མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ལ་ལྐོག་གསོད་ཀྱི་ཉེན་ཁ་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་པའི་གཡུལ་འགྱེད་ཆེན་མོའི་དེའི་ཁྲོད། སྲིད་འཛིན་ཞི་ཅིན་ཕིན་དང་སྒྲིག་ཁྲིམས་ཞིབ་བཤེར་འགན་འཛིན་ཝང་ཆི་ཧྲན་གཉིས་ལ་ལྐོག་གསོད་ཀྱི་ཉེན་ཁ་འབྱུང་སྲིད་པ་དང་། དམག་ཕྱོགས་ནས་གྱེན་ལོག་དང་ཟིང་ཆ་སློང་སྲིད་པའི་སྐོར་ལ། ཆབ་སྲིད་དཔྱད་བརྗོད་པ་ཚོས་དབྱེ་ཞིབ་དང་ཚོད་དཔག་སྣ་ཚོགས་བྱེད་བཞིན་ཡོད་འདུག

ཉེ་ཆར་རྒྱ་ནག་གི་རྩོམ་པ་པོ་ཧོང་ཙི་ཡོའུ་ (Huangzi You)ཡིས་ཆབ་སྲིད་སྐོར་གྱི་འཕྲུལ་དེབ་ “ཞི་ཅིན་ཕིན་སུས་ལྐོག་གསོད་བྱེད་སྲིད་དམ།” ཞེས་པ་ཞིག་དྲ་ཐོག་ཏུ་སྤེལ་བ་དང་བསྟུན་ཏེ། རྒྱ་ནག་ཕྱི་ནང་གི་ཆབ་སྲིད་དཔྱད་བརྗོད་པ་ཚོས་སྲིད་འཛིན་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་ལས་འགུལ་དེར་འགོག་རྐྱེན་གང་དག་འཕྲད་སྲིད་མིན་དང་། ཁོ་རང་གི་བདེ་འཇགས་ཐད་གནོད་སྐྱོན་གང་འདྲ་འབྱུང་སྲིད་མིན་སྐོར་ལ་དབྱེ་ཞིབ་མང་པོ་བྱས་འདུག་ལ། དེ་སྔོན་ཧོང་ཀོང་གི་གསར་ལམ་ཁག་ཅིག་ཏུའང་ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་སྔོན་ཆད་ལྐོག་གསོད་བྱེད་རྩིས་བྱས་པའི་གནས་ཚུལ་མང་པོ་ཞིག་རིམ་བསྟུད་དུ་ཐོན་ཡོད།

འཕྲུལ་དེབ་དེའི་ངོ་སྤྲོད་ནང་། སུ་ཞིག་གི་དབང་ཚད་ཀྱིས་ཞི་ཅིན་ཕིན་ལྐོག་གསོད་བྱེད་སྲིད་པ་དང་། གནོད་སྐྱོན་ཇི་ལྟར་བཟོ་སྲིད་པའི་འགྲེལ་བ་མེད་ཀྱང་། རྩོམ་པ་པོས་སྔོན་ཆད་རྒྱ་ནག་གི་མགོ་ཁྲིད་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་སྐབས། ཁོས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་མང་པོ་ལ་ཕོག་ཐུག་བཏང་ཡོད་སྟབས། ཀུང་ཏོན་ཞིང་ཆེན་ས་གནས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཚོས་དམག་མིའི་ཟིང་འཁྲུག་བསླངས་མྱོང་བ་སོགས་ལ་ཞིབ་སྡུར་བྱས་ཏེ། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཀྱང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་ཡུལ་ཐོག་མ་དེ་ཏང་གི་མཐོ་རིམ་དཔོན་རིགས་དང་དམག་སྡེ་དཔུང་ཁག་གི་སྟག་རྒན་ཚོ་ནས་མགོ་བཙུགས་ཡོད་སྟབས། མཐའ་མཇུག་ཏང་ཕྱོགས་ནས་གྱེན་ལོག་བྱེད་སྲིད་པ་དང་། དམག་དཔུང་གིས་ཟིང་ཆའང་བསླང་སྲིད་པ། ཡང་ན། ཞི་ཅིན་ཕིན་ལྐོག་གསོད་ཀྱི་ཉེན་ཁའང་ཡོད་སྲིད་པ་སོགས་བརྗོད་འདུག

ཟླ་སྔོན་མའི་ཟླ་མཇུག་ལ་ཞིན་ཐང་རིན་ཞེས་པའི་དྲ་ཚིགས་སྟེང་། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བཞིན་པ་དེར་ཁ་ཕྱོགས་ངེས་མེད་ཡིན་པ་དང་། དཔོན་ངན་ཚོ་ཡིབ་ཐབས་མེད་པ། སྟག་རྒན་ཅི་ཙམ་མང་ཡང་ཞིབ་བཤེར་འཛིན་བཟུང་ཕྱི་བཤོལ་མི་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། དེ་བཞིན་དུ་ལག་བསྟར་དོན་འཁྱལ་ཡང་བྱེད་བཞིན་ཡོད་ཀྱང་། མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེའི་སྐབས་མཐོ་རིམ་དཔོན་རིགས་ལ་ཕོག་ཐུག་བཏང་པ་དང་། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་རྒོལ་རྡུང་ལས་འགུལ་ཁྲོད་མཐོ་རིམ་དཔོན་རིགས་ལ་ཕོག་ཐུག་བཏང་པ་གཉིས་ཀྱི་མི་འདྲ་བའི་ཐད། རྒྱ་ནག་གི་ཆབ་སྲིད་དཔྱད་ཞིབ་པ་ཝང་ཁོན་ (Wang Kun)གྱིས་འདི་ལྟར་བརྗོད་འདུག ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ཀྱིས་ལྐོག་ཟ་རུལ་སུངས་རྒོལ་རྡུང་ལས་འགུལ་མགོ་མ་བཙུགས་སྔོན་ལ། ཁོ་གཉིས་ལ་ལྐོག་གསོད་ཀྱི་ཉེན་ཁ་ཡོད་མེད་དང་། གྱེན་ལོག་གི་གནས་ཚུལ། ཡང་ན་དམག་ཕྱོགས་ནས་ཟིང་སློང་སྲིད་པ་སོགས་ལ་བསམ་བློ་བཏང་ཡོད་ཀྱང་། གནད་འགག་ཆེ་ཤོས་ནི་ཉེན་ཁ་སྔོན་འགོག་གི་བྱེད་ཐབས་ག་རེ་བཏོན་ཡོད་པ་དེ་རེད། འདས་པའི་ལོ་གཉིས་ལྷག་རིང་རུལ་སུངས་ལ་རྒོལ་རྡུང་གཏོང་ཕྱོགས་དང་ལག་བསྟར་སོགས་ལ་བལྟས་ཡོང་ན། ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ལྐོག་གསོད་བྱེད་ཐུབ་མེད་པ་མ་ཟད། ད་སྔ་སུ་གང་གིས་ཀྱང་ཁོ་གཉིས་ལ་གྱེན་ལོག་དང་ཟིང་སློང་ཐུབ་མེད་པར་གཞིགས་ན། ཁོ་གཉིས་ཀྱི་སྔོན་འགོག་བྱེད་ཐབས་ལ་རྒྱལ་ཁ་ཐོབ་ཡོད་པ་ར་སྤྲོད་བྱེད་ཐུབ་འདུག ཅེས་སོགས་འཁོད་འདུག

ཁོང་གིས་མུ་མཐུད་དུ། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་བཏང་པ་དང་། མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེ་སྐབས་དཔོན་རིགས་ཚོར་ཉེས་ཆད་བཅད་པ་གཉིས་བསྡུར་ན། སྔ་ཕྱི་གཉིས་ཀས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ལ་ཕོག་ཐུག་བཏང་བ་གཅིག་མཚུངས་ཡིན་པ་གང་ཞིག་ལ། དཔོན་རིགས་ཚང་མ་གུང་ཁྲན་ཏང་གི་དཔོན་རིགས་ཡིན་པའང་གཅིག་མཚུངས་ཡིན་ཡང་། དེ་གཉིས་ཀྱི་ངོ་བོ་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད། མའོ་ཙེ་ཏུང་གིས་མིའི་རིགས་ལ་ངོ་རྒོལ་བྱས་ཡོད་སྟབས། ཁོས་འཐབ་འཁྲུག་ཁྲོད་ཀྱི་དཔོན་རིགས་མང་པོ་ཞིག་ལ་མ་ཉེས་ཁ་ཡོག་གི་ནག་ཉེས་ཕོག་ཡོད་ཀྱང་། རྗེས་སུ་རིམ་གྱིས་ཉེས་མེད་ཉེས་འགེལ་ཐེབས་པའི་དངོས་ཡོད་གནས་ཚུལ་བདེན་པ་དག་སྐྱེལ་བྱས་ཡོད། འོན་ཀྱང་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་པ་ནི། མི་དམངས་ཀྱི་མངོན་འདོད་ལ་གནམ་གྱིས་གོ་སྒྲིག་བྱས་པ་བརྒྱུད་ནས་ལག་བསྟར་བྱས་པ་ཞིག་ཆགས་ཡོད།

ཞི་ཅིན་ཕིན་གྱིས་དཔོན་རིགས་ཚོ་ལ་རྒོལ་རྡུང་གཏོང་བཞིན་པ་དེ་གདམ་ཀ་རང་བཞིན་ཅན་ཞིག་ཡིན་ཡང་། མི་ཆོས་ཀུན་སྤྱོད་ལ་འོས་འཚམ་ཡིན་པ་མ་ཟད། ཁྲིམས་ལྟར་ལག་བསྟར་བྱས་ན་མ་ཉེས་ཁ་ཡོག་བྱས་པའི་གནས་ཚུལ་ཡང་མེད། ཉེས་ཅན་དཔོན་རིགས་མང་ཆེ་བར་སྲོག་ཁྲིམས་བཅད་ཀྱང་ཉེས་པ་མི་དག་མཁན་རྐྱང་རྐྱང་ཡིན་པ་མ་ཟད། འཛམ་གླིང་རྒྱལ་ཁབ་གང་གི་ཁྲིམས་ཁང་ནས་ཁྲིམས་གཅོད་བྱས་ཀྱང་། སྟག་ངན་ཚོའི་ནག་ཉེས་འདག་ཐུབ་མེད།

འོན་ཀྱང་། དེ་སྔོན་རུལ་སུངས་རྒོལ་རྡུང་ལས་འགུལ་ཁྲོད་རྙི་ནང་དུ་ཚུད་ཟིན་པའི་སྟག་རྒན་ཚོ་དང་། མ་འོངས་པར་ཞིབ་བཤེར་འོག་ཚུད་ངེས་པའི་དཔོན་རིགས་ཚོས་བཟོད་བསྲན་བྱེད་མི་ཐུབ་པ་གཅིག་ནི། རྒྱ་ནག་གི་དཔོན་རིགས་ཡོད་ཚད་ཀྱིས་ལྐོག་ཟ་བྱེད་བཞིན་པ་གཅིག་མཚུངས་ཡིན་ཡང་། “ང་” ཐེར་འདོན་བྱ་དགོས་དོན་གང་ཡིན་ནམ་ཞེས་པ་དེ་དཔོན་རིགས་ཡོངས་ཁྱབ་ཀྱི་སེམས་ཁམས་ལྟ་བུ་ཞིག་ཡིན། འོན་ཀྱང་དེ་ནི་འགྲོ་བ་མི་སྤྱི་མཚུངས་ཀྱི་རང་གཤིས་ཤིག་ཀྱང་ཡིན་སྲིད།

ཞི་ཅིན་ཕིན་དང་ཝང་ཆི་ཧྲན་ལྐོག་གསོད་དང་གྱེན་ལོག དམག་ཕྱོགས་ནས་ཟིང་སློང་ཐུབ་མིན་ཐད། ཝང་ཁོན་གྱིས། ཧོང་ཀོང་གི་བརྒྱུད་ལམ་ཁག་ཅིག་ལ་བལྟས་ན། ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ལ་དེ་སྔོན་ལྐོག་གསོད་ཀྱི་ཐབས་ཤེས་ཐེངས་མང་བྱས་ཡོད་ཀྱང་ལེགས་འགྲུབ་བྱུང་མི་འདུག གནས་སྟངས་དེ་ལ་བརྟེན་ཏེ་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་གྱོད་དོན་ཆེད་དུ་རུ་ཁག་གསར་བཙུགས་བྱས་ཡོད་པ་དང་། རུལ་སུངས་རྒོལ་རྡུང་གི་ལས་འགུལ་ཤུགས་ཆེ་རུ་བཏང་ཡོད་སྟབས། རུལ་སུངས་རྒོལ་རྡུང་ཁྲོད་ཀྱི་གནོད་སྐྱོན་སྔོན་འགོག་འཐུས་སྒོ་ཚང་བ་ཞིག་ཆགས་ཀྱང་། ད་དུང་ཁོ་གཉིས་ལ་ལྐོག་གསོད་ཉེན་ཁ་མེད་པ་མིན་ཡང་ལྐོག་གསོད་ཀྱི་གོ་སྐབས་སྔར་ལས་ཉུང་ཉུང་ཆགས་ཡོད།

གལ་སྲིད་ཞི་ཅིན་ཕིན་ལ་གྱེན་ལོག་བྱ་དགོས་ན། སྟག་རྒན་ཚོས་སྦ་གསང་མེད་པར་ཆབ་སྲིད་ཀྱི་བསྒྲགས་གཏམ་སྤེལ་ཏེ། གང་ཞིག་ལ་སྙད་འདོགས་བྱས་ཏེ་རང་ཉིད་སྲུང་སྐྱོབ་བྱ་དགོས། རང་ཉིད་ཀྱི་གནས་སྟངས་ལ་གཞིགས་ཏེ་གཞན་ལ་སྐད་ཆ་ཤོད་ཟེར་བའི་དཔེ་ལྟར། གལ་སྲིད་དཔོན་རིགས་ཚོས་ཞི་ཅིན་ཕིན་ལ་གྱེན་ལོག་བྱེད་དགོས་ན་རང་ཉིད་ཀྱིས་ལྐོག་ཟ་བྱས་པའི་གནས་ཚུལ་དྲང་པོར་བརྗོད་པ་ལས་ཐབས་གཞན་མེད། རང་གི་ལྐོག་ཟ་རུལ་སུངས་འགེབ་སྲུང་བྱས་ཏེ་གྱེན་ལོག་བྱེད་རྒྱུ་ཁག་པ་རེད།

གནས་ཚུལ་གཞན་ཞིག་ལ་ཁག་འདོགས་བྱས་ཏེ་གྱེན་ལོག་བྱེད་དམ། དཔེར་ན། དཔལ་འབྱོར་ཉམས་ཆག་དང་འགྲོ་བ་མིའི་ཐོབ་ཐང་། སྤྱི་ཚོགས་སྲ་བརྟན་སྲུང་སྐྱོང་སོགས་འབྱུང་སྲིད་དམ་ཞེས་ན། རྩ་བའི་དེ་ནི་ཐབས་ལམ་ཡག་ཤོས་ཤིག་ཡིན་ཡང་དེ་ལྟར་འབྱུང་བ་ཧ་ཅང་དཀའ་ལས་ཁག་པོ་ཡིན། གང་ཡིན་ཞེས་ན། རུལ་སུངས་དཔོན་རིགས་ཁོ་རང་ཚོ་ནི་དཔལ་འབྱོར་ཉམས་ཆག་གི་གཞི་མ་དང་། གཞན་གྱི་ཁེ་དབང་རྐྱང་རྐྱང་ཟ་མཁན་གྱི་ཉེས་ཅན། སྤྱི་ཚོགས་ལྷང་འཇགས་རྡོག་རོལ་གཏོང་མཁན་གྱི་འབྱུང་ཁུངས་ལྟ་བུ་ཆགས་ཡོད།

དམག་དཔུང་གིས་ཟིང་སློང་པའི་གནས་ཚུལ་ཡང་དཔོན་ངན་ཚོས་གྱེན་ལོག་བྱ་མི་ཐུབ་པ་དང་གཅིག་མཚུངས་རེད། གང་ཡིན་ཞེ་ན། དམག་དཔུང་གི་ཟིང་སློང་པ་ལའང་སྙད་འདོགས་བྱེད་ས་ཞིག་དགོས་པ་དང་། གལ་སྲིད་དམག་སྒར་ནང་གི་རུལ་སུངས་དཔོན་རིགས་ཚོས་རང་ཉིད་སྲུང་སྐྱོབ་ཆེད། ཁོ་ཚོའི་དམག་དཔུང་ལ་རྒྱལ་ཡོངས་དམག་དོན་འགན་འཛིན་ཞི་ཅིན་ཕིན་དང་། དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་འགན་འཛིན་ཝང་ཆི་ཧྲན་གཉིས་འཛིན་བཟུང་བྱ་དགོས་པའི་བཀའ་བཏང་ན་ཡང་དམག་མི་ཚོས་བཀའ་དང་ལེན་བྱ་མི་སྲིད། གང་ཡིན་ཞེ་ན། ལྐོག་ཟ་རུལ་སུངས་ཀྱིས་དམག་མི་ཚོའི་ཁེ་ཕན་ལའང་གནོད་སྐྱོན་ཕོག་གི་ཡོད་པ་ཤེས་རྟོག་བྱུང་ཡོད་པས་རེད།

དེར་བརྟེན། རུལ་སུངས་དཔོན་རིགས་ཚོས་ཁ་གཡར་ས་ཡག་པོ་ཞིག་འཚོལ་དགོས། དཔེར་ན། དེ་ནི་རྒྱལ་ཁབ་སྲུང་སྐྱོབ་བྱེད་པ་དང་གུང་ཁྲན་ཏུང་སྲུང་སྐྱོབ་བྱེད་པ། མི་རིགས་སྲུང་སྐྱོབ་བྱེད་པ་ལྟ་བུ་སོགས་ཡིན། དེ་ལྟར་བྱས་ཚེ་ཁོ་ཚོར་ལག་པ་འཆིང་ས་ཞིག་ཡོད་ནའང་ཁོ་ཚོས་དེ་ལྟར་བྱ་སྲིད་དམ། ལྐོག་ཟ་རུལ་སུངས་བྱེད་མཁན་དཔོན་རིགས་ཚོ་ནི་ “ཤོག་བུའི་སྟག་རྒན་” རྐྱང་རྐྱང་ཡིན་སྟབས། ཁོ་ཚོ་ལ་དེ་འདྲའི་སྙིང་སྟོབས་མེད་པ་མ་ཟད། གནའ་ནས་ད་བར་ལྐོག་ཟ་རུལ་སུངས་བྱེད་མཁཉ་དཔོན་རིགས་ཁྲོད་དུ། ཕ་རོལ་བོའི་ཡིད་འགུག་ཐུབ་མཁན་གྱི་མི་ནུས་འཇོན་ཅན་གཅིག་ཀྱང་བྱུང་མྱོང་མེད། ཅེས་སོགས་འཁོད་འདུག

རྩོམ་པ་པོ་ཧོང་ཙི་ཡོའུ་ཡིས་ཞི་ཅིན་ཕིན་ལ་གྱེན་ལོག་རྒྱག་པ་དང་དམག་དཔུང་གི་ཟིང་སློང་པ། ལྐོག་གསོད་བྱེད་པ་དག་ལས། ལྐོག་གསོད་ཀྱི་ཉེན་ཁ་ཆེ་ཙམ་ཡོད་པའི་སྐོར་གླེང་བའི་ནང་། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་བཏང་པའི་དབང་ཤུགས་ཀྱིས། རྒྱ་གཞུང་གི་དཔོན་རིགས་མང་པོ་ཞིག་ལ་རང་བཞིན་གྱིས་འཇིགས་སྣང་སྐུལ་ཡོད་སྟབས། གྱེན་ལོག་དང་དམག་གི་ཟིང་སློང་པ་ལས། ལྐོག་གསོད་ཀྱི་ཉེན་ཁ་ཆེན་པོ་ཡོད། ཅེས་བརྗོད་ཡོད།

དེར་བརྟེན། ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ལ་ལྐོག་གསོད་ཀྱི་ཉེན་ཁ་ལས་གཞན་པའི་ཉེན་ཚབས་མེད་དམ་ཞེ་ན། དེ་ཡང་མ་རེད། གོང་གི་དབྱེ་ཞིབ་ནི་ཏང་གི་ལྐོག་ཟ་རུལ་སུངས་བྱེད་མཁན་དང་། རུལ་སུངས་ལ་རྒོལ་རྡུང་གཏོང་མཁན་གཉིས་ཀྱི་གནས་ཚུལ་ཙམ་རེད། རྒྱལ་ཁབ་གྱི་ཁེ་ཕན་ཕྱོགས་དང་རྒྱལ་ཡོངས་མི་དམངས་ཕྱོགས་ནས་བལྟས་ན། ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ཀྱིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་པའི་དབང་ཤུགས་དང་བརྒྱུད་རིམ་ལ་ད་དུང་སྟོང་ཆ་མང་པོ་ལྷག་ཡོད་འདུག

ད་ལྟ་རྒྱ་ནག་ཕྱི་ནང་གཉིས་ཀྱི་དཔྱད་ཞིབ་པ་མང་པོ་ཞིག་གིས། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་པ་ནི་གདམ་ཀ་རང་བཞིན་ཅན་ཞིག་ཡིན་པ་དང་། གདམ་ཀའི་དམིགས་འབེན་གཙོ་བོ་ཅང་ཙི་མིན་དང་ཚིན་ཆིན་ཧོན་གཉིས་ཀྱི་དབང་ཤུགས་ལ་དམིགས་ཡོད་པ་མ་ཟད། དམིགས་འབེན་དེ་བརྒྱུད་ནས་ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ཀྱི་དབང་ཆ་བརྟན་པོ་ཡོང་རྒྱུའི་ཁེ་ཕན་ཡོད་ཀྱང་། ཞི་ཅིན་ཕིན་གྱིས་རྒྱ་ནག་སྤྱི་ཡོངས་ཀྱི་ལྐོག་ཟ་རུལ་སུངས་གྱོད་དོན་གྱི་རྩ་བ་འཛིན་ཐུབ་མེད་པ་མ་ཟད། རྒྱ་ནག་མི་དམངས་ལ་གནོད་སྐྱོན་ཐེབས་བཞིན་པའི་ལྐོག་ཟ་རུལ་སུངས་ཉེན་ཁ་ཆུང་དུའང་གཏོང་ཐུབ་མེད་སྟབས། གལ་སྲིད་ཉིན་ཞིག་རྒྱ་ནག་མི་མང་གིས་བཟོད་བསྲན་བྱེད་མ་ཐུབ་པ་དང་རྒྱ་ཡོངས་རང་བཞིན་གྱི་ཟིང་འཁྲུག་ཅིག་བསླངས་པ་ཡིན་ན། ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ནི་རྒྱ་ནག་གི་ཆབ་སྲིད་མི་སྣ་གཙོ་གྲས་དེ་ཡིན་སྟབས། ཁོ་གཉིས་ཀྱི་ཉེན་ཁ་འགོག་ཐབས་མེད། ཅེས་བརྗོད་འདུག

ཝང་ཁོན་གྱིས། ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ཀྱི་ཆེས་བློ་རིག་གསལ་བའི་གདམ་ཀ་ནི་གུང་ཁྲན་ཏང་འདོར་རྒྱུ་དེ་རེད། གལ་སྲིད་ཁོ་གཉིས་ཀྱིས་གུང་ཁྲན་ཏང་དོར་བ་ཡིན་ན། གུང་ཁྲན་ཏང་གི་ལྐོག་ཟ་རུལ་སུངས་ཀྱི་འབྱུང་རྩ་མེད་པར་བཟོ་ཐུབ་པ་མ་ཟད། རྫོགས་རྒྱུ་མེད་པའི་རྒྱ་ནག་ནང་ཁུལ་གྱི་རྙིག་འཛིང་དག་ཀྱང་རང་བཞིན་གྱིས་མེད་པ་ཆགས་འགྲོ་བ་རེད། ཅེས་བརྗོད་འདུག

ཉེ་ལམ་ཏཱ་ཅི་ཡོན་དྲ་ཚིགས་སྟེང་། ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ལྐོག་གསོད་ཀྱི་གནས་ཚུལ་བྱུང་པའི་ཁྲོད། ལོ་སྔོན་མར་པེ་ཏད་ཧི་ཚོགས་འདུ་༼ པེ་ཏད་ཧི་ཞེས་པ་ནི་རྒྱ་ནག་ཤར་ཕྱོགས་ཀྱི་ས་ཆ་ཞིག་ཡིན་ཞིང་། པེ་ཏད་ཧི་ཚོགས་འདུ་ཞེས་པ་དེ་ནི་ཕྱི་ལོ་ ༡༩༤༥ ལོ་ནས་མགོ་བཙུགས་ཡོད་འདུག དེ་ནི་རྒྱ་ནག་གུང་ཁྲན་ཏང་གི་མཐོ་རིམ་དཔོན་རིགས་ཚོས་དབྱར་སྐྱིད་དང་བསྟུན་ཏེ། རྒྱལ་ཁབ་ཀྱི་དོན་ཆེན་ཁག་ཐག་གཅོད་བྱེད་ས་ཞིག་ཡིན་འདུག བར་ལམ་པེ་ཏད་ཧིའི་ཚོགས་འདུའི་ཁ་ཕྱོགས་གཙོ་བོ་དེ་རྒྱ་ནག་ནང་གི་ལྐོག་ཟ་རུལ་སུངས་རྡུང་རྡེག་གི་གནད་དོན་དེ་ཆགས་ཡོད་པ་རེད།༽སྔ་རྗེས་ལ་ཀྲུའུ་ཡོན་ཁང་གིས་ཉུང་མཐར་ཞི་ཅིན་ཕིན་ཐེངས་གཉིས་ལ་ལྐོག་བྱེད་གཏོང་རྩིས་བྱས་ཚུལ་འཁོད་འདུག པེ་ཏད་ཧི་ཚོགས་ཁང་ནང་ལ་འགད་རྫས་བཞག་པ་དང་། པེ་ཅིན་ ༣༠༡ སྨན་ཁང་དུ་ཞི་ཅིན་ཕིན་གྱི་གཟུགས་པོར་བརྟག་དཔྱད་བྱས་སྐབས་དུག་ཁབ་རྒྱག་རྩིས་བྱས་ཡོད་པ་བཅས་དང་། ཝང་ཆི་ཧྲན་གྱི་རླངས་འཁོར་རུ་ཁག་ཅིག་ལ་ལམ་བར་ནས་ཆག་སྐྱོན་སོགས་མེད་པར་མེ་འབར་བའི་གནས་ཚུལ་བྱུང་ཡོད་པ་དང་། རླངས་འཁོར་ཁོར་ལོའི་གཅུ་གཟེར་ལྷོད་པ་དང་། ལོ་སར་སྐབས་དུག་རྫས་ (KCN)ཅན་ཡོད་པའི་འཚམས་འདྲིའི་ཤོག་རྟགས་འབྱོར་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད། ཅེས་སོགས་འཁོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༤ ཉིན། ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་ཀྱིས་ཧོང་ཀོང་གི་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན། ༢༠༡༣ ལོའི་ལོ་མཇུག་ཅིག་ལ། ཝང་ཆི་ཧྲན་ཅང་ཞཱི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་སོགས་སུ་གཞུང་དོན་དུ་བསྐྱོད་སྐབས། སྔོན་ཆད་དམག་སྒར་ནས་ཕྱིར་ཕུད་བཏང་བའི་ལག་དམར་གཉིས་ཀྱིས་གྲོང་གསེབ་པའི་ལ་བ་གྱོན་ཏེ། ཝང་ཆི་ཧྲན་ལ་ཞུ་གཏུག་ཡི་གེ་སྤྲོད་པའི་གོ་སྐབས་དང་བསྟུན་ཏེ་ཝང་ཆི་ཧྲན་ལྐོག་གསོད་བྱེད་རྩིས་བྱས་སྐབས། བདེ་སྲུང་དམག་མིས་ཤེས་རྟོག་བྱུང་ཡོད་པ་དང་། དེ་མ་ཐག་ཉེས་ཅན་པ་དེ་གཉིས་ཀྱིས་རང་སྲོག་གཅོད་རྩིས་བྱས་ཡོད་ཀྱང་། ལེགས་འགྲུབ་མ་བྱུང་བར་འཛིན་ཐེབས་ཡོད། ཅེས་བརྗོད་འདུག

པའོ་ཞིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། གོ་གནས་ཕབ་པའི་ཞིང་ཆེན་རིམ་པའི་དཔོན་རིགས་ཅིག་གི་ཁྱིམ་གྱི་གནས་ཚུལ་ཤེས་རྟོག་བྱུང་བར། མི་ཁ་ཤས་ཀྱིས་ལྐོག་ནས་ཨ་རིའི་རྒྱལ་ཁབ་ཀྱིས་བཟོས་པའི་ལྐོག་གསོད་མེ་མདའ་ (sniper rifle) ཉོ་རྒྱུ་གོ་སྒྲིག་བྱས་ཏེ་འཁོན་ལན་སློག་རྩིས་ཡོད་སྟབས། འདས་པའི་ལོ་ཕྱེད་རིང་ཞི་ཅིན་ཕིན་ཕྱིར་སྐྱོད་ཀྱི་བདེ་སྲུང་དམག་མི་ཇེ་མང་དུ་བཏང་ཡོད་པ་དང་། ཞི་ཅིན་ཕིན་གྱིས་དུས་རྒྱུན་རྒྱ་ནག་གི་ནུས་རྩལ་རྩེ་ཕུད་ཀྱི་དམིགས་བསལ་སྐུ་སྲུང་པ་ཁྲིད་ཡོད་པ་མ་ཟད། ཕྱི་རོལ་གྱི་མཛད་སྒོ་སོགས་སུ་སྐྱོད་སྐབས། ས་གནས་དེ་ཁུལ་གྱི་ཉེན་འགོག་སྒྲིག་ཆས་ཧ་ཅང་འཐུས་སྒོ་ཚང་བ་བཀོད་སྒྲིག་བྱེད་བཞིན་ཡོད་པ་དང་། ཞིང་ཆེན་རིམ་པའི་དཔོན་རིགས་གཞོན་པ་རྣམ་ལའང་ཞིབ་བཤེར་རྟོག་ཞིབ་བྱེད་བཞིན་ཡོད་འདུག

འདས་པའི་ལོ་གཉིས་རིང་། ལྐོག་ཟ་རུལ་སུངས་རྒོལ་རྡུང་ལས་འགུལ་ཁྲོད་རྙི་ནང་དུ་ཚུད་པའི་དཔོན་རིགས་ཚོའི་ནང་མི་བཙོན་བཅུག་དང་། འབྲེལ་ཡོད་དཔོན་རིགས་ཚོས་རང་ཤི་རྒྱག་པའི་གནས་ཚུལ་མང་དག་ཅིག་རིམ་བསྟུད་དུ་འབྱུང་བཞིན་ཡོད་སྟབས། ད་ལྟའི་ཐབས་ཟད་འུ་ཐུག་གི་གནས་སྟངས་འདི་འདྲའི་འོག་ཏུ། ཁྱོད་ཤི་ང་གསོན་གྱི་བསམ་བློ་དེ་རུལ་སུངས་དཔོན་ངན་ཚོར་མི་འཁོར་རང་འཁོར་གྱི་གནས་སྟངས་ཆགས་ཡོད། ཅེས་བརྗོད་འདུག

ཧོང་ཀོང་གི་ཤར་ཕྱོགས་དྲ་བའི་སྟེང་གི་རྩོམ་ཡིག་ཅིག་ཏུ། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་སྟངས་འདི། “ཆུ་ངོགས་གཏམ་རྒྱུད་”ནང་གི་ཝའོ་སོན་གྱིས་སྟག་གསོད་སྟངས་དང་ཧ་ཅང་འདྲ་བོ་ཡོད། དེ་ནི་ཝའོ་སོན་ཐོག་མར་ཆིན་ཧི་རྫོང་དུ་གཉེན་ཉེ་ལ་ཐུག་འཕྲད་བྱེད་དུ་སྐྱོད་པའི་ལམ་བར་དུ། ཅིན་ཡཱང་རི་བོ་ནས་སྟག་ལ་འཕྲད་ཡོད་པ་དང་། སྟག་དེས་ཁོ་རང་ཟ་རྒྱུའི་ཉེན་ཁར་ཐུག་སྐབས། ཁོས་རང་ཉིད་སྲུང་སྐྱོབ་ཆེད་སྟག་ལ་ཕར་རྒོལ་བྱས་ཏེ། མཐའ་མཇུག་སྟག་གསོད་ཐུབ་པ་བྱུང་བ་མ་ཟད། ཁོ་རང་ལའང་དཔལ་རྒོད་ཀྱི་མཚན་སྙན་ཐོབ་པ་རེད། འོན་ཀྱང་། ཐོག་མར་ཁོའི་བསམ་བློའི་ནང་དུ་གྲ་སྒྲིག་མེད་པའི་ཞན་སྐྱོན་ཁ་ཤས་ཡོད་པ་ནི། དང་པོ། ཁོས་ཐོག་མ་རི་མགོ་དེར་སྟག་ཡོད་པར་ཡིད་ཆེས་བྱས་མེད་པ་དང་། གཉིས་པ། ཁོ་རང་སྟག་ལ་དངོས་སུ་ཐུག་རྒྱུ་ཡིན་པ་བསམ་བློར་ཡང་འཁོར་མེད། གསུམ་པ། སྟག་རྒན་ལ་དེ་འདྲའི་སྟོབས་ཤུགས་དང་གཏུམ་སྤྱོད་ཆེ་བའང་དྲན་མེད་པ་སོགས་རེད།

ཐེངས་འདིར་ཞི་ཅིན་ཕིན་གྱིས་རུལ་སུངས་ལ་རྒོལ་རྡུང་བཏང་སྟེ་སྟག་རྒན་འཛིན་བཟུང་བྱས་པ་དེ་ཡང་ཝའོ་སོན་གྱིས་སྟག་བསད་པ་ལྟར། ཞི་ཅིན་ཕིན་གྱིས་ཚད་མཐོ་ས་ནས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་གི་ཡོད་ཀྱང་། དོན་དངོས་སུ་ཁོས་སྔོན་དཔག་བྱས་པ་དང་ད་ལྟའི་གནས་སྟངས་དངོས་གཉིས་ལ་བར་ཐག་ཆེན་པོ་ཡོད། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་མཁན་ཚོས་ལས་འགུལ་དེའི་ཁྲོད་དེ་འདྲའི་ཚབས་ཆེན་གྱི་གནས་ཚུལ་འབྱུང་སྲིད་པའི་ཚོད་དཔག་བྱས་མེད་ལ། དེ་འདྲའི་མཐོ་རིམ་དཔོན་རིགས་ཁྲོད་དུ་ལྐོག་ཟ་རུལ་སུངས་ཚབས་ཆེན་ཡོད་པའང་དྲན་མེད། ལྐོག་ཟ་བྱེད་མཁན་གྱི་དཔོན་རིགས་དེ་དག་ལ་དེ་འདྲའི་སྟོབས་ཤུགས་དང་དབང་ནུས་དང་། རྒྱབ་ཏུ་དཔུང་ཚོགས་ཡོད་པའང་དྲན་ཡུལ་དུ་འཆར་མྱོང་མེད་སྟབས། ཞི་ཅིན་ཕིན་གྱིས་རུལ་རྒོད་ལས་འགུལ་གཏིང་ཇེ་ཟབ་ཏུ་གཏོང་དགོས་པ་མ་ཟད། རུལ་སུངས་སྟག་རྒན་ཚོ་དང་སྲོག་རྡོས་ཀྱིས་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་བྱེད་རྒྱུ་དེར་གཡོལ་ཐབས་མེད་པའི་གནས་སྟངས་ཤིག་ཀྱང་ཆགས་ཡོད། ཅེས་སོགས་འཁོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. མཁར་སྟོད། says:
    ལོ་ 11 སྔོན།

    རྒྱ་ནག་ནང་གི་ལྐོག་ཟ་རུལ་སུངས་ལ་ཁ་གཏང་བཅོག་པའི་ལས་འགུལ་ནི་དོན་ངོ་མ་ཁྱོད་ཤི་ང་གསོན་གྱི་དམག་འཁྲུག་གཅིག་དང་། ཕ་ཐོག་གི་ཤ་འཁོན་བུ་ཐོག་གིས་ལེན་པའི་འཁྲབ་ཚན་ཞིག་རེད། ང་ཚོས་ཤེས་གསལ་ལྟར་སྤྱང་ཁྱུའི་ནང་ལུག་ཤ་མི་ཟ་བའི་སྤྱང་ཁྱི་གཅིག་ཀྱང་མེད་པ་ལྟ་བུ་གུང་ཁྲན་ཏང་གི་ནང་ལ་ལྐོག་ཟ་རུལ་སུངས་མ་བྱེད་མཁན་སུ་ཞིག་ཀྱང་མེད། ཞིའི་ཡིས་དེ་ལྟར་ལྐོག་ཟ་རུལ་སུངས་ལ་ཁ་གཏད་བཅོག་པའི་ལས་འགུལ་ནི་ཁོའི་དབང་ཆ་ལོག་པར་བེད་སྤྱོད་བྱས་པ་ལས་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་འདོད་བློ་སྐོངས་ཐུབ་པའི་ལས་འགུལ་ཞིག་གཏན་ནས་མིན། ་གལ་སྲིད་རྒྱལ་ཁབ་བརྟན་གླིང་དང་མི་དམངས་བདེ་འཁོད་ལ་དམིགས་ན་ཨང་དང་པོ་གུང་ཁྲན་ཏང་ཞེས་པའི་སྒྲིག་འཛུགས་འདིའི་ཚབ་ཏུ་མང་གཙོ་རང་བཞིན་ཅན་གྱི་སྒྲིག་འཛུགས་ཤིག་འཛུགས་དགོས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese