ཨ་རི་ནས་ཡོང་བའི་བོད་མི་རྒན་པ་ཞིག་ཏོག་དབྱིབས་ནད་ཡམས་ཀྱིས་འདས་གྲོངས་སུ་ཕྱིན་ཡོད་སྐོར་བསྒྲགས་འདུག
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རི་ནས་ལྡི་ལི་དང་། དེ་ནས་ཕྱི་ཚེས་ ༢༡་ཉིན་དྷ་རམ་ས་ལར་འབྱོར་པའི་རང་ལོ་༦༩་ཅན་གྱི་བོད་མི་བསྟན་འཛིན་ཆོས་འཕེལ་ཞུ་བ་ཞིག དེ་རིང་ཌན་ཊ་སྨན་ཁང་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། སྔོན་འགྲོའི་བརྟག་དཔྱད་ནང་ཏོག་དབྱིབས་ནད་རྟགས་ཐོན་ཡོད་སྐོར་བསྒྲགས་འདུག
རང་ལོ་ ༦༩་ཡིན་པའི་བོད་མི་བསྟན་འཛིན་ཆོས་འཕེལ་ལགས་ནི་ཧི་མ་ལ་ཡ་མགྲོན་ཁང་གི་སྦྱིན་བདག་ཡིན་འདུག་ལ། དེ་རིང་འདས་པོ་ཁོང་གི་བུ་ཡིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་དུ། ཁྱེད་ཚོས་རང་གི་རྒན་པ་དང་བྱིས པ་རྣམས་ཀྱི་བདེ་འཇགས་ལ་དོ་འཁུར་གནང་རོགས། ནད་འབུ་འདི་ཁོང་ཚོར་ཉེན་ཁ་ཧ་ཅང་ཆེ། ངས་རང་གི་རྩ་ཆེའི་མི་ཞིག་ནད་འབུ་འདིའི་རྐྱེན་པས་བོར་སོང་། ཚང་མས་བདེ་འཇགས་ལ་ཡིད་གཟབ་གནང་རོགས། ཞེས་བོད་མི་ཚོས་ཡིད་གཟབ་དགོས་པའི་འབོད་སྐུལ་བྱས་འདུག་ལ། བོད་མི་མང་པོས་ཁོང་དང་ཁོང་གི་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་འོག་མཆན་རྒྱག་བཞིན་འདུག
གསར་འགོད་པ། པ་སངས་ཚེ་རིང་།