མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ཚོར་ཐོབ་ཐང་གཅིག་མཚུངས་སྤྲོད་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གར་ཀོང་རེ་སེ་གཞུང་གིས་སྐྱབས་བཅོལ་བོད་མི་སྡོད་ཡུལ་མངའ་སྡེ་ཁག་ནང་བཀའ་ཡིག་བཏང་སྟེ། མ་འོངས་རྒྱལ་ཡོངས་དམངས་ཕན་བདེ་འཁོད་གྱི་ལས་འཆར་ཁག་བོད་པ་ཚོར་གཅིག་མཚུངས་འཐོབ་དགོས་ཚུལ་བརྗོད་ཡོད་འདུག

ཟླ་འདིའི་ཚེས་ ༢ ཉིན་ཧིན་རྡུ་སི་ཐན་དུས་བབ་ (Hindustan Times) དྲ་རྒྱའི་སྟེང་གནས་ཚུལ་ཐོན་པ་ལྟར་ན། ཟླ་སྔོན་མའི་ཚེས་ ༡༥ ཉིན་རྒྱ་གར་དབུས་ནང་སྲིད་ལྷན་ཁང་གིས། སྐྱབས་བཅོལ་བོད་མི་གནས་སྡོད་མངའ་སྡེ་དང་ས་གནས་སྲིད་གཞུང་ཁག་ལ་ཕྱག་ཡིག་ཅིག་ཕེབས་ཏེ། རྒྱ་གར་དབུས་དང་ས་གནས་སྲིད་གཞུང་གིས་ལག་བསྟར་བྱེད་བཞིན་པའི་རྒྱལ་ཡོངས་དམངས་ཕན་བདེ་འཁོད་ཀྱི་ལས་འཆར་ (welfare schemes)ཞེས་པ་དེ་དག་སྐྱབས་བཅོལ་བོད་མི་ཚོར་ཡང་གཅིག་མཚུངས་ཐོབ་སྟངས་སྤྲོད་དགོས་སྐོར་འཁོད་ཡོད་ཀྱང་། བཀའ་ཁྱབ་དེ་ལག་བསྟར་བྱེད་མིན་བྷེ་ཇི་པེའི་སྲིད་གཞུང་གསར་པར་རག་ལས་ཡོད་སྐོར་བཀོད་འདུག

རྒྱ་གར་དབུས་ནང་སྲིད་ལྷན་ཁང་གི་ལམ་སྟོན་ཡིག་ཆའི་ནང་། རྒྱ་གར་དབུས་ས་གཉིས་ཀྱིས་ལག་བསྟར་བྱེད་བཞིན་པའི་དམངས་ཕན་བདེ་འཁོད་ཀྱི་ལས་འཆར་དག་ཀྱང་། བོད་མི་སྐྱབས་བཅོལ་བ་ཚོར་གཅིག་མཚུངས་ཐོབ་ཐང་སྤྲོད་དགོས་སྐོར་འཁོད་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་གར་དབུས་གཞུང་གིས་ཐད་ཀར་སྟངས་འཛིན་འོག་ཡོད་པའི་གྷན་དྷིའི་རྒྱལ་ཡོངས་གྲོང་གསེབ་ལས་ཞུགས་ལས་མིའི་ཐོབ་ཐང་བཅའ་ཡིག་ (Mahatma Gandhi National Rural Employment Gurantee Act) དང་། བདག་སྐྱོང་མེད་པའི་ཉམ་ཐག་པར་སྡོད་ཁང་སྤྲོད་ཕྱོགས་ཀྱི་ལས་འཆར་ (Rajiv Awas Yojana)། གྲོང་གསེབ་ཁུལ་གྱི་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞི་ (National Rural Health Management)། གཞུང་གི་དངུལ་ཁང་ནས་དངུལ་བུན་གཡར་ཆོག་པ་སོགས་ཀྱི་ཁེ་ཕན་དག་ཀྱང་བོད་མི་ཚོར་སྤྲོད་དགོས་སྐོར་འཁོད་ཡོད་འདུག

ད་དུང་ཡིག་ཆ་དེའི་ནང་རྒྱ་གར་རྒྱལ་ཡོངས་ནང་བོད་ཕྲུག་ཆེད་ལས་སློབ་སྦྱོང་བྱེད་མཁན་ཚོར་སློབ་ཡོན་ཆག་ཡང་བཏང་སྟེ་བོད་ཕྲུག་གང་མང་ལ་སློབ་ཡོན་སྤྲོད་རྒྱུ་ཙམ་མ་ཟད། སྐྱབས་བཅོལ་བོད་མི་ཚོར་ལོགས་སུ་ཁྲོམ་རྭ་མཁོ་སྤྲོད་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་དག་མངའ་སྡེའི་གཞུང་ལ་ཐོ་འགོད་བྱ་རྒྱུ་སོགས་རྒྱ་གར་གྱི་ཡུལ་མི་ཚོར་ཁེ་ཕན་ཐོབ་བཞིན་པ་དག་བོད་མི་ཚོར་ཐོབ་ཐབས་བྱ་དགོས་སྐོར་སོགས་འཁོད་ཡོད་འདུག གཞན། བོད་མི་གནས་སྡོད་མངའ་སྡེ་ཁག་གིས་སྐྱབས་བཅོལ་བོད་མིའི་དབུས་ངལ་སེལ་ཚོགས་པ་དང་ལྷན་དུ་ས་ཆ་བོགས་གཏོང་གི་གན་རྒྱ་འཇོག་དགོས་པ་ལས་བོད་མི་སྒེར་པ་དང་མཉམ་དུ་གན་རྒྱ་འཇོག་མི་ཆོག་ཚུལ་གསལ་ཡོད་འདུག ལམ་སྟོན་ཡིག་ཆའི་ནང་། “ རྒྱ་གར་དབུས་སའི་གཞུང་གིས་ལག་བསྟར་བྱེད་བཞིན་པའི་དམངས་ཕན་བདེ་འཁོད་ཀྱི་ལས་འཆར་མང་དག་ཅིག རྒྱ་གར་ཡུལ་མི་ཚོར་ཐོབ་བཞིན་ཡོད་པ་ལས་ད་སྔ་སྐྱབས་བཅོལ་བོད་མི་ཚོར་ཐོབ་ཀྱི་མེད་སྟབས། མ་འོངས་པར་མངའ་སྡེ་སོ་སོའི་གཞུང་གིས་བོད་མི་ཚོ་ལའང་གཅིག་མཚུངས་ཀྱི་ཁེ་ཕན་ཐོབ་ཐབས་བྱ་དགོས།” ཞེས་འཁོད་འདུག

ཀོང་རེ་སེ་གཞུང་གིས་ལམ་སྟོན་གསལ་བསྒྲགས་གནང་བའི་ཡིག་ཆ་དེ་རྒྱ་གར་གྱི་གཞུང་འཛིན་གསར་པ་སྐུ་ཞབས་ནཱ་རེན་ཌ་མུ་དྷེ་མཆོག་གིས་སྣེ་ཁྲིད་པའི་བྷེ་ཇི་པེ་གཞུང་གིས་ལག་བསྟར་གནང་བ་ཡིན་ན། རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་སྒར་ ༤༥ དང་ཁ་འཐོར་གནས་སྡོད་ཀྱི་བོད་མི་འབུམ་དང་ཁྲི་གཉིས་ལྷག་ལ་ཁེ་ཕན་ཐོབ་ཀྱི་ཡོད་འདུག

རྒྱ་གར་ནང་སྐྱེས་པའི་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་རྒྱ་གར་གྱི་རྩ་ཁྲིམས་ནང་། ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༢༦ ཉིན་ནས་ ༡༩༨༧ ཟླ་ ༦ ཚེས་ ༣༠ ཉིན་བར། རྒྱ་གར་ནང་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་ཚོས་རྒྱ་གར་གྱི་མི་སེར་ཐོབ་ཐང་བླངས་ཆོག་གི་ཡོད་པ་ཤེས་རྟོགས་བྱུང་འཕྲལ། ལྡི་ལི་གྲོང་ཁྱེར་རྒྱ་གར་ཡུལ་མིའི་ལག་འཁྱེར་ཐོ་འགོད་ལས་ཁུངས་ (passport office) དང་། དེའི་རྗེས་རྒྱ་གར་ལྡི་ལི་མཐོ་རིམ་ཁྲིམས་ཁང་བཅས་ལ་ཞུ་གཏུག་བྱས་ཏེ། ༢༠༡༠ ལོའི་ཟླ་ ༡༢ པའི་ཚེས་ ༢༢ ཉིན་ཁྲིམས་མཐུན་ཐོག་རྒྱ་གར་མི་སེར་ཐོབ་ཐང་བླངས་ཡོད་པ་ལྟར། ༢༠༡༣ ལོའི་ཟླ་ ༨ པའི་ནང་རྒྱ་གར་ལྷོ་ཕྱོགས་ཀཱ་ཎཱ་ཀྲ་ཁཱ་མངའ་སྡེའི་བོད་མི་ཞིག་གིས་ཀཱ་ཎཱ་ཀྲ་ཁཱ་མཐོ་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ་མི་སེར་གྱི་ཐོབ་ཐང་ལག་འཁྱེར་བླངས་ཡོད་འདུག

༢༠༡༤ ལོའི་ཟླ་ ༢ པའི་ཚེས་ ༧ ཉིན་རྒྱ་གར་འོས་བསྡུ་ལྷན་ཁང་གིས་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་དང་བསྟུན་ཏེ། ༡༩༥༠ ཟླ་ ༡ ཚེས་ ༢༦ ཉིན་ནས་ ༡༩༨༧ ཟླ་ ༦ ཚེས་ ༣༠ བར་རྒྱ་གར་ནང་སྐྱེས་པའི་བོད་མི་སྐྱབས་བཅོལ་བ་ཚོར་འོས་ཤོག་ལྡུག་ཆོག་པ་ཡོངས་བསྒྲགས་བྱས་རྗེས། ཟླ་ ༢ པའི་ཚེས་ ༡༩ ཉིན་ཧི་མ་ཅལ་མངའ་སྡེའི་འོས་བསྡུ་ལས་ཁུངས་ཀྱིས་ཀྱང་མངའ་སྡེའི་ཁྱབ་ཁོངས་ཀྱི་འོས་ཆོས་ཚང་བའི་བོད་མི་ཚོས་འོས་བསྡུ་དེབ་སྐྱེལ་བྱས་ཏེ་འོས་ཤོག་ལྡུག་ཆོག་པ་གསལ་བསྒྲགས་གནང་བ་ལྟར། ཐོག་མར་བོད་མི་ ༡༥༠༠ ལྷག་གིས་ཐོ་འགོད་བྱས་ཡོད་ཀྱང་། ཟླ་ ༥ པའི་ཚེས་ ༧ ཉིན་གྱི་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འོག་མའི་འོས་བསྡུའི་སྐབས་བོད་མི་ ༡༥༥ ཙམ་དང་། རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ཁྲོད་བོད་མི་ ༡༧༥༠ ལྷག་གིས་འོས་བསྡུའི་ཆ་ཤས་བླངས་ཡོད་འདུག

ཉམས་ཞིབ་པ་ཚོས་རྒྱ་གར་གཞུང་གིས་སྐྱབས་བཅོལ་བོད་མི་ཚོར་ཐོབ་ཐང་མང་པོ་ཞིག་སྤྲོད་བཞིན་ཡོད་པ་དེས། མ་འོངས་བོད་མིའི་གནས་སྟངས་ལ་འགྱུར་བ་འགྲོ་རྒྱུ་ཡིན་པ་དང་། བོད་མིའི་རྩ་དོན་དང་གཞིས་ཆགས་སྲ་བརྟན། རིག་གཞུང་བདག་སྐྱོང་སོགས་ལ་ཕན་ཐོགས་འབྱུང་སྲིད་ཀྱང་། བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་བློས་གཏོང་གནང་མཁན་གྱི་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཁམས་ལ་ཕོག་ཐུག་འགྲོ་སྲིད་སྐོར་བརྗོད་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༢༠ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 5

  1. དུག་ཏ། says:
    ལོ་ 12 སྔོན།

    རྣམ་རྒྱལ་སྒྲོལ་དཀར་ལགས་དོན་དངོས་གནས་བཤད་ན་ལྷ་རྒྱ་རིའི་སྲས་མོ་མ་རེད།

    Reply
  2. ལྗང་གཞོན། says:
    ལོ་ 12 སྔོན།

    ཡང་དྲ་གྲོགས་ཚོས་ཀོང་རེ་སི་ཡིས་ཆབ་སྲིད་འཁྲབ་པ་ཞིག་ཡིན་མིན་གྱི་སྐད་ཆ་བཤད་ཀྱི་འདུག་ལ། བོད་པ་མི་ཉུང་བ་ཞིག་གིས་ཀྱང་དེ་ལྟར་འདོད་སྲིད། གང་ལྟར། ཆབ་སྲིད་འཁྲབ་མཁན་ཀོང་རེ་སི་ཡིན་ན་འདྲ་བྷེ་ཇེ་པི་ཡིན་ན་འདྲ། ང་ཚོར་ཕན་པའི་ཆ་ཅན་རེ་ཡིན་ཚེ། ཕན་པའི་ཆ་ཅན་དེ་མཇུག་སྐྱོང་ལག་བསྟར་ཡོང་པར་བསམ་བློ་གཏོང་དགོས་པ་དང་ཤུགས་གནོན་རྒྱག་རྒྱུ་དེ་འབྲས་བུར་བལྟ་བའི་ལས་དོན་གལ་ཆེ་ཤོས་དེ་རེད། གཞན་དགོས་མེད་ཀྱི་སྐད་ཆས་ཅི་ཕན།

    ཐེངས་འདིར་མཚོན་ན། ཀོང་རེ་སི་ཡིས་གཞུང་ཡིག་དེ་འདྲ་ཞིག་བསྒྲགས་པ་མ་ཟད། མངའ་སྡེ་སོ་སོར་བཀའ་རྒྱ་བཏང་པ་དེ་དངོས་ཡོད་རེད། དེ་ཡིན་དུས། བྷེ་ཇེ་པི་ཡིས་ལག་བསྟར་བྱ་མིན་ལ་སྒུག་སྡོད་རྒྱུ་དེ་མ་རེད། ཀོང་རེ་སི་ཡིས་བསྒྲགས་པ་དེ་གཞུང་ཡིག་ཡིན་པ་ལས་འོས་མི་བྱེ་བྲག་པ་ཞིག་གི་ཁས་ལེན་ཡིག་ཆ་མིན་སྟབས། ད་ལྟའི་གཞུང་འཛིན་བྷེ་ཇེ་པི་ལའང་ད་སྔའི་གཞུང་ཡིག་ལ་བདག་པོ་རྒྱག་དགོས་པ་དང་། ལག་བསྟར་དུ་འཁྱོལ་བར་བྱ་དགོས་པའི་ཕྱོགས་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། མངའ་སྡེ་ཁག་ཏུ་ཡོད་པའི་བོད་མིའི་གཞིས་ཆགས་དག་གིས་སོ་སོའི་མངའ་སྡེ་གཞུང་བཅའ་ལ་གཞུང་ཡིག་དེ་ལག་བསྟར་ཡོང་བར་བྱ་བའི་ལམ་ཁ་མེད་པ་མ་རེད།

    Reply
  3. ལྗང་གཞོན། says:
    ལོ་ 12 སྔོན།

    ” ༢༠༡༣ ལོའི་ཟླ་ ༨ པའི་ནང་རྒྱ་གར་ལྷོ་ཕྱོགས་ཀཱ་ཎཱ་ཀྲ་ཁཱ་མངའ་སྡེའི་བོད་མི་ཞིག་གིས་ཀཱ་ཎཱ་ཀྲ་ཁཱ་མཐོ་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ་མི་སེར་གྱི་ཐོབ་ཐང་ལག་འཁྱེར་བླངས་ཡོད་འདུག་” ཅེས་པ་ལས་བོད་མི་ཁོང་སུ་ཡིན་གྱི་མིང་སོགས་ཁ་གསལ་མི་འདུག་ལ། དེ་སྔོན་ཀྱང་བརྒྱུད་ལམ་ཁག་ནས་བོད་མི་ཞིག་གིས་ཞེས་པ་ཙམ་ལས་མིང་གསལ་ཁ་བཏོན་མ་སོང་། དོན་ངོ་མར་བོད་མི་ཁོང་སུ་ཡིན་མིན་རྩད་གཅོད་ཞིབ་འཇུག་བྱ་རྒྱུར་འགན་མ་ཁུར་བ་རེད་དམ། ཡང་ན་དངོས་ནས་མ་ཤེས་པ་རེད། དེ་མིན་རྒྱུ་རྐྱེན་གཞན་ཞིག་རེད་དམ།

    རྒྱུད་ལམ་ཁག་གིས་གནས་ཚུལ་ཁ་གསལ་མ་བཏོན་པའམ་རྩད་གཅོད་ཁ་གསལ་བྱ་རྒྱུར་འགན་མ་ཁུར་བ་ཡིན་ཚེ་དངོས་གནས་ཐབས་སྐྱོ་བོ་རེད། དེ་མིན་གྱི་རྒྱུ་རྐྱེན་གཞན་གང་ཡིན་ཡིན་ཡང་། ང་ཚོས་མིན་པ་ཞིག་ཡིན་པར་སྒྲུབ་མི་རུང་ལ་ཡིན་པ་ཞིག་མིན་པའི་ཚུལ་དུའང་འཇོག་མི་རུང་། གཞན་དངོས་གནས་མ་ཤེས་པ་ཡིན་ན། སྔ་ལོ་རྒྱ་གར་ལྷོ་ཕྱོགས་ཀཱ་ཎ་ཌ་ཁཱའི་ཁྲིམས་ཁང་ནས་རྒྱ་གར་མི་སེར་ལག་འཁྱེར་རག་མཁན་ཁོང་སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་རེད།

    Reply
  4. མི་ཆུང་། says:
    ལོ་ 12 སྔོན།

    ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ཀོང་རེ་སིས་གཞུང་འཛིན་བསྐྱངས་ཡོད། རྩ་ཁྲིམས་ནང་ཡོད་པའི་ཐོབ་ཐང་དག་ཀྱང་མངོན་པར་མི་གསལ་བར་བཞག་ཡོད། ལོ་རབས་བརྒྱ་བཅུའི་ནང་གོང་ས་མཆོོག་ཕྱི་ཕྱོགས་སུ་ཕེབས་པར་ཡང་སྐུ་ངལ་འཕྲད་ཡོད། དེའི་དྲིན་ནི་དེ་སྔོན་བི་ཇི་པི་དུས་ཐུང་ནང་ཐོབ་པའི་རྒྱལ་ཁ་ཞིག་རེད། ད་ཆ་ཁོང་ཚོས་འབྱུང་འགྱུར་ལ་འཆར་ག྄ཞི་ཞིག་སྐྲུན་གྱིན་ཡོད།

    Reply
  5. ཕུན་ཚོགས་བཀྲ་ཤིས། says:
    ལོ་ 12 སྔོན།

    ཀོང་རེ་སི་ཚོགས་པའི་ཆབ་སྲིད་འཁྲབ་ཀྱི་ཡོད་པ་མ་རེད་དམ། སྤྱི་ལོ་ ༢༠༡༤ ་ཟླ་ ༤ ་དང་ ༥ ་པ་གཉིས་རྒྱ་གར་རྒྱལ་ཡོངས་ནང་འོས་བསྡུའི་འགྲན་རྩོད་ཤུགས་ཆེན་འགྲོ་བཞིན་པའི་ཁ་ཐུག་རེད། ཆབ་སྲིད་ཚོགས་པ་ཚོས་སོ་སོར་འོས་འཐོབ་ཐབས་ལ་སྲིད་ཇུས་དང་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བྱེད་ཀྱི་ཡོད་པ་རེད། རྒྱ་གར་གཞུང་གིས་འདས་པའི་ལོ་ངོ་ ༥༠ ་ལྷག་རིང་བོད་པ་སྐྱབས་བཅོལ་བ་ཚོ་མ་མཐོང་ནས་ཤི་སོང་བ་རེད་དམ། ལྷག་པར་དུ་ཀོང་རེ་སི་གཞུང་གིས་འདས་པའི་ལོ་ངོ་བཅུ་གྲངས་ལ་གཞུང་འཛིན་སྐྱོང་བྱས་པའི་རིང་གཉིད་ཁུག་སོང་བ་རེད་དམ། གང་ལྟར་གླེང་སློང་ཙམ་བྱུང་བ་དེ་ཡག་པོ་རེད། མ་འོངས་པར་བོད་པ་སྐྱབས་བཅོལ་བ་ཚོས་བརྡ་འདེད་གཏོང་ས་དང་དྲན་སྐུལ་བྱེད་ས་ཡོད་པ་ཙམ་ཞིག་བཟོས་པ་རེད་བསམ་གྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese