ་བ་ཞིག་རེད། འདི་ཡག་པོ་མ་རེད་ཟེར་གྱིན་མེད། འོན་ཀྱང་དབུས་གཙང་ཕྱོགས་ལ་ཚེས་གསུམ་ཆོས་སྐྱོང་ལོ་གསར་ཟེར་ནས་བསང་གསོལ་གྱི་ཆོ་ག་ཞིག་ཡོད་པས། དེ་ཉིན་བོད་དོན་ཆེད་རྒྱ་ཆེ་བའི་བསང་གསོལ་ཞིག་དང་གསོལ་བ་སྨོན་ལམ་ཞིག་ཀྱང་ཚོགས་ཐུབ་ན་དེས་འཐུས་སྙམ།
    ༼བོད་རང་བཙན་སླར་གསོའི་ཆེད་མ་དངུལ་བསྡུས་ཏེ་དབུས་བོད་མིའི་སྒྲིག་འཛུགས་ལ་སྤྲོད་ཀྱི་ཡིན་༽ཟེར་བའི་སྐོར་སྔ་ས་ནས་གཞུང་ལ་ཡར་ཞུས་ན་ལེགས་ཚུལ་གྱི་བསམ་འཆར་སྔོན་ནས་བཏོན་ཟིན་མོད་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སླར་ཡང་དྲན་སྐུལ་འདི་ཞུས་པ་ཡིན།

    Reply
  16. དུག་མདའ། says:
    ལོ་ 13 སྔོན།

    མ་གཞི་ནས་བོད་ནང་བོད་མི་ཚོར་སེམས་གསོ་རེ་དང་ཐུགས་སྤྲོ་རེས་ངལ་གསོ་རེ་སྟེར་མ་ཐུབ་ན། སྡུག་བསྔལ་སྒོམ་སྒོམ་ན་ལྐུགས་སེ་སེ་འདྲ་ཆགས་ཨེ་འགྲོ་བ། ཕྱི་རྒྱལ་ཁག་ལ་ལོ་གསར་གཏོང་མི་གཏོང་གི་སེམས་ཁྲལ་དགོས་ཀྱི་མི་འདུག ད་ལྟ་ཉིད་ནས་བྱིས་པ་ཚོ་ Christmas ལ་ཕྱོགས་འདྲ་ལངས་འདུག འཁོར་ཡུག་གི་དབང་གིས་ཁྱིམ་ནས་བཏང་ཀྱང་མ་བཏང་ཀྱང་ཡེ་ཤེ་མཆོག་ལ་བག་ཆགས་བརྗེད་དུ་མེད་པ་ཞིག་འཇོག་ཐུབ་ས་རེད། རྗེས་ལ་དགུ་ཐུག་གི་དགོང་མོར་གཤིན་རྗེ་ཆོས་རྒྱལ་རྒྱ་མ་ཚད་དུ་ཡོང་བར་བཤད་ན་འཕྱ་ལེ་ཡང་རྒྱག་ས་རེད།

    Reply
  17. དུག་མདའ། says:
    ལོ་ 13 སྔོན།

    བོད་མི་མང་ལ་དགོངས་དག་ཞུ་ཡ་ཡིན། ངས་ནི་མདང་དགོང་ཆང་ཁང་ཞིག་ནས་ལོ་གསར་བཏང་ཚར་ཡིན། ད་ནི་ལོ་རེ་ལ་མི་འགའ་རེ་འདས་པར་རྩིས་བརྒྱབ་ཏེ་ལོ་ལྔ་བཅུར་ལོ་གསར་མི་གཏོང་བར་རྒྱབ་སྐྱོར་ཡོད། མ་གཞི་ནས་བོད་ཟླ་བཅུ་གཉིས་པ་དང་དང་པོའི་ནང་མི་མང་ཆེ་བ་འཚོ་བའི་དོན་དག་ལ་བྲེལ་བས་ལོ་གསར་འདུ་འཛོམས་ཀྱི་བརྡ་འདྲ་སླེབས་ན་འགྲོ་ཁོམ་ཡང་མི་འདུག

    Reply
  18. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    རྟེན་འབྱུང་ལགས་་་རང་གཉིས་འདོད་པ་མཐུན་པར་དགའ་པོ་བྱུང་།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    རྐང་གསུམ་ལགས་་་་ཡག་པོ་འདུག
    བཙན་བྱོལ་བའི་གླུ་བ་དང་གླུ་མ་ཚོས་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམས་སུ་བསྟོད་གླུ་ལེན་དགོས་ལ་་་ནང་མི་གཉེན་འབྲེལ་རྣམས་སུ་ཐུགས་གསོ་ཞུ་པའི་སྡུག་གླུ་ལེན་དགོས།

    ང་ཚོ་བོད་མི་ས་ཡ་དྲུག་གི་ཆེད་དུ་རང་སྲོག་བཏང་མཁན་རྣམས་ནི་ཁ་མ་ཡིན་དོན་གྱི་བོད་མི་རིགས་སྐྱོབ་པའི་སྐྱབས་གནས་ཡིན། ཁོང་རྣམས་པའི་ནང་མི་ཕ་མ་རྣམས་ཀྱི་སེམས་ཀྱི་སྡུག་བསྔལ་ཁ་ནས་བཤད་མི་ཤེས་པ་ཞིག་དང་ལག་པའི་འབྲི་མི་ཤེས་པའི་སྡུག་བསྔལ་རེད། ཁོང་རྣམས་པའི་བཀའ་དྲིན་གསོལ་དགོས།

    སྐྱིད་ན་སྐྱིད་ཀྱི་རྟ་ཕོ་བཞོན་རོགས་བོད་རིགས་སྤུན་ཟླ་རེད།
    སྡུག་ན་སྡུག་གི་ལོ་གསར་གཏོང་རོགས་བོད་རིགས་སྤུན་ཟླ་རེད།
    ས་ཡ་དྲུག་གི་སྐྱིད་སྡུག་མཉམ་མྱོང་དཔའ་བོའི་འབོད་སྒྲ་རེད།
    ཁ་བ་རི་པའི་རང་དབང་རང་བཙན་ཤི་བོའི་རེ་བཞག་རེད།

    Reply
  20. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    ང་རང་སྒེར་གྱི་བསམ་ཚུལ་འདི་ན་ཡོད།

    https://tibettimes.net/wordpress/blogs.php?id=55&post_id=17728

    Reply
  21. ཉེར་གཅིག་པའི་ཅོང་རྡ། says:
    ལོ་ 13 སྔོན།

    ལོ་སར་མ་བཏང་ན་ཡག་པོ་རེད་ལ། ཞལ་འདེབས་ཀྱང་བསྡུ་ན་ཡག་པོ་རེད།
    ཡིན་ན་ཡང་། གཞོན་ནུ་མགོ་མཇུག་མེད་པའི་སྐད་ཆ་འདིར་ཆ་འཇོག་ས་མིན་འདུག
    ༼བོད་རང་བཙན་སླར་གསོའི་ཆེད་མ་དངུལ་བསྡུས་ཏེ་དབུས་བོད་མིའི་སྒྲིག་འཛུགས་ལ་སྤྲོད་ཀྱི་ཡིན་༽ཟེར་བ་དེ་ག་རེ་ཟེར་གི་ཡོད་པ་རེད།

    Reply
  22. རྐང་གསུམ། says:
    ལོ་ 13 སྔོན།

    ངས་སྐད་ཆ་བཤད་མཁན་འདི་ཚོའི་ནང་ནས་བུ་མོ་བསྟན་འཛིན་དཀོན་མཆོག་གི་སྐད་ཆ་ལ་རྒྱབ་སྐྱོར་ཡོད། རྒྱུ་མཚན་ད་ལོར་ང་ཚོས་ངེས་པར་དུ་ལོ་གསར་གཏོང་དགོས་པ་མ་ཟད། ལོ་གསར་ཚེས་གཅིག་ཉིད་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གླུ་བ་གླུ་མ་ཚོས་མ་སྐུལ་རང་འགུལ་འོག བོད་ཀྱི་དཔའ་བོའི་རྗེས་དྲན་སྲུང་བརྩིའི་གླུ་དབྱངས་ཆོས་ཚོགས་ཆེན་མོ་ཞིག་རིན་མེད་ཐོག་བསྡུ་དགོས་པར་འདོད། སྐབས་དེར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་གང་མང་གླུ་དབྱངས་ཆོས་ཚོགས་འདིའི་ཐོག་ཡང་དགོས་ལ། ཡོང་པ་ཙམ་དུ་མ་ཟད་རང་སྟེང་ནས་འགན་ཞིག་ཁུར་དགོས་པ་ནི། གླུ་དབྱངས་ཆོས་ཚོགས་འདིར་ཡོང་སྐབས་སློབ་ཕྲུག་ཚོས་ངེས་པར་དུ་ལུས་ཀྱི་གོས་ཐུང་ཡོད་ཚད་ནག་པོ་གོན་དགོས་པར་འདོད། དེ་བཞིན་གླུ་དབྱངས་ཆོས་ཚོགས་འདི་ལ་མཉམ་ཞུགས་བྱེད་མཁན་གྱི་གྲྭ་བ་དང་བཙུན་མ་མི་སྐྱ་སུ་དང་སུ་ཡིན་ན་བྱ་སྤྱོད་འདི་ལ་མཐོང་ཆེན་དང་བརྩི་བཀུར་འོག་རང་གི་གོས་ཐུང་ཡོད་ཚད་ནག་པོ་གོན་དགོས། དེ་མིན་གླུ་དབྱངས་ཆོས་ཚོགས་འདི་ལ་མཉམ་ཞུགས་བྱེད་མཁན་གྱི་བཙན་བྱོལ་བོད་ཀྱི་གླུ་བ་གླུ་མ་ཚོས་ཀྱང་གོས་ཐུང་ཡོད་ཚད་ནག་པོ་གོན་དགོས་པ་མ་ཟད་གླུ་ཚིག་ཡོད་ཚད་སྐབས་དོན་གྱི་གླུ་དབྱངས་ཆོས་ཚོགས་དེ་དང་འབྲེལ་བ་ཡོད་པ་ཞིག་དང་། དབྱངས་ཀྱི་འགྱུར་ཁུག་ཡོད་ཚད་སྐྱོ་ཉམས་ཀྱི་རང་བཞིན་ཞིག་ངེས་པར་དུ་ཡིན་དགོས་པར་འདོད། གནད་དོན་འདིའི་ཐོག་ན་དགེ་མཚན་ཅི་ཞིག་ཡོད་མེད་ངས་ད་ལྟ་མི་བཤད་་་་་་་་འདི་འདྲ་བྱས་ན་དྲ་གྲོགས་ཚོས་ཅི་ཞིག་བསམ་གྱི་འདུག???????????????

    Reply
  23. རྟེན་འབྱུང་། says:
    ལོ་ 13 སྔོན།

    བོད་ཀྱི་ལོ་གསར་འདི་བོད་མི་གོམས་གཤིས་སམ་སྲོལ་རྒྱུན་རེད་ལ་ལོ་གསར་མ་བཏང་བར་མྱ་ངན་བྱེད་པ་དེ་ཡང་གོམས་གཤིས་དང་སྲོལ་རྒྱུན་རེད། ལོ་གསར་བཏང་དང་མི་བཏང་སྒེར་སོ་སོའི་བསམ་བློ་གཏོང་དགོས་པ་ཞིག་ལས་གཞན་གྱིས་བཙན་དབང་གཏོང་མཁན་ཡོད་པ་མ་རེད། གཞོན་ནུ་ཚོགས་པས་འབོད་སྐུལ་གནང་བ་ཙམ་རེད། དེ་འགྲིག་གི་ཡོད་པ་རེད། ཞལ་འདེབས་སློང་བ་ཡང་འགྲིག་པ་ཞིག་རེད། དངུལ་མེད་ན་ལས་འགུལ་ག་འདྲ་སེ་སྤེལ་དགོས་རེད། ང་ནི་དེ་ལ་རྒྱབ་སྐྱོར་ཡོད། ལོ་གསར་ཡང་གཏོང་གི་མིན། རེ་སྐུལ་ཞུ་ཡ་ཞིག་ལ། བོད་ཀྱི་དཔའ་བོ་ཁོང་ཚོའི་སྐུ་པར་ཕྱོགས་གཅིག་ཏུ་སྒྲིག་ནས་མིང་དང་ལོ་བཅས་ཡོད་པ་ཤོག་ངོས་གཅིག་ནང་ཚང་མ་ཡོད་པ་ཞིག་སྒྲིག་ནས་འགྲེམ་སྤེལ་གནང་ཐུབ་ན་ཡག་པོ་ཞེ་དྲག་འདུག། ཅོ་རི་ཉི་མས་བཤད་པ་དེར་འདོད་པ་ཞེ་དྲག་ཡོད།
    ང་ནི་ཐབས་སུ་རང་བཙན་རྩོད་ནས་མཐར་ཐུག་གི་དམིགས་ཡུལ་ནི་རང་སྲིད་རང་སྐྱོང་གཙང་མ་ཞིག་འཐོབ་རྒྱུ་རེ་བ་རྒྱག་མཁན་ཞིག་ཡིན།

    Reply
  24. ཤིང་ལོ། says:
    ལོ་ 13 སྔོན།

    བོད་མི་སུས་ཀྱང་ད་ལོར་དགའ་དགའ་སྤྲོ་སྤྲོའི་ཐོག་ལོ་སར་མི་བྱེད་པ་ང་ལ་ཡིད་ཆེས་ཡོད། འོན་ཀྱང་སོ་སོའི་བླ་མ་དང་། ཕ་མ་ལ་ངེས་པར་དུ་ལོ་སར་སྐྱེལ་དགོས་པ་རེད་ལ། ལོ་གསར་བའི་ནང་བཀྲ་ཤིས་དང་བདེ་ལེགས་ཡོང་ཆེད་རླུང་རྟ་འཛུགས་པ་དང་། བསང་གསོལ་གཏོང་བ་སོགས་བྱེད་དགོས།

    Reply
  25. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ལོ་གསར་གཏོང་དགོས་་་་་ལྷག་པ་ཏུ་བོད་ནང་དུ་ལོ་གསར་གཏོང་དགོས། ལོ་གསར་གྱི་སྐབས་སུ་དར་ལྕོག་བཙུགས་པ་དང་ལྷ་གསོལ་ཀླུ་གསོལ་བྱས་བསྡད་པའི་ཚབ་ཏུ་སྐུ་ལུས་ཞུགས་འབུལ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་སུ་གསོལ།

    བོད་ཕྱི་ནང་གཉིས་ཀྱིས་སྡུག་གི་ལོ་གསར་ཞིག་གཏོང་དགོས། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དྲན་དགོས། ཁོང་རྣམས་པའི་སྐུ་དཔར་གཤམ་དགོས། གསོལ་བ་བཏབ་དགོས། ལུས་ནས་ཁྲག་བཙུར་མ་ཐུབ་ཀྱང་མིག་ནས་ཆུ་གཏོང་དགོས།

    ལྷག་པ་ཏུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ནང་མི་གཉེན་འབྲེལ་རྣམས་སུ་ཐུགས་གསོ་ཞུ་དགོས། བཀའ་དྲིན་གསོལ་དགོས།

    Reply
  26. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    སྤྱིར་བཏང་བཤད་ན་ལོ་སར་ནི་མི་རིགས་ཚང་མར་གཅིག་མཚུངས་སུ་ཡོད་པའི་དུས་ཆེན་ཁྱད་པར་བ་ཞིག་ཡིན་ཡང་་་མི་རིགས་རེ་རེར་གོམས་སྲོལ་མི་འདྲ་བ་རེ་ཡོད་པས་ང་ཚོ་བོད་པའི་ཁྱིམ་ཚང་གཅིག་ལ་མི་གཅིག་ཤི་བའི་ལོ་དེར་ལོ་སར་མི་གཏོང་བར་མྱ་ངན་བྱེད་རྒྱུའི་སྲོལ་སྔ་མོ་ནས་དར་ཡོད། འདི་ནི་ཁྱིམ་ཚང་གཅིག་གི་བྱེད་སྒོ་ཡིན་ཡང་ད་ལོ་བོད་མི་རིགས་ཀྱི་ཆེད་དུ་བོད་མི་འདི་འདྲའི་མང་པོ་ཞིག་གིས་རང་སྲོག་བཏང་བས་ལོ་ངན་འདིར་ང་ཚོ་བོད་པ་ཡོངས་ཀྱིས་མྱ་ངན་མཚོན་བྱེད་དུ་ལོ་སར་མ་བཏང་ན་ཡག་པོ་འདུག

    Reply
  27. རྩ་ཐང་གི་བྱམས་བརྩེ། says:
    ལོ་ 13 སྔོན།

    ལོ་གསར་ནི་གཏོང་གིས་ཡིན།གང་ལ་ཟེར་ན་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རིགས་རང་ཉིད་ཀྱི་ཐུན་མིན་ལམ་སྲོལ་ཞིག་ཡིན་པས་ལོ་གསར་གཏོར་འཆར་ཡོད།
    རྒྱ་གཞུང་ལ་ངོ་རྒོལ་བྱེད་རྒྱུ་ཡིན།གང་ཡིན་ཟེར་ན་བོད་མི་གཞི་རྩའི་གནད་དོན་ལ་རྩིས་མེད་རྡོག་རོལ་བཏང་བཞིན་པ་དེ་ལ་ལོ་རྒོལ་མུ་མཐུད་བྱེད་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese