ནམ་མཁའ་ན་སྤྲིན་པ་མེད་པའི་ཉི་མ་ཞིག་སྟེ། ༡༩༨༧ ལོའི་ཟླ་དགུ་པའི་ནང་ལྷ་སར་ངོ་རྒོལ་བྱུང་བ་རེད། རྒྱ་དམག་སེ་ར་དང་འབྲས་སྤུངས། དགའ་ལྡན་དགོན་པ་བཅས་ལ་རྒྱུགས་ནས་དགེ་འདུན་པ་འཛིན་བཟུང་བྱས་པ་རེད། དེ་ནི་ལོ་ ༢༠ གོང་གི་གནས་ཚུལ་ཞིག་རེད། འོན་ཀྱང་པེ་ཅིན་ན་སྐབས་ཐོག་དེ་ལ་དགེ་འདུན་པ་དེ་ཚོའི་གྲོགས་པོ་ཞིག་ཡོད་པ་རེད། གྲོགས་པོ་དེ་ནི་པཎ་ཆེན་རིན་པོ་ཆེ་རེད། པཎ་ཆེན་རིན་པོ་ཆེས་བཀའ་སློབ་གནང་བ་ལ་བརྟེན་ནས་དགེ་འདུན་པ་རྣམས་གློད་གྲོལ་བཏང་བ་རེད། དེ་ལྟར་བོད་ལ་དཀའ་རྙོག་བྱུང་སྐབས་པཎ་ཆེན་རིན་པོ་ཆེ་ནི་བོད་ཀྱི་ཁྱིམ་ཚང་གི་བདེ་སྡུག་ཞུ་སའི་ཡབ་ཆེན་ཞིག་ཏུ་གྱུར་པ་རེད།
ཁ་སང་བོད་ཀྱི་ན་གཞོན་ཞིག་ལ་གླེང་མོལ་བྱས་པ་ཡིན། གླེང་མོལ་དེ་ནི་སྐར་མ་ཁ་ཤས་རིང་གི་གླེང་མོལ་ཞིག་ཡིན། གླེང་མོལ་བྱེད་སྐབས་ཚིག་ཆེན་པོ་གཉིས་གློ་བུར་དུ་ཐོན་པ་དེས་ང་སྐབས་གཅིག་གི་རིང་སྙིང་རྩ་འགག་པ་ལྟ་བུའི་མི་ཞིག་ཏུ་བསྒྱུར། སྐད་ཆ་དང་པོ་ནི་ཁོས་ད་ལྟ་གཞུང་གི་ཕོགས་ལེན་གྱི་ཡོད་མོད་ཧ་ལམ་ཕོགས་དེ་ཡང་གཡུགས་ཆོག་ཆོག་ཏུ་བསྡད་འདུག་པ་དེ་ཡིན། སྐད་ཆ་གཉིས་པ་ནི་ཁོང་གིས་བོད་མི་ཚོ་ལ་མཐུན་སྒྲིལ་ཡོད་ན་བོད་དོན་ནི་ཟླ་བ་ཁ་ཤས་ཀྱི་རིང་ལ་ཐག་གཅོད་ཐུབ་པའི་གནད་དོན་ཞིག་ཏུ་མཐོང་གི་ཡོད་ཟེར།
ད་ལྟའི་རང་སྲོག་བློས་གཏོང་གི་ལས་འགུལ་འདི་འདྲ་ནི་ད་སྔ་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་རེད། དེར་བརྟེན། ལོ་རྒྱུས་ཀྱི་ཐོག་ནས་འདི་ལ་ཚོད་དཔག་བྱེད་ཐུབ་པ་ཞིག་མི་འདུག་ལ། ལས་འགུལ་འདིས་ང་ཚོ་ཁ་ཕྱོགས་གང་དུ་འཁྲིད་རྒྱུ་ཡིན་མིན་ལའང་ཚོད་དཔག་བྱེད་ཐུབ་པ་མི་འདུག ཤེས་རྟོགས་བྱུང་བ་ལྟར་ན། ཨ་མདོ་རྔ་བ་མི་མང་གིས་གལ་སྲིད་སྐྱབས་མགོན་ཀིརྟི་རིན་པོ་ཆེས་ལས་འགུལ་མཚམས་འཇོག་བྱ་དགོས་གསུངས་ནའང་མཚམས་འཇོག་མི་བྱེད་ཅེས་ཐག་ཆོད་པའི་རྣམ་འགྱུར་སྟོན་གི་འདུག་ཟེར།
ད་ལས་འགུལ་འདིའི་བློས་གཏོང་གི་ཚད་དེ་ནི་འགྲོ་བ་མི་ཞིག་གི་བློ་ཡུལ་ལ་ཤོང་པ་ཞིག་མ་རེད། ཨ་མ་དང་ཨ་ཕ་དག་གིས་སྙིང་ནས་བརྩེ་བའི་བྱིས་པ་རྣམས་དྭ་ཕྲུག་ཏུ་བཞག་ནས་ལས་འགུལ་ནང་ཞུགས་ཡོང་དུས། དེའི་ཆོད་སེམས་ཀྱི་ཚད་མཐོང་ཡོང་གི་འདུག རྒྱ་ལ་གཤིབས་ནས་ལས་ཀ་བྱེད་མཁན་གྱི་བོད་རིགས་ཚོ་ལ་མཚོན་ན། རྒྱ་ལ་གཤིབས་ནས་མི་ཚེ་བསྐྱལ་འདོད་མེད་པ་དང་། རྒྱ་ལ་གཤིབས་ནས་མི་ཚེ་བསྐྱལ་ན་བོད་མི་རིགས་འདི་གསོན་མི་ཐུབ་པའི་གནས་སྟངས་དེ་ལ་ངེས་ཤེས་བརྟན་པོ་ཞིག་རྙེད་འདུག
ད་ངས་ལོ་ཤས་གོང་གི་གནས་ཚུལ་ཞིག་ལ་དྲན་གསོ་གཏོང་། གནས་ཚུལ་དེ་ནི་བོད་མིའི་བསམ་བློའམ་འཇིག་རྟེན་ལྟ་ཚུལ་ཞིག་རེད་མ་གཏོགས། ཚན་རིག་གི་ཐོག་ནས་ཚད་གྲུབ་ཏུ་འཇོག་པ་ཞིག་མ་རེད། གནས་ཚུལ་འདི་མ་ཞུས་གོང་ལ་ངས་བཤད་ན་འདོད་པ་ནི། ༧གོང་ས་མཆོག་གི་སྐོར་ཡིན། ༧གོང་ས་མཆོག་གིས་བོད་གཞུང་གི་སྲིད་དབང་རྩིས་སྤྲོད་ཀྱིས་བགྲེས་ཡོལ་གནང་བ་དེ་ལ་བསམ་ཚུལ་འདྲ་མི་འདྲ་བྱུང་ཡོད། བསམ་ཚུལ་དེ་དག་གི་ཁྲོད་ཀྱི་གཅིག་ནི། ༧རྒྱལ་བ་རིན་པོ་ཆེ་ཞུ་བ་འདི་ནི་བོད་ཀྱི་བསྟན་སྲིད་གཉིས་ཀྱི་མངའ་བདག་རེད་ལ། དེ་ཡང་དགའ་ལྡན་ཕོ་བྲང་གི་ལོ་ཡུན་དེ་ཚོ་དང་། སྐུ་ཕྲེང་བཅུ་བཞིའི་རིང་གི་དངོས་ཡོད་གནས་ཚུལ་ཞིག་རེད། དེར་བརྟེན། ༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་རིགས་ཀྱི་མགོན་སྐྱབས་ཡིན་པ་འདི་ལ་དགོངས་པ་ཞུ་རྒྱུ་ཞིག་དང་དགོངས་པ་ཞུ་ས་ཞིག་ཡོད་མ་རེད་ཟེར་བ་དེ་རེད།
ད་མུ་མཐུད་ནས་གནས་ཚུལ་འདི་ལ་སྣོན་པ་བརྒྱབ་པ་ཡིན་ན། ༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་ནི། མཁས་བཙུན་བཟང་གསུམ་གྱི་མཛད་པ་གང་ཅིའི་ཐད་ནས་འཕགས་པ་སྤྱན་རས་གཟིགས་སྐུ་གསོན་པོ་ཞིག་ཡིན་པ་རེད། སྐུ་གསོན་པོ་འདི་ལའང་དགོངས་པ་ཞུ་ས་ཞིག་མེད་པ་རེད། དེར་བརྟེན་༧སྐྱབས་མགོན་ཐམས་ཅད་མཁྱེན་པ་ནི་དུས་ནམ་ཡིན་ཡང་བོད་མི་རིགས་ཀྱི་མགོན་པོ་དང་སྐྱབས། ཡབ། ཡབ་ཆེན་བཅས་ཡིན་པ་རེད་ལ། ཡབ་ཆེན་ཁོང་བོད་ལ་ཕེབས་རྒྱུ་ནི། ད་ལྟའི་ལས་འགུལ་ནང་གི་འབོད་སྒྲ་གསལ་ཤོས་ཤིག་རེད།
ད་ང་ཚོའི་ཡབ་ཆེན་༧སྐྱབས་མགོན་ཆེན་པོས་བོད་མི་ཚོ་ལ་བཀའ་སློབ་གནང་རན་འདུག ༧སྐྱབས་མགོན་ཆེན་པོ་ཉག་གཅིག་གིས་གསུངས་ན་བོད་མི་ཚོས་མཉན་གྱི་རེད། ད་བར་དུ་༧སྐྱབས་མགོན་ཆེན་པོས་བཀའ་སློབ་གནང་མ་སོང་བ་གང་ཡིན་ནམ། དྲི་བ་འདི་དག་ནི་ཁ་སང་དེ་རིང་གི་དྲི་བ་ཆེ་ཤོས་དེ་རེད། ད་ལོ་ཤས་གོང་གི་གནས་ཚུལ་དེ་དྲན་གསོ་གཏོང་། ༧སྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་ལས་ཀ་ནས་བགྲེས་ཡོལ་ལ་ཕེབས་ཀྱི་གསུངས་པའི་སྐབས་ཐོག་དེ་ལ། ད་ལྟ་བོད་མི་ཚོ་ལ་བློ་ཕམ་ཞིག་ཡོང་གི་རེད། འོན་ཀྱང་ལོ་ཁ་ཤས་ཀྱི་རྗེས་ལ་བོད་མི་ཚོས་ངའི་ཐག་གཅོད་ནོར་མེད་པ་དེ་ཤེས་ཡོང་གི་རེད་ཅེས་གསུངས་སོང་། ད་དེ་དུས་ཀྱི་བཀའ་སློབ་དེ་དག་ཁ་སང་དེ་རིང་གི་གནས་ཚུལ་འདི་དག་ལ་དགོངས་པ་ཞིག་ཡིན་ནམ། ད་དུང་འདི་ལྟར་ཉི་མ་གཅིག་གམ་ཟླ་བ་གཅིག ཡང་ལོ་གཅིག་གམ་ལོ་བཅུ་བསྡད་པ་ཡིན་ན། བོད་མི་རིགས་ལ་བློ་འགྱོད་མི་ཡོང་བའི་དོན་དེ་འགྲུབ་རྒྱུ་ཡིན་ནམ།
ཡིན་ན་ཡང་། ད་བཟོད་ཐུབ་པ་མི་འདུག་ཡབ་ཆེན་ལགས། མེར་སྲེག་གི་ལས་འགུལ་འདི་བཟོད་ཐུབ་པ་མི་འདུག འདི་ལྟར་བོད་མི་རེ་རེའི་སྐུ་ཤ་གསོན་པོ་དེ་སྙིང་རྗེ་བྲལ་བའི་མེ་ཡིས་འཚིག་ན་བཟོད་ཐུབ་པ་མི་འདུག ཡབ་ཆེན་ལགས། འདི་མཚམས་འཇོག་ཡོང་བའི་བཀའ་སློབ་ཅིག་གནང་རོགས། མེས་འཚིག་དང་འཚིག་བཞིན་པའི་སྤུན་ཟླ་ཕོ་མོ་ཙམ་ཞིག་མ་རེད། དེ་དག་གི་ཕ་མ་སྤུན་མཆེད། དེ་དག་གི་མིང་སྲིང་བུ་ཕྲུག དེ་དག་གི་གྲོགས་པོ་གྲོགས་མོ། དེ་དག་གི་ཡུལ་སྡེ་ལུང་སྡེ། ད་ངོ་རྒོལ་དང་དམག་འཁྲུག་གི་བར་སྟོང་དེ་ཇེ་ཆུང་ལ་འགྲོ་བཞིན་འདུག འཛམ་གླིང་ན་བོད་ལ་སྙིང་རྗེ་ངོ་མ་བྱེད་མཁན་གྱི་རྒྱལ་ཁབ་གང་ཡང་མི་འདུག ཚང་མ་རང་དོན་ལ་འཐམས་ནས་བསྡད་ཡོད། ཡབ་ཆེན་ལགས། ད་གནས་སྐབས་རིང་ལས་འགུལ་འདི་དག་མཚམས་འཇོག་ཡོང་བའི་བཀའ་སློབ་གཅིག་གསུངས་རོགས། ཁྱེད་མིན་པའི་གཞན་སུ་ཞིག་ལའང་ལས་འགུལ་འདི་འགོག་པའི་ནུས་པ་མི་འདུག
བོད་དོན་འཐབ་རྩོད་ཀྱི་ལས་འགུལ་འདི་ནི་འཕྲལ་ཕུགས་གཉིས་ཀྱི་འཆར་གཞི་ཞིག་རེད། ང་ཚོའི་འཕྲལ་གྱི་རྒྱལ་ཁ་དེ་ད་ཆ་ཐོབ་ཚར་སོང་། པེ་ཅིན་གྱི་མིག་ལ་བོད་ཀྱི་གནད་དོན་དེ་གསལ་པོར་ངོ་སྤྲོད་བྱས་ཡོད། ཁྱེད་བཙན་བྱོལ་ལ་ཞབས་རྗེས་བཀོད་པའི་ཉི་མ་དེ་ནས་བཟུང་སྟེ། དུས་དེ་རིང་གི་བར་དུ་གཞིས་ལུས་བོད་མིས་པེ་ཅིན་ལ་གོ་བརྡ་གསལ་པོར་སྤྲད་ཡོད། ད་ཕུགས་ཀྱི་འཆར་གཞི་དེ་ལ་གོམ་པ་གང་ཕྱིར་སྣུར་བྱེད་དགོས་ཀྱང་བྱེད་རྒྱུ་རང་རེད། གནས་སྐབས་རིང་གོམ་པ་གང་ཕྱིར་སྣུར་བྱེད་དགོས་ཀྱང་བྱེད་རྒྱུ་རེད། རྒྱུ་མཚན་དེས་ན། ཡབ་ཆེན་ལགས། ཞལ་གསོན་པོས་བོད་མི་རིགས་ལ་བཀའ་སློབ་ཅིག་གནང་རོགས། ཞལ་གསོན་པོས་བོད་མི་རིགས་ལ་ལས་འགུལ་འདི་མཚམས་འཇོག་ཡོང་བའི་བཀའ་སློབ་ཅིག་གནང་རོགས། ཞེས་པུས་མོའི་སླ་ང་ས་ལ་བཙུགས་ཤིང་ལག་གཉིས་ཐལ་མོ་སྦྱར་ཏེ་གསོལ་བ་ཕུར་ཚུགས་སུ་འདེབས་པ་པོ་བདག་ནི་ཕ་ཡུལ་གངས་ཅན་ནས་བར་ཐག་ཤིན་ཏུ་རིང་བའི་ཡུལ་ཞིག་ན་གནས་བཅས་པའི་རྒད་པོ་ཀུན་དགའ་ཚེ་རིང་ལགས་སོ།།
བོད་མི་ཚོས་རང་སྲོག་མེ་ལ་ཕུལ་བ་ནི་བོད་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་། བོད་ཀྱི་ཆོས་དང་རིག་གཞུང་འཆི་གསོན་མཚམས་ནས་སྐྱབ་རྒྱུའི་ཆེད་དུ་ཡིན་པས་གོང་གསལ་དེ་དག་མི་དགོས་མཁན་ཞིག་ཡོད་ན་ལས་ཁོང་ཚོ་ལ་མེར་སྲེག་གི་ལས་འགུལ་མི་སྤེལ་བའི་འབོད་སྐུལ་ཞུ་བའི་དབང་ཆ་སུ་ལ་ཡང་མེད་པར་འདོད།
མིང་མེད་པའི་མི་ལགས། དྲང་མོར་བཤད་ན་ཅི་ཡང་མི་ཤེས་པའི་མི་ཞིག་ལ་སྐད་ཆ་ཤོད་དགོས་ན་དེ་ནི་ལས་སླ་བོ་ཞིག་གཏན་ནས་མིན་དེ་ལ་དཔལ་ས་སྐྱ་བས་འདི་ལྟར་གསུངས་ཡོད། ། གོ་བ་མེད་པའི་གླང་རྒན་ལ།། རྒྱལ་བོའི་བཀའ་ལས་དབྱུགས་པ་བཙན། ། དེར་བརྟེན་ཅང་མི་ཤེས་ན་ཁ་ཚུམས་ནས་བསྡད་ན་ལེགས་པ་ཡིན་དེ། བླུན་པོ་སྨྲ་བ་ཉུང་ངུ་བྱས་ན་མཛེས་སོ། ཞེས་ཀྱང་དམ་པ་གོང་མས་གདམས་ཡོད། ད་མང་པོ་མི་བཤད། ཅང་མི་ཤེས་ན་ཁ་ཚུམས་རོགས། བོད་རྒྱལ་ཁབ་ཆེན་མོའི་ཤི་གསོན་གྱི་ཆེད་དུ་ཁ་ཚུམས་རོགས། སངས་རྒྱས་བསྟན་པའི་ཆགས་འཇིག་ཆེད་དུ་ཁ་ཚུམས་རོགས། ༧གོང་ས་མཆོག་སྐུ་ཚེ་འདིར་རང་ཡུལ་གངས་ཅན་དུ་ཞབས་སོར་འཁོད་ཆེད་ཁ་ཚུམས་རོགས། དགྲ་བོ་རྒྱ་དམར་བོད་ནས་མཐར་སྐྲོད་ཆེད་ཁ་ཚུམས་རོགས། རང་ཉིད་ཀྱིས་མི་འཇོན་ཀྱང་གཞན་གྱི་རྒྱུག་ལམ་མི་འགོག་ཆེད་ཁ་ཚུམས་རོགས། མཐར་གཏུགས་ན་མིག་ཕྱེ་རོགས། ཁ་ཚུམས་རོགས།
རྒད་པོ་ཀུན་བཟང་ཚེ་རིང་གིས་བསམ་བློ་གཏོང་དགོས་པ་ཞིག་ལ སྤྱིར་མེར་བསྲེག་པའི་གྲངས་མང་པོ་འདུག ལྷག་ཏུ་ལོ་ན་གཞོན་གཞོན་ཤ་སྟག་ཡིན་དུས་ཤས་མི་བཟོད་པ་ལྟ་བུ་ཞིག་འདུག་ཀྱང། མི་རིགས་དང་རྒྱལ་ཁབ་ཅིག་དོན་ཆེན་ལ་བསམ་བློ་བཏང་ན་ཁ་གྲངས་ལ་མང་རྒྱུ་གང་ཡང་མེད། རང་བཙན་བསྐྱར་གསོ་བྱེད་པའི་རྒྱལ་ཁབ་དང་མི་རིགས་སུ་དང་སུ་ཡིན་ནའང་་་་་མི་ཤི་བའི་གྲངས་ཀ་ནི་ས་ཡ་་་བྱེ་བ་ལས་མང་བ་མཁྱེན་ངེས་རེད། རང་ལུས་མེར་བསྲེག་མཁན་རྣམས་ཀྱི་བཀའ་དྲེན་ལ་བརྟེན་ནས་འཛམ་གླིང་མི་མང་དང་རྒྱལ་ཁབ་ཁག་ལ་བོད་པའི་བདེ་སྡུག་བཤད་པའི་ལྕེ་ཞིག་བྱུང་བ་རེད་མ་གཏོགས། གཞན་ང་ཚོའི་འདི་ནས་ཁ་སྐམ་ནང་ནས་ཚིག་སྐམ་རེས་ཕན་གང་ཐོགས། མེར་བསྲེག་མི་དགོས་པའི་གཞིས་བཞུགས་མི་མང་ལ་ཆོས་དད་རང་མོས་། འགྲོ་བ་མའི་ཐོབ་ཐང། རང་དབང་ཆ་ཚང་ཡོང་བའི་ཐབས་ལམ་སྟོན་རོགས་ཀྱིས་དང། དེ་མེད་ན་བོད་མིའི་དགོས་འདུན་འགྲུབ་དགོས་པ་རེད་དམ་མ་རེད། བོད་མི་སུ་ཡིན་ཀྱང་འདི་མ་བྱུང་ན་བསམ་ནས་ཡོད་ནའང་་་་་ཐབས་ཟད་པའི་ལམ་ཁ་འདི་ལས་མ་ལྷག་མཁྱེན་དགོས་།
རེད་རེད་ དོན་དངོས་ཐོག་དེ་ག་རང་རེད་ ད་ལྟ་གོང་ས་མཆོག་གི་སྐུ་དབང་ཡོངས་རྫོགས་མངས་ཚོགས་ལ་གནང་ཚར་ནའང་ཁོང་གིས་བོད་མི་རྣམས་ལ་གནས་སྐབས་རིང་འཚམས་འཇོག་དགོས་པའི་འབོད་བསྐུལ་ཞུ་བའི་འོས་བབས་ཆ་ཚང་ཡོད་ གང་ལགས་ཞེ་ན་ད་ལྟའི་བར་སྤུན་ཟླ་བཅུ་ཁྲག་གསུམ་ཙམ་མེ་མཆོད་ཕུལ་བ་དེ་བོད་མི་རིགས་ཆད་དུ་ཡིན་ལ་ཁོང་གིས་ཆད་དུའང་ཡིན་ ད་དུང་དེ་ལྟར་བཞག་ན་ཉིན་ཞིག་བོད་མི་བརྒྱ་ཁྲག་སྐུ་ལུས་མེ་མཆོད་འབུལ་སྲིད་ དེ་དུས་གཞིས་བྱིས་མཉམ་འཛོམས་ཡོང་བའི་ཁག་ཐིག་སུས་བྱེད་ཐུབ་བམ། ང་ནི་མིང་མེད་པའི་རྩོམ་པ་པོ་ལ་རྒྱབ་བསྐྱོར་མཐའ་ཅིག་དུ་ཡོད་ལ་ ཁོང་གིས་རེ་བ་ལྟར་གོང་ས་མཆོག་ལ་འང་རེ་བ་གཅིག་མཚུངས་སུ་ཞུ་བ་ཡིན། དེ་ལྟར་ཞུ་བ་ནི་གུས་པ་བོད་མི་གཙང་མ་ཞིག་གིས་མྲ་བརྗོད་རང་ཆ་ཚང་ཡོད་པའི་ཡིན།།
སྙིང་ལ་བཟོད་དཀའི་ཚ་ཚགས་རྒྱུགས་ཅི་ཁག ཁྱེད་པུ་ག་ལ་ཡིན། བོད་དུ་ཁས་མཆེ་མཁན་ཚང་མ་དེ་ལྟར་ཡིན་ངེས། འོན་ཀྱང་། ཁྱོད་ཀྱིས་ཞུ་བ་བྱེད་ས་དེ་ནོར་བ་རེད། ཞུ་བ་བྱེད་དགོས་ན་རྒྱ་མིའི་གཞུང་ལ་བྱེད་དགོས་པ་རེད། འདི་དག་ཡོད་ཚད་བཟོ་མཁན་རྒྱ་གཞུང་རེད། གལ་སྲིད་གོང་ས་མཆོག་གིས་མ་བྱེད་གསུངས་དེ་ལས་འགུལ་འདི་མཚམས་འཇོག་བཅུག་པ་ཡིན་ན། ཧ་ལམ་༸གོང་ས་མཆོག་ལས་འགུལ་འདིར་སྐུལ་སློང་བྱེད་མཁན་གྱི་ངོ་བོར་རྒྱ་གཞུང་གིས་ཤུགས་ཆེན་པོའི་གླེང་ངོས་ཡིན་པ་མ་ཟད། བོད་ནང་གི་ལས་འགུལ་མཐའ་དག་ནི་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཁ་ལོ་སྒྱུར་བཞིན་པ་ཞིག་ཏུ་སྒྲུབ་སྲིད་ལ། དེ་ལྟ་བུའི་མཐོང་སྣང་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་སླེབས་སྲིད་པས་རེད།
རྒད་པོ་ཀུན་དགའ་ཚེ་རིང་ལགས ། ༸གོང་ས་མཆོག་གིས་ཆབ་སྲིད་དབུ་ཁྲིད་ཀྱི་སྐུ་འགན་ཆ་ཚང་ལས་དགོངས་ཞུ་གནང་ཡོད་པ་རེད ། ད་འདི་བྱོས་དང་དེ་མ་བྱེད་གསུང་གི་མ་རེད ། བོད་ཀྱི་འཐབ་རྩོད་ཛ་དྲག་ཅན ། མངོན་གསལ་ཅན ། ཕན་འབྲས་ཅན ། ཞི་བ་ཅན ། ཁྱད་ཆོས་ཅན་འདི་ལ་འཕྲད་དུ་མཚམས་འཇོག་དགོས་ཚུལ་གྱི་རེ་འདུན་འབྲི་མཁན ། ཁྱེད་ཀྱི་རྩོམ་འདིའི་སྒྲོམ་བཀོད་སྟངས་དང་ ། མགོ་འཛིན་སྟངས ། དཀྱུས་སྦྲེལ་སྟངས ། མཇུག་སྒྲིལ་སྟངས ། དངོས་ཤུགས་བརྒྱུད་གསུམ་ན་ནུས་པ་འདོན་སྟངས ། ཁ་གཏིང་ཟུར་གསུམ་ན་སེམས་ཚོར་སློང་སྟངས་སོགས་གང་ལ་གཞིགས་ཀྱང་། དྲ་འབུ་རང་ག་བ་ཞིག་མ་རེད་འདོད་བྱུང་། གལ་དེ་གཞན་ཞིག་གི་ཚབ་ཡིན་ན ། ཕྱིར་ལན་འདི་སྐྱེལ་རོགས ། རང་ལུས་མེ་བསྲེགས་སོགས་མི་བྱེད་ཐབས་མེད་ཀྱི་རྩ་བའི་འབྱུང་ཁུངས་ནས་མཚམས་བཞག་ན །ལས་འགུལ་རང་ཤུགས་ཀྱིས་མཚམས་ཆད་འགྲོ་གི་རེད་ཟེར་རྒྱུ་ཡིན །
རྒད་པོ་ཀུན་དགའ་ཚེ་རིང་ལགས་སྤྱིར་མི་རིགས་ལ་བཅང་བའི་བརྩེ་དུང་ཞིག་ཡིན་ན་ཐང་འོན་ཀྱང། རྒྱ་ནག་དམར་གཞུང་གིས་སྡུག་རྩུབ་ཀྱི་སྲིད་བྱུང་འོན་ནས་བོད་མི་ཙམ་མ་ཡིན་པར་མི་རིགས་ལྔ་བཅུ་ང་བཞི་བོ་འདུག་འདོད་མེད་པ་གསལ་བོ་རེད། དེ་འདྲ་ཡིན་པར་རྒྱུ་མཚན་གང་ཡོད་ཟེར་ན་རྒྱ་ནག་རང་གི་མི་རིགས་ཚོ་ལ་གཟིགས་དང་ད་བར་མང་ཚོགས་ཡར་ལངས་བྱེད་ཀྱི་ཡོད་པ་དང་དར་དམར་འོག་ཏུ་གནས་འདོད་མེད་པ་གསལ་བོ་བསྟན་ཚར་རེད། དེ་འདྲ་ཡིན་དུས་རྒྱ་ནག་དམར་གཞུང་གི་སྲིད་བྱུང་ལ་འགྱུར་བ་མ་བཏང་པ་ཡིན་ན་༧གོང་ས་མཆོག་གིས་བཀའ་གནང་ཡང་བོད་མི་ཚོས་འཚམས་འཇོག་བྱེད་ཀྱི་མ་རེད་དྲན་སོང་། གང་ཡིན་ཟེར་ན་ཉི་མ་རེ་རེ་བཞིན་དྲག་གནོན་འོག་ཏུ་བཅུགས་ནས་འགྲོ་འདུག་རང་དབང་སོགས་མེད་པར་གནས་ཡོད་པས་སྐབས་འདིར་ཅི་ལྟར་འཚམས་འཇོག་གནང་དགོས་པ་རེད།
མིང་འགོད་མི་བདེ་བའི་གསོལ་འདེབས་འདི་སུས་བྲིས་པ་རེད་དམ། རྒྱ་ནག་གཞུང་གི་འདོད་པ་བསྒྲུབས་ཀྱི་ཡོད་ན། རྒྱ་ནག་གཞུང་རང་ངོས་ནས་བོད་ལ་འཛིན་པའི་སྲིད་ཇུས་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་རེད། དེ་མ་གཏོགས་རྒྱ་གཞུང་གིས་བོད་ལ་སྡུག་སྦྱོང་ཚད་མེད་གཏོང་གི་ཡོད་བཞིན་དུ་ངོ་རྒོལ་མ་བྱེད་ཅེས་ཟེར་ཐུབ་མཁན་ཞིག་བྱུང་སྲིད་དམ། གལ་སྲིད་བྱུང་བ་ཡིན་ན། མི་དེ་དང་རྒྱ་གཞུང་གི་ཁྱད་པར་གང་ཡིན་ནམ།
ད་ནི་གསོལ་འདེབས་འདིའི་འབུལ་བ་པོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་འདའ་ས་མེད། གལ་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐད་ཀར་གསོལ་འདེབས་འདི་འདྲ་ཞིག་འཛམ་གླིང་ཐོག་ཡོངས་བསྒྲགས་ཀྱིས་ཞུས་ན་༸གོང་ས་ཐམས་ཅད་མཁྱེན་པས་ཞལ་བཞེས་གནང་སྲིད་ཀི་རེད།